ཞེ་ཐོགས་བྱམས་པའི་མདུན་རྒྱབ།

ཞེ་ཐོགས་བྱམས་པའི་མདུན་རྒྱབ།

ཟར་མ།   (འཛི་སྐ།)
ཀ༽
       གདོང་བ་དམུལ་དམུལ་གྱིས་ཁོ་བོའི་ཞེ་རུ་ལང་ཚོ་ཡི་ཟིལ་བ་གཏོར།  ལྷིང་འཇགས་སམ་ས་སྲོད་དུ།    ཞེ་ཐག་ཉེ་བའི་ཚུལ་གྱིས་བུ་མོའི་ཚབ་ཏུ་དྲན་པ་མེ་རུ་བསྒྲོན།   སྲོད་དུས་ནི།  ཁྱོད་ཉིད་ཞེ་རུ་བསྟར་བའི་དུས་ཚིགས་ཡིན་ཏེ།  དྲན་པས་ཁྱོད་ཉིད་བཞེངས་སྐྲུན་བྱེད་ཀྱིན་མཚན་ཞག་གང་འུར་ཟིང་གིས་བཏང་།    རོལ་དབྱངས་ཤིག་གི་འགྲོས་དང་བསྟུན་ཏེ་ཁྱོད་ཉིད་སེམས་ཀྱི་ཟབ་ས་རུ་བྲིས།

 ཁ།༽
        ཞེ་ཐོགས་མ།   ཉིན་རྒྱུན་ཁྱོད་ནི་ངའི་ཐ་སྙད་ཀྱི་ཧྲག་བར་དུ་མཛེས་ཤིང་།   ཁེར་རྐྱང་གི་བར་སྣང་དུ་ལྷགས།   བདག་གི་རྣམ་ཤེས་ཀྱི་ཁ་ལོ་ཁྲིད་ནས་མུན་པར་བཏང་།   སེམས་ཀྱི་བདེ་སྣང་ཁྱེར་ནས་མེ་ལ་བསྒྲོན།   ཤུལ་དུ་ལུས་པའི་བེམ་རོ་ཉམ་ཐག་པར་ཁེར་ཧྲེང་གི་ཟླ་འོད་དང་འདྲེས་འདྲེས་སུ་བཅུག   ཁྱོད་ཉིད་སེམས་ཀྱིས་དཀྲོལ་གྱིན་པའི་རོལ་དབྱངས་སམ་དྲན་པའི་ངོས་ཀྱི་མཛེས་སྡུག་གོ།

 ག༽
       སྣང་བ་ཞིག་ལ།   ཁྱོད་ཉིད་ངའི་ཚེ་སྲོག་ལ་མཐུད་པའི་སྒྲོན་མེ་དམར་བོ་སྟེ།   ཞེན་པའི་འཕག་འཚག་རེ་རེས་ཁྱོད་ཉིད་ཞེ་རུ་ཕབ།  མིག་ཆུ་ལ་འདྲེས་པའི་ཁྱོད་ཀྱི་ལང་ཚོའི་དྲན་སྣང་རབ་ཏུ་མྱོས།   མཚན་ལྗོངས་རིང་མོ་བདག་གི་དྲན་པའི་སྟེགས་བུ་སྟེ།  ཁྱོད་ཉིད་རྨི་ལམ་དུ་བཞེངས་ལ།   མཁུར་འཛུམ་དང་འཇོ་སྒེག    མཛེས་སྡུག་གིས་སེམས་པ་བསྲོ།

ང་།༽
      སེམས་ཀྱི་ཡལ་ག་རེ་རེར་ཁྱོད་ཀྱིས་སྤྲས་ཕྱིན།   གདོང་བའི་འཛུམ་ལ་ཁྱོད་ཀྱི་ལྷད་འདྲེས་སོང་།    མཚན་མོའི་དབྱིངས་སུ་བསེར་བུ་གཡོལ་བ་དེས།  དྲན་པ་ཁུར་ནས་བསླེབས་བྱུང་།   ཟླ་འོད་བསིལ་མོས་འཇིགས་ཡེར་བའི་ཁེར་ཧྲེང་དུ་ཁྲིད།  ད་དུང་།   འདྲི་རྟགས་ཤིག་གི་ཁ་གཏད་དུ་བྱམས་པའི་མཛེས་སྡུག་བསྒྲེངས་ཡོད།

༢༠༡༨-༥-༢༢/ མཚན་མོར།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/10/6 བལྟ་ཀློག (2653)