ང་ཡི་མེས་པོ། མགར་ཁྲི་འབྲིང་ལགས།

ང་ཡི་མེས་པོ།  མགར་ཁྲི་འབྲིང་ལགས།


འབྲོང་ཚ་འགྲེང་བུ། 


སྟག་གི་གོང་སློག་གྱོན་པའི་དཔའ་བོའི་སྡེ་ཚན
མཚོ་ལ་ཁ་བ་བབས་པ་བཞིན་དུ་གཤེགས་སོང
གཡུ་ཡི་ཡིག་ཚང་ཁུར་བའི་མཛངས་པའི་སྡེ་ཚན
གངས་ལ་སེང་གེ་འགྲིམ་པ་བཞིན་དུ་བཞུད་སོང
བཙན་པོའི་སྙིང་སྟོབས་འཛིན་པའི་ཕྱི་རབས་པ་ཚོ
སྤང་ལ་མེ་ལྕེ་མཆེད་བཞིན་འབར་བ་སུས་མཐོང

ང་ཡི་མེས་པོ     མགར་ཁྲི་འབྲིང་ལགས
ཁམས་ཀྱི་གཡེར་མོ་ཐང་ན་བོད་ཀྱིས་རྒྱ་སྐད་སྨྲ་ཞིང
རྨ་ཆུའི་རྒྱ་ཁྲག་ཐང་ན་བོད་མིས་རྒྱ་ཆས་བྱེད
དཔའ་རིས་རྒྱ་དུར་ཐང་དུ་བོད་ལ་རྒྱ་མིང་ཐོགས་པ
ཁྱོད་ཀྱིས་མཐོང་བྱུང་ངམ

ལིང་ཅི་སྡེ་བཞི་དང་རྒྱ་ཡུལ་ཀེང་ཤི་སོགས་ན
གནམ་གྱི་ཁྲི་ལས་ཕབ་པའི་འཇིགས་པ་བརྗེད་འདུག
ཀྭ་ཆུ་དང་ཐོ་ཆུ   སི་ཆུ   ཟོང་ཆུ་སོགས་ནི
ཨན་ཞི་རྫོང་དང་ལེན་ཕན་རྫོང   
ཅིག་ཆོན་རྫོང་དང་ཟོང་ཕན་རྫོང་དུ་བཏགས་ཤིང
རྨ་ཆུ་དང་ཀླུ་ཆུ   རྫ་ཆུ་སོགས་ནའང
བོད་རྣམས་ནི་ཆང་མ་དང་སྒོ་སྲུང་གི་སྐྱེ་བ་ལེན་བཞིན་འདུག 

ང་ཡི་མེས་པོ   མགར་ཁྲི་འབྲིང་ལགས
ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་དུམ་བུར་ཆད་ཅིང
རྒོད་ཀྱི་སྟོང་སྡེ་དྲུག་ཅུ་སིལ་བུར་འཐོར
འབངས་ཀྱི་ཚལ་ཞིང་རྟ་དཀྱུས་ཀྱིས་གཅོད་ཀྱིན་པ་མཐོང་སོང་ངམ

ཡར་ཀླུང་ཡུམ་བུ་བླ་མཁར་དང་ལྷ་ས་ནོར་བུ་གླིང་ག་ནི
ཡུལ་སྐོར་གྱི་ས་ཚིགས་ཤིག་ཏུ་གྱུར་ཅིང
དབུས་ཀྱི་ཕོ་བྲང་དཀར་དམར་གྱི་མདུན་དུ
དཔུང་རྟགས་དམར་པོ་བརྒྱབ་པའི་སོ་སྲུང་པ་གཉིས་ལངས་སྡོད་པ
ཁྱོད་ཀྱིས་མཐོང་བྱུང་ངམ

ང་ཡི་མེས་པོ   མགར་ཁྲི་འབྲིང་ལགས
ཡབ་ཆེན་གྱི་གངས་རི་ལྕགས་ཀྱི་ལག་པས་བྲུས་ཤིང
ཡུམ་ཆེན་གྱི་སྤང་ལྗོངས་དུག་གི་རླངས་པས་བསླད
སུམ་ཉིས་ཁ་ལོ་བསྒྱུར་བའི་ལོ་རྒྱུས་ཀྱང
ལྷ་སྒྲུང་དང་གཏམ་རྒྱུད་ཙམ་དུ་སྣང་བའི་དེ་རིང
ངས་ཁྱོད་ཀྱི་ང་རྒྱལ་གྱི་དབུ་རྨོག་དྲན་ཡོང
སྙིང་སྟོབས་ཀྱི་གོ་མཚོན་དྲན་ཡོང

ང་ཡི་མེས་པོ  མགར་ཁྲི་འབྲིང་ལགས
ཁྱོད་ཀྱིས་རུ་ཆེན་ལྔ་ཡི་རྟ་དམག་གི་རྨིག་སྒྲས
ང་རང་གཉིད་ལས་སློང་རོགས
ཁྱོད་ཀྱིས་དཔའ་སྡེ་གསུམ་གྱི་སྐྱ་དམག་གི་ཀི་སྒྲས
ང་ལ་སྙིང་ཕུར་གདབ་རོགས

ང་ཡི་མེས་པོ   མགར་ཁྲི་འབྲིང་ལགས
ཁྱོད་ཀྱིས་ཕྱི་ཡུལ་དུ་འཁྱར་བའི་བདེན་པའི་བུ་ཆུང་ལ
རང་ཡུལ་དུ་ལོག་པའི་ལམ་ཞིག་སྟོན་རོགས

                    རྒྱལ་རབས་དེབ་ཐེར་དཀར་པོ་ཀློག་པའི་བར་སྐབས་ཀྱི་ཚོར་འདུ་དྲག་པོ་ཡིག་ངོར་ཕབ་པའོ།། 
                                  2018   9   18 ཉིན།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/10/21 བལྟ་ཀློག (2897)