བྱམས་བརྩེའི་བདག་མོ་ཨ་མ་དྲིན་མོ་ཆེ།

བྱམས་བརྩེའི་བདག་མོ་ཨ་མ་དྲིན་མོ་ཆེ།

དུང་ཞེན་ཉི་མ།           ཁམས་པ་འཇོ་མདའ།  

       འཇིག་རྟེན་འདིའི་ཐོག་གི་འགྲོ་བ་མི་ཀུན་པོ་ནི་ཨ་མ་དྲིན་མོ་ཆེ་ལས་སྐྱེས་ཤིང་ཨ་མ་དྲིན་མོ་ཆེའི་བྱམས་བརྩེས་བསྐྱངས་པ་ཤ་སྟག་ཡིན།  ཨ་མས་ཕྲུ་གུ་ཚོ་གཅེས་སྐྱོང་བྱས་པའི་གོ་རིམ་ནི་མངའ་དུ་ཆགས་པ་ནས་བཟུང་སྟེ་རང་ཉིད་འཆི་བ་ལ་མ་སླེབས་ཀྱི་བར་བསླད་མེད་ཀྱི་བྱམས་བརྩེ་དང་།   བཅོས་མིན་གྱི་འཛུམས་མདངས།    འཛད་མེད་ཀྱི་ངང་རྒྱུད་བཟང་པོས་སྐྱོང་བ་ཤ་སྟག་ཡིན།  ཐོག་མ་རང་གི་མངལ་དུ་ཕྲུ་གུ་ཆགས་སྐབས་ཟས་རིགས་སྣ་ཚོགས་པར་འཛེམ་པ་དང་།   གོས་བདེ་མིན་དང་ཡག་གཙོག་ལ་འཛེམ་དོགས་མེད་པར་མཐུག་པོའམ་འཇམ་པོའི་རིགས་གྱོན་པར་བྱེད།  འགྲོ་འདུག་ཉལ་སྤྱོད་དེ་སྤྱོད་ལམ་རྣམ་བཞིའི་སྐབས་སུའང་དལ་མོའམ་སེམས་ཆུང་དང་གཟབ་པར་བྱེད།

      ཨ་མ་ནི་ཕྲུ་གུ་སྐྱེས་ཟིན་དུས་ལངས་འདུག་མི་ཐུབ་པའི་ནད་པ་ཚབས་ཆེན་ཞིག་དང་གཅིག་མཚུངས་ཡིན་ན་ཡང་། ད་དུང་ཕྲུ་གུ་ལ་བལྟས་ནས་པང་དུ་ལེན་ཞིང་དྲོ་འཇམ་གྱི་ཤ་རྩར་སྦྱར་ནས་རུམ་མཁན་དང་།   ཞིམ་མངར་གྱི་ནུ་ཞོ་བསྣུན།  འཛུམ་པའི་ཞལ་རས་ཀྱིས་བསུ།    བརྩེ་བའི་མིག་གིས་ལྟ།    བྱམས་པའི་སེམས་ཀྱིས་སྐྱོང་།    གཅེས་པའི་མིང་གིས་འབོད་པར་བྱེད།

     ཨ་མས་འཛེམ་དོགས་ཅི་ཡང་མི་བྱེད་པར་ཕྲུ་གུའི་ཁ་སྣབས་དང་མཆིལ་མ་ཁ་ཡིས་འབྱེད།  མི་གཙང་བའི་གཅིན་སྐྱག་ལག་པས་ཕྱི།  ཕྲུ་གུའི་གཅིན་སྐྱག་གིས་བརྫས་པའི་མལ་སྟན་སོགས་དུས་རྟག་པར་ཨ་མ་ཁོ་ནས་བཀྲུ་དགོས།    ཕྲུ་གུས་ཨ་མ་ཉིན་གང་བོ་སོས་དལ་ངང་སྡོད་ཁོམ་ཅུང་ཙམ་ཡང་མི་སྟེར་ལ།  མཚན་མོ་ཡང་གཉིད་དུ་མི་བཅུག    ཨ་མས་ཁྱིམ་ལས་སོགས་ལས་སྐབས་ཕྲུ་གུས་ངུ་འབོད་བྱེད་ལ།  ཨ་མས་ཐོས་མ་ཐག་སེམས་ཀྱིས་མི་གཟོད་པར་པང་དུ་བླངས་ནས་ནུ་ཞོ་བསྣུན་པ་དང་དམར་དམར་གཅེས་གཅེས་བྱེད་ཞོར་ངུ་རུ་མི་འཇུག

     དུས་རྟག་པར་རང་ཁྱིམ་དུ་ཉིན་མཚན་དབྱེ་བ་མེད་པར་བུ་ཕྲུག་གི་གམ་དུ་ཨ་མ་འདུག་པ་ནི་དེ་རུ་གུ་ཡངས་སམ་ལྷིང་འཇགས་ཆེ་བས་མ་ཡིན་ལ་ཨ་མ་འཁྱམས་ཡངས་དང་ལྟས་མོ་ལ་མི་དགའ་བས་ག་ལ་ཡིན།    ཨ་མས་བུ་ཕྲུག་ལ་ཨ་མ་ཨ་ཕ་ཟེར་ནས་ཁ་བརྡའི་གོ་རིམ་ཞོར་དུ་ཡང་ཡང་སློབ།    ཕྲུ་གུ་གོག་པ་དང་ཙོག་གེ་ལངས་ཐུབ་དུས་ཨ་མ་རབ་ཏུ་དགའ་ནས་གོམ་པ་འདེགས་འཇོག་སོགས་སློབ་པར་བྱེད། གོམ་པ་སྤོ་ནས་འགྲོ་ཐུབ་ཚེ་ཨ་མ་སེམས་ཐག་ཆོད་པར་དགའ།    བསམ་ཡུལ་ལས་འདས་པ་ཞིག་ནི་ཨ་མ་རང་གི་མི་ཚེའི་ནང་རྩ་ཆེ་བའི་ཚེ་སྲོག་དང་ལུང་ཕུངས་ལ་འཛེམ་དོགས་མེད་པར་ཕྲུ་གུ་འཚར་ལོངས་འབྱུང་དུ་འཇུག་པ་ནི་སུ་ཡིས་རྟོགས་མི་ཐུབ། བཟོད་བསྲན་དང་སྙིང་རུས་ཀྱིས་བུ་ཕྲུག་གསོ་སྐྱོང་བྱས་པའི་གོ་རིམ་ནི་ཆེས་ལས་སླ་མོ་ཞིག་ག་ན་ཡིན་ཏེ་མ་ཡིན།   དེ་ནི་ཨ་མ་ལ་ཁེ་ཕན་ཡོད་པའི་ལས་ཀ་ཞིག་ག་ན་ཡིན་ཏེ་མ་ཡིན་པར་ཤེས་སླ། 

      ཨ་མ་ཁོག་རྒྱ་ཆེ་ལ་ཨ་མ་ཕྱི་ཐག་རིང་།   ཨ་མ་ལྷག་བསམ་ཆེ་ལ་ཨ་མ་ལ་རྒྱ་ཆེ།    ཨ་མ་སྙིང་སྟོབས་ཆེ་ལ་ཨ་མ་གཞན་ཕན་ཆེ།    ཨ་མས་འཇིག་རྟེན་བཞེངས་བསྐྲུན་ཐུབ་ལ་ཨ་མས་མི་ཡུལ་མཛེས་སྡུག་ལྡན་པར་བཟོ་ཐུབ།  ཨ་མས་མི་རིགས་ཀྱི་དགོས་མཁོ་བསྐང་ཐུབ་ལ་ཨ་མས་ཆོས་ལུགས་ལ་ཞབས་འདེགས་ཞུ་ཐུབ།  ཨ་མས་ཁྱིམ་ཚང་ལ་བདེ་སྐྱིད་བསྐྲུན་ཐུབ་ལ་ཨ་མས་བུ་རྒྱུད་ལ་བདེ་ཐང་སྤྲོད་ཐུབ།   ཨ་མ་ནི་འཇིག་རྟེན་འདི་ནས་ཆེས་ཐོག་མའི་དགེ་རྒན་ཡིན་ལ་བླ་ཕོགས་མི་དགོས་པའི་དགེ་རྒན་ཡང་ཡིན།   ཨ་མ་འཚོ་བྱེད་ཀྱི་སྨན་པ་ཡིན་ལ་གསོ་བྱེད་ཀྱི་བདུད་རྩི་ཡིན།    ཨ་མ་ནི་རྔན་པ་མི་དགོས་པའི་བུ་རྫི་ཡིན་ལ་གཡོག་གླ་མི་ལེན་པའི་ཚེ་གཅིག་གི་གཡོག་པོའང་ཅི་ལ་མིན།

     འཇིག་རྟེན་འདིའི་ཐོག་ནས་རང་གི་ཕུགས་འདུན་དང་བདེ་སྐྱིད་ཡོད་ཚད་བརླགས་ནས་དཀའ་སྡུག་དང་ཕམ་ཁ་རི་འདྲ་བ་ཞིག་ཁུར་མཁན་ནི་ཨ་མ་ཁོ་ན་ཡིན་ལ་གྱོང་གུད་རྒྱ་མཚོ་འདྲ་བ་ཞིག་རག་མཁན་ཡང་ཨ་མ་ཁོ་ན་ཡིན།  འཇིག་རྟེན་དུ་སྙིང་རྗེས་ཕྱུག་པའི་བྱང་ཆུབ་སེམས་དཔའ་ཞིག་ཡོད་སྲིད་ན་དེ་ནི་ཨ་མ་ཁོ་ན་ཡིན་འོས་ལ་ཨ་མ་ཁོ་ནས་ཚབ་མཚོན་ཐུབ།  

     སྙིང་རྗེའི་བདག་མོ།   བྱམས་བརྩེའི་བདག་མོ།  སྐྱེ་དགུའི་བདག་མོ།  བྱང་ཆུབ་སེམས་དཔའ།  སྙིང་རྗེས་དབང་ཕྱུག   སྙིང་སྟོབས་ཆེན་པོ།   བྱམས་པ་ཆེན་པོ་ལ་སོགས་པ་ནི་ཨ་མ་ཁོ་ནའི་མིང་ཡིན་ལ་ཨ་མ་ཁོ་ན་ལ་འདོགས་ཀྱང་རིགས།  ཁྱིམ་ཚང་དུ་དྲོད་ཁོལ་ཡོད་པ་ནི་ཨ་མ་ཡོད་པས་ཡིན་ལ་དགོད་སྒྲ་ཡོད་པའང་ཨ་མ་ཡོད་པས་ཡིན། ཐག་རིང་གི་འགྲུལ་བཞུད་དང་རྒྱང་རིང་གི་མགྲོན་པོ་བྱས་ཏེ་ཆེས་མི་ཡུལ་དང་ས་མཐའ་ནས་ཕ་ཡུལ་སེམས་ལ་ལྷང་ལྷང་དྲན་འོང་དོན་ཡང་ཕ་ཡུལ་ལ་དགའ་དྲགས་པས་གཏན་ནས་མ་ཡིན།    དེ་ནི་ཨ་མ་དྲིན་མོ་ཆེ་ཕ་ཡུལ་དུ་གསོན་བསྡད་ཡོད་པས་ཡིན།    ཨ་མ་ནི་ཁྱིམ་ཚང་གི་འོད་སྣང་ངམ་སྒྲོན་མེ་གཅིག་པུ་དེ་ཡིན་ལ་ཨ་མའི་འོད་སྣང་གིས་ཁྱིམ་ཚང་ཡང་ཡང་གསལ་ཞིང་ཡང་ཡང་དྲོ་སྐྱིད་སྟེར་ཐུབ། ཨ་མ་མེད་དུས་ཁྱིམ་དུ་མུན་པ་རུབ་འགྲོ་ལ་ཨ་མ་མེད་དུས་ཁྱིམ་དུ་དྲོད་ཁོལ་ཡལ་འགྲོ།  ཨ་མ་མེད་དུས་ཁྱིམ་ཚང་གྲང་ཞིང་འཁྱགས་ལ་ཨ་མ་མེད་དུས་ཁྱིམ་དུ་མུན་པ་རུབ་འོང་།   ཨ་མ་མེད་དུས་ཁྱིམ་དུ་དགོད་སྒྲ་དང་སྐྱིད་ཉམས་མེད་ལ་ཨ་མ་མེད་དུས་ཁྱིམ་དུ་བཟའ་ཚང་ཁ་འཐོར་ཞིག་མགོ་བོ་སྒུར་བཞིན་སྡུག་གི་ཀློང་ན་སྨྲེང་ངག་འདོན་བཞིན་འཚོ་དགོས།   ཨ་མ་མེད་པའི་ཁྱིམ་ཚང་ནི་སྐྱོ་ཞིང་ཐབས་སྡུག་ལ།   ཨ་མ་མེད་པའི་བཟའ་ཚང་ལ་དགོད་སྒྲ་དང་སྤྲོ་སྣང་གཏན་ནས་ཡོད་མི་སྲིད།   

     མདོར་ན་ཁྱིམ་ཚང་ཀུན་པོ་ལ་བདེ་སྐྱིད་དང་སྤྲོ་སྣང་སྟེར་མཁན་ནི་ཨ་མ་ཁོ་ན་ཡིན་ནོ།། །།


2018-6-25/ཉིན་མོར་མཇུག་གྲུབ་བོ།།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/1/16 བལྟ་ཀློག (4456)