གངས་ལྷ་སྒྲོལ་མཚོའི་དཔྱིད་ཀར་སྤྲིངས་པ།


གངས་ལྷ་སྒྲོལ་མཚོའི་དཔྱིད་ཀར་སྤྲིངས་པ།

སྲབ་མདའ།

      སྙིང་ཉེ་བའི་ས་ཁི་ལགས། སྐུ་ཁམས་བཟང་།

གྲང་ངར་གྱིས་གཙེས་ཀྱིན་པའི་ཡུལ་གྲུ་རུ་ཁྱོད་ཀྱིས་རྨི་ལམ་ཁུར་ཏེ་མཛེས་སྡུག་གི་ཕ་མཐའ་རུ་བསྐྱོད་པ་ནི་ཅི་འདྲའི་ཡིད་གར་འོང་བ་ཞིག་རེད་ཨང་། ངས་ནི་སྐབས་སྐབས་སུ་པར་མིག་ལས་ཁྱོད་ཀྱི་རྒྱབ་གཟུགས་སམ་ཡང་ན་འཛུམ་མདངས་རེ་རེར་ཅེར་ཏེ་མངོན་དུ་དཀའ་བའི་ལམ་བུ་ཞིག་སྟོང་བསམ་གྱིས་བློས་བསླངས་བྱས། ང་ཁྱོད་ལ་ནམ་ཡང་ཉེ་བར་བཅར་ཏེ་སྡིག་སྒྲིབ་ཀྱི་ལག་པས་ཁྱོད་ལ་ཐུག་མི་འདོད་པ་ནི། ཁྱོད་རང་རྨི་ལམ་ཅན་ཞིག་ཡིན་སྲིད་ལ། རྨི་ལམ་ལ་བརྩོན་མཁན་ཞིག་དེ་བས་ཀྱང་ཡིན་པས་ཡིན།   ངས་ནི་སྐབས་རེར་རང་ཉིད་ལ་ཧབ་དགོད་དཔེ་མེད་ཅིག་བྱེད་བཞིན་ཡོད་ལ། ལན་རེར་མགོ་ཐུམ་བྱེད་ཡག་ཅིག་བྱས་ནས་མིག་ཆུ་ཁ་ཤས་གཏོང་གིན་ཡོད། དེ་དག་ནི་འདང་རྒྱག་མོད་པའི་ལོ་ཟླ་ཞིག་གི་སྣང་བརྙན་ཙམ་རེད། ད་ནི་འདི་དག་གླེང་རིན་ཡོད་པ་རེ་མ་ཡིན་པས་འདི་ཙམ་གྱིས་བསྐྱུར་བར་བྱ།

      ཁྱོད་ཀྱིས་ཤེས་སམ། འུ་ཅག་དུས་ཚོད་འཁྱོལ་བོ་ཞིག་གི་ཞིང་ཁམས་སུ་བཞད་བཞག་པའི་འདམ་ནང་གི་མེ་ཏོག་པདྨ་དེ་དག་ཡིན་ན་འགྲིག  དེ་མིན། བགྲེས་པོ་རལ་བ་ཅན་དག་གིས་ཀྱང་རྙིད་སླ་བའི་མེ་ཏོག་མཛེས་པོ་ཁ་ཤས་མཐོང་མྱོང་ཡོད།  ད་ལྟ་གཟུགས་མེད་ཀྱི་འགྲན་བསྡུར་དེ་ཚོ་ཡིས་འུ་ཚོ་བག་ལྷོད་ངང་འདུག་ཐབས་བྲལ་བའི་གནས་ལུགས་བསྙད་ཀྱིན་འདུག  དཔེར་ན། མི་སེམས་ལ་བཏབ་པའི་"ཕྲ་"དེ་དག་གིས།  འུ་ཚོ་ནམ་ཡང་ནར་སོན་རྒྱུ་མེད་པར་བཟོ་བཞིན་ཡོད་པ་ལྟ་བུ། ད་དུང་ཕ་མ་དང་། སྤུན་བར་གྱི་བརྩེ་བ་ཡུལ་དུས་དང་འཚམ་པའི་དངོས་པོ་ཉག་སྒོ་ཅན་ཁ་ཤས་དང་སྦྱར་ཏེ་རང་རང་གི་གནས་སུ་ཆས་པ་ལྟ་བུ། རེད་དེ། དེ་དག་ནི་དོན་གྱིས་འུ་ཚང་ལ་མཁོ་བ་དེ་དག་ག་ལ་ཡིན་ཏེ་གཏན་ནས་མ་ཡིན་ལགས། དེ་བས་རྩྭ་ཐང་གི་སྣུམ་ཁ་ཅན་གྱི་བརྩེ་བ་ཞིག་དང་ཞིང་གྲོང་གི་སྙེ་མའི་གསེབ་ཀྱི་དྲི་མས་མ་གོས་པའི་ཉི་འོད་ལ་རོལ་ཏུ་འཇུག་རྒྱུ་ནི་འུ་ཅག་འཚོ་བའི་དགོས་མཁོའོ།།

     ཁ་བ་དལ་གྱིས་འབབ་ཀྱིན་འདུག  ར་བཟི་བ་ཁ་ཤས་ཀྱིས་གདངས་འགྲོས་གཅིག་པའི་སྣ་གླུ་འགའ་རེ་ལེན་ཞོར་སྐབས་སྐབས་སུ་ཤེད་ཀྱིས་སྙན་ཚིག་མངོན་པར་བྱས་ཏེ་མི་མངོན་པའི་སེམས་ཀྱི་མི་དེ་དག་ལ་ངལ་གསོ་གནང་ནས་གངས་རི་ལ་ཐོད་པ་གཏུག  དེ་ཙམ་གྱིས། ཁོ་བོ་དག་ལ་རྨི་ལམ་མོད་པས།   གངས་རི་དང་རྩྭ་ཐང་ལ་བཅོལ་བའི་རྣམ་ཤེས་ནི་ལྷད་མེད་ཡིན།

༢༠༡༨/༡༢/༡༦ཉིན་བྲིས་གྲུབ།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/2/23 བལྟ་ཀློག (2443)