ཆེས་དགའ་བསུ་ཐོབ་པའི་རྩོམ་ཡིག་མཇལ་དར་ནང་མཛོད།

ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་མཇལ་དར་ནང་མཛོད་ཅེས་འབོད་པ།

༄༅། ། སྔོན་ཆད་མ་བྱུང་ཉིས་སྟོང་བཅུ་དགུ་པ། །

ས་ཕག་ལོ་ཡི་ཆིབས་ཁ་བསྒྱུར་བ་དང་། །

ཉིས་སྟོང་བཅོ་བརྒྱད་ས་ཁྱིའི་ལམ་ཞུགས་གཉིས། །

མཇལ་དར་གཅིག་གིས་བསུ་སྐྱེལ་མཉམ་དུ་ཞུ། །


ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས། །

ཤེས་བྱའི་ཁྱོན་ཀུན་གཞལ་བའི་ཁོར་ཡུག་སྟེ། །

ཕ་མཐའ་མི་མངོན་སྲིད་ཞིའི་མཁའ་དབྱིངས་སུ། །

ཇི་སྙེད་དགེ་མཚན་རི་མོ་སྤྱན་སྔར་བཀྲམ། །


གངྒཱའི་རྒྱུན་དང་ལྷུན་པོའི་བརྟན་བརྗིད་ལ། །

འགྲན་པར་འོས་པའི་དཔེ་ཁྲིད་དགེ་བཤེས་དང་། །

ཚུལ་བཞིན་བསྟེན་པའི་ཆོས་རའི་སློབ་གཉེར་བས། །

ཐང་ལྷོད་མེད་པར་བསྟན་པའི་རྒྱལ་མཚན་བསྒྲེངས། །


སྲིད་འདིར་ཕུན་ཚོགས་བདེ་བས་མྱོས་པ་ཡི། །

བརྒྱད་ཅུ་དགུ་བཅུ་ལོན་པའི་མི་རྒན་དང་། །

བདེ་བར་སྲེད་པའི་ན་གཞོན་ཕོ་མོ་བཅས། །

རང་རང་འདོད་པ་འཇོ་བའི་བཀྲ་ཤིས་ཤོག །


དཔལ་འབྱོར་འདོད་རྒུར་སྤྱོད་པའི་ཕྱུག་བདག་དང་། །

སྒོར་མོ་འཚོལ་བའི་ཚོང་དང་ངལ་རྩོལ་བས། །

རང་རང་བསམ་པའི་ཕུགས་འདུན་མ་ལུས་པ། །

སྨོན་པ་བཞིན་དུ་འགྲུབ་པའི་བཀྲ་ཤིས་ཤོག །


སློབ་ཆེན་སློབ་ཆུང་འགྲིམ་པའི་སློབ་མ་སྟེ། །

བློ་གསལ་ན་གཞོན་ཕོ་མོ་ཡོད་དོ་ཅོག །

ཀླད་པའི་རྒྱ་ཁྱོན་ནམ་མཁའི་ཀློང་ཡངས་པོར། །

ཤེས་དང་ཤེས་བྱའི་འོད་སྣང་ཁྱབ་པར་སྨོན། །


རིམ་པ་མཐོ་དམན་བར་མ་མཐའ་དག་ན། །

སྲི་ཞུར་འབད་པའི་རྒྱ་བོད་ལས་བྱེད་ཀུན། །

ཇི་བྱས་བྱ་བ་ལམ་དུ་འགྲོ་བ་དང་། །

ཡུལ་ཁམས་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །


བྱམས་བརྩེའི་དྲོད་རླབས་འཕྱུར་པའི་རང་ཁྱིམ་དུ། །

ཕ་མ་བུ་ཕྲུག་ཨ་ཡས་ཨ་མྱེ་བཅས། །

མི་རབས་གསུམ་ག་འཛོམས་པའི་བདེ་སྐྱིད་འདི། །

བསྐལ་པའི་བར་དུ་བརྟན་པའི་བཀྲ་ཤིས་ཤོག །


      ཅེས་ལོ་གསར་པ་དབུ་བརྙེས་པར་ཕེབས་བསུ་ཞུ་བ་དང་། ལོ་རྙིང་པ་ཕེབས་སྐྱེལ་བཅས་ཀྱི་ཆེད་དུ་བཀྲ་ཤིས་པའི་སྨོན་ལམ། ཚིགས་སུ་བཅད་པ་བཀྲ་ཤིས་རྟགས་བརྒྱད་ཀྱི་གྲངས་ལྡན་འདི་ལ<<མཇལ་དར་ནང་མཛོད>>ཅེས་བྱ་བའི་མིང་གིས་བརྒྱན་ཏེ། རྒྱ་མཚོ་ཆེན་པོའི་རླབས་ཕྲེང་དང་ཆེར་མི་རིང་བའི་རི་བོའི་སྐེད་དྲོ་གྲང་སྙོམས་པ། རང་བྱུང་གི་ཆུ་ཚན་འཕྱུར་བ། བྱ་དང་བྱིའུས་སྐད་སྙན་འབྱིན་པ། སྐྱེ་བོའི་རྒྱུ་འགྲུལ་ཉུང་བས་འདུ་འཛིས་དབེན་པ། མཁའ་རླུང་གཙང་ཞིང་གད་སྙིགས་ཀྱི་འབགས་བཙོག་ཉུང་བ་བཅས་ཕུན་སུམ་ཚོགས་པའི་ཁྱད་ཆོས་དུ་མ་མངོན་པའི་ཡུལ་འདི་ན། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་བུད་ངྷ་པཱ་ལི་ཏ་དང་། དཔལ་ལྡན་ཟླ་བའི་ཚིག་གསལ་དང་འཇུག་པའི་རང་འགྲེལ། ག་ལས་འཇིགས་མེད། ཤེས་རབ་སྒྲོན་མེ་སོགས་རྒྱ་གཞུང་དང་། རྩ་ཤེས་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ། འཇུག་ཊཱིཀ་དགོངས་པ་རབ་གསལ། ལམ་རིམ་ལྷག་མཐོང་ཆེན་མོ། རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་རྩ་ཤེས་ཀྱི་འགྲེལ་པ། པ་ཚབ་ལོ་ཙཱ་བའི་རྩ་ཤེས་ཀྱི་འགྲེལ་པ། རྨ་བྱ་བྱང་ཆུབ་བརྩོན་འགྲུས་ཀྱི་རྩ་ཤེས་ཀྱི་འགྲེལ་པ། ས་སྐྱའི་རོང་ཊཱིཀ་པའི་རྩ་ཤེས་ཀྱི་འགྲེལ་པ། གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་སོ་སོའི་དབུ་མའི་ཡིག་ཆ་བཅས་གཞིར་བཟུང་བའི་སྟེང་ནས་དགའ་ལྡན་ཤར་རྩེ་སོག་པ་ཁང་ཚན་གྱི་དགེ་བཤེས་ལྷ་རམས་པ་བརྒྱད་དང་མཉམ་དུ་བགྲོ་གླེང་ལྷུག་པར་གྲོལ་བཞིན་པའི་གསེང་བར་ནས། ཨ་མཆོག་རིན་པོ་ཆེའི་སྐུ་ཕྲེང་ན་རིམ་གྱི་གྲལ་མཐར་སྡོད་ཅིང་། ནང་ཆོས་ཀྱི་དགེ་བཤེས་ལྷ་རམས་པ་དང་ཚན་རིག་གི་ཨ་རི་སོགས་ནུབ་ཕྱོགས་ཀྱི་མཁས་བརྒྱ་མཉམ་འཛོམས་ཀྱི་དཀྱིལ་འཁོར་མཐིལ་དུ་ལོ་མང་པོའི་རིང་བགྲོ་གླེང་གི་བཀོད་འདོམས་པ་སྟེ། ལུང་དང་རིགས་པ་སྨྲ་བའི་དགེ་བཤེས་ལྷ་རམས་པ་བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོར་འབོད་པས་སྨོན་ལམ་བཟང་པོས་རྒྱས་བཏབ་སྟེ་2019.1.25ཉིན་བྲིས་པའོ། །


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/2/2 བལྟ་ཀློག (19614)