བག་ཕེབས་པའི་གྲྭ་རྐྱང་གི་འཚོ་བ།

བག་ཕེབས་པའི་གྲྭ་རྐྱང་གི་འཚོ་བ།

ཐེ་བོ་དཀོན་སེང་།


ལན་ཆགས་བུ་ཕྲུག་གསོ་བའི་འཁྲལ་ལས་མེད།།
ཆུང་མའི་ངོ་འཛུམ་སྲུང་བའི་སེམས་འཁྲལ་མེད།།
ཁུམ་སིམ་ཆོས་རིག་འཛུམ་པའི་དགའ་ཚལ་དུ།།
རང་རྒྱུད་འདུལ་ལ་ཕྱོགས་པའི་གྲྭ་རྐྱང་སྐྱིད།།

དཔལ་འབྱོར་རྩོད་པའི་འགྲན་སེམས་མི་དགོས་ཤིང་།།
འཇིག་རྟེན་འགྲན་པའི་ཞེ་འཁོན་མི་དགོས་པར།།
རང་བློར་འཚམ་པའི་ཆོས་རིག་ཐོས་བསམ་གྱིས།།
མི་ཚེ་སྐྱེལ་བའི་གྲྭ་རྐྱང་ཨ་རེ་སྐྱིད།།

ཀླད་ཞོ་དཀྲུགས་པའི་ཚོང་ལས་སྣ་ཚོགས་དང་།།
རང་གཞན་གནོད་པའི་གཡོ་སྒྱུ་ཁྲམ་གསུམ་ལས།།
གང་ཡང་མི་དགོས་དབེན་དགོན་ཉམས་དགའ་བར།།
འཆམ་མཐུན་གནས་པའི་གྲྭ་རྐྱང་ཨ་རེ་སྐྱིད།།

རོང་བའི་སོ་ནམ་འབྲོག་པའི་ཕྱུགས་ལས་དག།
མ་བྱས་གདན་ཐོག་སྡེར་ཁའི་ཟས་ཞིམ་ལ།།
ཧབ་ཆ་དང་བཅས་ཅི་འདོད་རོལ་མཛད་པའི།།
གྲྭ་རྐྱང་འདི་ཚོའི་འཚོ་བ་ཨ་རེ་སྐྱིད།།

དབྱར་ཁའི་ཆར་ཆུས་རང་ལུས་མ་སྦངས་ཤིང་།།
དགུན་འཁྱགས་རུ་ཉུལ་ངལ་བ་མི་དགོས་པར།།
རང་ཤག་གྲུ་བཞིའི་ཕུག་ཏུ་དྲོད་ལྷམ་མེར།།
དཔེ་ཀློག་བརྩོན་པའི་གྲྭ་རྐྱང་ཨེ་མ་སྐྱིད།།

ཞིང་བས་ཞིང་ཚིགས་ཝ་ཁ་མཐུད་མཚམས་དང་།།
འབྲོག་པས་རྩྭ་ས་རྩོད་པའི་གྱོད་ནག་སོགས།།
མི་དགོས་སྒར་དང་དགོན་པའི་དགའ་ཚལ་ནས།།
གཏན་འདུན་སྒྲུབ་པའི་གྲྭ་རྐྱང་ཨ་རེ་སྐྱིད།།

སྐྱེས་གཟུགས་ལང་ཚོ་མེད་ཀྱང་འཁོན་ར་བྲལ།།
གསེར་དངུལ་རྒྱུ་འབྱོར་དབུལ་ཡང་གསོར་ཉམས་སྟེར།།
མདོ་རྒྱུད་རིག་པའི་དབྱངས་ཀྱི་འགྱུར་ཁུག་ཁྲོད།།
འདོད་རྒུའི་དཔལ་ལ་རོལ་བའི་གྲྭ་རྐྱང་སྐྱིད།།

མདོ་མེད་འཆལ་མོ་ཞིག་གིས་སྡིགས་དམོད་མེད།།
བུད་ལོན་ལངས་ཤོར་ཕྲུ་གུའི་ངུ་སྐད་མེད།།
བསླབ་གསུམ་འདབ་སྟོང་འཛུམ་པའི་དགའ་ཚལ་ན།།
བག་ཕེབས་གྲྭ་རྐྱང་འདི་ཚོ་ཉམས་རེ་དགའ།།

བག་མའི་གཉེན་སྟོན་བུ་ཡི་བཙས་སྟོན་སོགས།།
རྟགས་དང་སྟོན་མོའི་འགྲོ་གྲོན་མི་དགོས་པར།།
རང་ལ་ཅི་ཡོད་རང་གིས་སྤྱོད་ཆོག་པའི།།
གྲྭ་རྐྱང་འཚོ་བ་ཅི་འདྲའི་བག་ཕེབས་ཤིག།

ཕྱི་ཡི་ཁྱིམ་ལས་སྡིག་སྤྱོད་མ་མཆིས་ཤིང་།།
ནང་གི་བཟའ་འཛིང་རྙོག་དྲ་མི་དགོས་པར།།
བསུང་ཞིམ་སྤོས་དྲི་འཐུལ་བའི་དབེན་དགོན་དུ།།
བག་ཕེབས་འཚོ་བ་འདི་ལ་ཅིས་མི་དུང་།།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2018/10/23 བལྟ་ཀློག (5142)