གཏམ་རྒྱུད་འགས་གཏིང་ཟབ་པའི་གནས་ལུགས་འཆད་པ།

གཏམ་རྒྱུད་འགས་གཏིང་ཟབ་པའི་གནས་ལུགས་འཆད་པ།

འབའ་སྣང་གྲོལ་གྱིས་དོན་བསྒྱུར་བྱས


བོང་རྒན་སྐྱ་ལྡང་དང་དབྱེན་གཏམ།

    བོང་རྒན་སྐྱ་ལྡང་གིས་ས་ཞིང་རྨོས་རྗེས་ཕྱིར་བོང་རའི་ནང་དུ་ཡོང་ནས་ངལ་དུབ་ཀྱིས་མནར་དྲགས་ཏེ་དབུགས་ཧད་ཧད་དུ་ལེན་བཞིན་འདུག་སྐབས་ན། གློ་བུར་དུ་ཁྱི་དོམ་བུ་བརྒྱུགས་ཡོང་ནས་བོང་རྒན་ལ་བལྟས་ནས་“ཨ་རོག གྲོགས་པོ་དགའ་བོ། ཁྱོད་ངོ་མ་ཐང་ཆད་སོང་ཟིག་”ཅེས་བཤད་པས། བོང་རྒན་སྐྱང་ལྡང་གིས་ཕྱིར་“སང་ཉིན་ངས་ངོ་མ་ངལ་ཞིག་གསོ་ན་འདོད་ཀི་”ཞེས་ལན་བཏབ། དེ་ནས་ཁྱི་དོམ་བུ་བོང་རྒན་སྐྱ་ལྡང་དང་ཁ་གྱེས་ནས་འགྲོ་བའི་བོང་རའི་གྲུ་ཟུར་ནས་བྱི་ལ་གཟི་ཁྲ་དང་འཕྲད་ཅིང་། ཁྱི་དོམ་བུས་བྱི་ལ་གཟི་ཁྲར་བཤད་རྒྱུར། “གྲོགས་གཅེས། ང་ད་སོ་མར་གྲོགས་བོང་རྒན་སྐྱ་ལྡང་ལ་ལྟ་རུ་སོང་བ་ཡིན་ཞིང་། གྲོགས་བོང་རྒན་སྐྱ་ལྡང་འདི་བོང་རའི་ནང་ན་ངོ་མ་ཐང་ཆད་འདུག་པར་མ་ཟད། ཁོས་ད་དུང་བཤད་རྒྱུར། ཁོས་ངལ་ཞིག་གསོ་ན་འདོད་པས་སང་ཉིན་ལས་ཀ་མི་བསྒྲུབས་ཟེར། ངོ་མ་ཁག་མེད་ཀི་ཡ། བདག་པོས་ཀྱང་གྲོགས་བོང་རྒན་སྐྱ་ལྡང་འདི་ལ་ལས་ཀ་ལྕི་མོ་མང་བོ་ཞིག་བསྒྲུབ་ཏུ་བཅུག་འདུག་ཡ་”ཞེས་བཤད་ནས་བུད་སོང་། བྱི་ལ་གཟི་ཁྲ་ཁ་ཕྱིེར་འཁོར་ནས་ལུག་གཡང་དཀར་ལ་བཤད་རྒྱུར། “གྲོགས་བོང་རྒན་སྐྱ་ལྡང་གིས་ཁོའི་ལས་ཀ་ལྕི་ཞིང་མང་སོང་ཞེས་འཁང་ར་བྱས་ནས་སང་ཉིན་ངལ་གསོས་ནས་ལས་ཀ་མི་བསྒྲུབས་ཞེས་བཤད་བཞིན་འདུག་”ཅེས་བཤད་པ་ན། ལུག་གཡང་དཀར་གྱིས་དེ་མ་ཐག་སོང་ནས་བྱ་དེ་དཀར་པོ་ལ་བཤད་རྒྱུར། “བོང་རྒན་སྐྱ་ལྡང་གིས་ཁོའི་ལས་ཀ་ལྕི་ཞིང་མང་སོང་ཞེས་འཁང་ར་བྱས་ནས་བདག་པོ་ལ་ལས་ཀ་མི་བསྒྲུབས་ཞེས་བཤད་བཞིན་འདུག་པས། འེ། བཤད་མི་ཤེས་ཡ། བདག་པོ་གཞན་གྱིས་ཁོའི་བོང་བུ་ལ་གཅེས་པ་མིན་ནམ་ཞེས་བཤད།” དེ་ནས་བྱ་དེ་དཀར་པོ་ཡིས་ཕག་ཚོ་སྟུག་ལ་བཤད་རྒྱུར། “བོང་རྒན་སྐྱ་ལྡང་གིས་བདག་པོ་ལ་གཡོག་ལས་བསྒྲུབས་ན་མི་འདོད་པས་བདག་པོ་གཞན་ལ་གཡོག་ལས་བྱེད་དུ་འགྲོ་རྒྱུ་ཡིན་ཞེས་བཤད་བཞིན་འདུག་པས། དེ་ཡང་འོས་འདུག བདག་པོ་ངོ་མ་བོང་རྒན་སྐྱ་ལྡང་ལ་ཅུང་ཙམ་ཡང་མི་བཟང་བར་ནམ་རྒྱུན་ལས་ཀ་ལྕི་ཞིང་མང་བོ་དེ་འདྲ་ལས་སུ་བཅུག་པར་མ་ཟད། ད་དུང་ལྷམ་དང་དབྱུག་པ་སོགས་ཀྱིས་བཙན་ཤེད་ཀྱིས་བརྡུངས་འགྲོ”ཟེར། དགོང་མོ་དེར། བདག་མོ་ཕག་ཚོ་སྟུག་ལ་ལྟོ་ལྡུད་དུ་སླེབས་སོང་བས་ཕག་ཚོ་སྟུག་སྔོན་ལ་ཅུང་ནུར་ནས་བཤད་རྒྱུར། “ བདག་མོ་ལགས། དེ་རིང་ང་ལ་ཁྱོད་རང་ལ་ཡར་ཞུ་འབུལ་རྒྱུའི་དོན་དག་གལ་ཆེན་ཟིག་ཡོད། བོང་རྒན་སྐྱ་ལྡང་གི་བསམ་བློར་ཉེ་ཆར་གནད་དོན་ཚབ་ཆེན་བྱུང་ཡོད་ཅིང་། བོང་རྒན་སྐྱ་ལྡང་གིས་རང་གི་བདག་པོས་སྤྲད་པའི་ལས་ཀ་ནི་ཧ་ཅང་ལྕི་དྲགས་ཤིང་མང་བས་ད་ནི་རང་གི་བདག་པོ་ལ་ལས་ཀ་མི་བསྒྲུབས་པར་བདག་པོ་གཞན་ཞིག་འཚོལ་དུ་འགྲོ་རྩིས་ཡོད་པར་བཤད་པས་ཁྱོད་ཀྱིས་ཁོ་ལ་སློབ་གསོ་ཡག་པོ་ཞིག་གཏོང་རན་འདུག་”ཅེས་བཤད་པས་ཕག་གི་ཡར་ཞུ་དེ་ནི་ནུབ་མོ་དེར་བཟའ་མི་ཚང་མས་དགོང་ཇ་རོལ་སྐབས་ཆུང་མས་ཁྱོ་ག་ལ་བཤད་རྒྱུར། “འུ་ཚང་གི་བོང་རྒན་སྐྱ་ལྡང་གིས་འུ་ཚང་ལ་ངོ་ལོག་ནས་བདག་པོ་གཞན་ཞིག་འཚོལ་བཞིན་ཡོད་པར་བཤད་ཅིང་། ངོ་ལོག་པའི་བྱ་སྤྱོད་འདི་ཀུ་ཡངས་གཏན་ནས་གཏོང་ས་འགྲོ་བ་མ་རེད། དེ་བས་ཁྱོད་ཀྱིས་ཇི་ལྟར་བོང་རྒན་སྐྱ་ལྡང་ཐག་གཅོད་བྱེད་རྩིས་ཡོད།”ཅེས་བཤད་པས་ན་བདག་པོ་དེ་མ་ཐག་ཁོང་ཁྲོ་ཆེན་པོའི་ངང་ནས་ཡར་ལངས་ཏེ་རལ་གྲི་བརྡར་བཞིན་“ངོ་ལོག་པ་ནི་གསོད་པ་ལས་ཉེས་ཆད་གཞན་ཡོད་པ་མ་རེད།”ཅེས་བོང་སྐྱ་ལྡང་བཤས་ནས་ཁ་ཟས་བྱས་སོང་བས། ཀྱེ་ཧུད། འདི་ལྟར་གཞུང་དྲང་ཞིང་ལས་ལ་བརྩོན་པའི་བོང་རྒན་སྐྱ་ལྡང་ནི་དོན་མེད་གཏམ་འཁྱར་གྱི་ཁྲོད་ནས་རང་སྲོག་ཤོར་སོང་ངོ་།།


སྒྱུར་བ་བོའི་དཔྱད་ཕྲན།

     གཏམ་རྒྱུད་ཐུང་ངུ་འདིས་ནི་ང་ཚོའི་འཚོ་བའི་ཁྲོད་རྒྱུན་པར་བྱུང་བའི་མི་དང་མིའི་བར་གྱི་དབྱེན་སྦྱོར་སྣ་ཀྱིས་བསྐྱེད་པའི་ཡ་ང་བའི་སྣང་ཚུལ་དངོས་དེ་མཚོན་པར་བྱས་ཡོད་པ་དང་། གཏམ་རྒྱུད་ཐུང་ངུ་འདིའི་སྐྱོ་གར་གྱི་གཞི་འཛིན་ས་གཙོ་བོ་ནི་དབྱེན་གཏམ་བཤད་མཁན་ཁྱི་དོམ་བུ་དང་བྱི་ལ་གཟི་ཁྲ། ལུག་གཡང་དཀར། བྱ་དེ་དཀར་པོ། ཕག་ཚོ་རྟུག་རྣམས་ཡིན་པར་མ་ཟད། དེ་ལ་བརྟག་དཔྱད་ཙམ་ཡང་མི་བྱེད་པར་ཡིད་ཆེས་ཀྱིས་བདེན་པར་འཛིན་རྐྱང་བྱེད་པའི་བདག་པོ་ཁྱོ་ཤུག་རྣམ་གཉིས་ཀྱང་ཡིན་ནོ།། དེ་ལས་ཀྱང་བོང་རྒན་སྐྱ་ལྡང་ཁོ་རང་གི་རང་སྲོག་ཤོར་བའི་ཆེས་གནད་འགག་ཅན་གྱི་རྒྱུ་རྐྱེན་གཅིག་ནི་བོང་རྒན་སྐྱ་ལྡང་ཁོ་རང་གིས་ཁ་ལ་བདག་པོ་རྒྱག་མ་ཐུབ་པ་དེ་ཡིན་པར་བསྟན་ཡོད་དོ།།


ཙིག་རྙི་དང་སྐྱོ་གར་གཞན།

    ཞིང་བ་ཞིག་གིས་ཁོའི་འབྲུ་མཛོད་ནང་དུ་ཙི་གུ་རྒྱ་རིས་སླེབས་ནས་འབྲུ་རྣམས་ས་གཏོར་རྡོ་གཏོར་བྱས་པ་མཐོང་རྗེས་ཐབས་བརྒྱ་ཇུས་སྟོང་གིས་ཙི་གུ་རྒྱ་རིས་འཛིན་དགོས་པར་བསམས་ཏེ་འབྲུ་མཛོད་ནང་དུ་ཙིག་རྙི་ཞིག་བཞག་ནས་ཙི་གུ་རྒྱ་རིས་འཛིན་པར་གྲ་སྒྲིག་བྱས། ཙི་གུ་རྒྱ་རིས་ཀྱིས་འབྲུ་མཛོད་ནང་དུ་ཙིག་རྙི་བཞག་ཡོད་པ་ཤེས་རྗེས་དེ་མ་ཐག་འཚུབ་ཆ་ལངས་ནས་བྱ་དེ་དཀར་མོ་ལ་བཤད། བྱ་དེ་དཀར་མོས་ཙི་གུ་རྒྱ་རིས་ལ་ཞིབ་ལྟ་ཞིག་བྱས་རྗེས་“དེ་ང་ལ་འབྲེལ་བ་ཅི་ཡོད། ཁྱོད་ཀྱི་དོན་དག་ཅིག་རེད། རང་ཉིད་ཀྱིས་སེམས་ཆུང་བྱོས”ཞེས་བཤད་ནས་བུད་སོང་། ཡང་ཙི་གུ་རྒྱ་རིས་ཕག་ཚོ་སྟུག་གི་གམ་ལ་བརྒྱུགས་ནས་བདག་པོས་འབྲུ་མཛོད་ནང་དུ་རྙི་བཞག་ཡོད་པར་བཤད་ཀྱང་ཕྱིར་“དེ་ནི་ཁྱོད་ཀྱི་དོན་དག་ཅིག་རེད། ཡིན་ནའང་རང་ཉིད་ཀྱིས་སེམས་ཆུང་བྱས་ན་བཟང་”ཞེས་བཤད་ནས་འཐད་ལ་མི་འཐད་ངང་བུད་སོང་། ཡང་ཙི་གུ་རྒྱ་རིས་གླང་རྒན་སེར་ལྡང་གི་གམ་ལ་སོང་ནས་བདག་པོས་འབྲུ་མཛོད་ནང་དུ་རྙི་བཞག་ཡོད་པའི་གནས་ཚུལ་བཤད་པས་གླང་རྒན་སེར་ལྡང་མ་མཐད་པའི་རྣམ་འགྱུར་ངང་བཤད་རྒྱུར། “ ཙི་གུ་རྒྱ་རིས་ཡ། ཁྱོས་ཙིག་རྙི་ཞིག་གིས་གླང་རྒན་ཞིག་བཟུང་ནས་ཤི་བ་གོ་ཨེ་མྱོང་། ཁྱོད་ལ་བར་ཆད་མེད་པར་སྨོན”ཞེས་བཤད་ནས་ང་རྒྱལ་དང་བཅས་བུད་སོང་། དེ་ནས་ཙི་གུ་རྒྱ་རིས་ཀྱིས་རང་ལ་རོགས་རམ་བྱེད་མཁན་ཞིག་མེད་པ་ཤེས་ཏེ་སེམས་ཁོང་དུ་ཆུད་ནས་དོགས་ཟོན་དང་བཅས་གཅིག་པུས་འཆི་བར་བསྒུགས་ནས་མི་སྡོད་ཀ་མེད་བྱུང་། ནམ་ཞིག་ཙིག་རྙི་ཡིས་སྲོག་ཆགས་ཤིག་བཟུང་ཞིང་། དེ་ནི་ཙི་གུ་རྒྱ་རིས་མ་ཡིན་པར་སྦྲུལ་ཞིག་བཟུང་ཡོད་པས་བདག་མོས་དགོང་ཁར་འབྲུ་ལེན་པའི་སྐབས་སྟབས་མ་ལེགས་པར་སྦྲུལ་གྱིས་མོ་ལ་སོ་བཏབ་ནས་བདག་མོ་སྨན་ཁང་ལ་བསྐྱལ་དགོས་བྱུང་བས་ཡིད་ལའང་མ་ཤར་བའི་སྐྱོ་གར་ཞིག་འགོ་བརྩམ་དགོས་བྱུང་སོང་ངོ་།། དེ་ཡང་བདག་པོས་རང་གི་ཆུང་མའི་ལུས་ཕུང་གསོ་བའི་ཕྱིར་དུ་བྱ་དེ་དཀར་མོ་བསད་ནས་ཁུ་བ་མི་འདུ་ཀ་མེད་བྱུང་ཞིང་། ཡང་བདག་མོ་སྨན་ཁང་ནས་ཕྱིར་བུད་རྗེས་གྲོགས་པོ་དང་གཉེན་ཉེ་མང་བོ་བདག་མོ་ལ་ལྟ་རུ་སླེབས་པས་ཕག་ཚོ་སྟུག་བཤས་ནས་མགྲོན་བསུ་བྱ་དགོས་བྱུང་། གཞན་བདག་མོ་སྨན་ཁང་དུ་བསྡད་པའི་སྨན་རིན་ཡོད་ཚད་གཞན་ལ་བུ་ལོན་དུ་བཞག་པས་བདག་པོ་ཐབས་ཟད་དེ་གླང་རྒན་སེར་ལྡང་བཤས་རར་བཙོང་ནས་བུ་ལོན་འཇལ་དགོས་བྱུང་སྟེ་བྱ་དེ་དཀར་མོ་དང་ཕག་ཚོ་སྟུག གླང་རྒན་སེར་ལྡང་བཅས་ཀྱི་ཚེ་སྲོག་མ་ངེས་པའི་རྒྱུ་རྐྱེན་གྱི་སྐྱོ་གར་ཁྲོད་ནས་རེ་རེ་བཞིན་མཇུག་རྫོགས་སོ།།

སྒྱུར་བ་བོའི་དཔྱད་ཕྲན།

      གོང་གི་གཏམ་རྒྱུད་ཐུང་ངུ་འདིས་སྤྱི་ཚོགས་སྟེང་ཡིན་ནའང་ཆོག ཚོགས་སྡེ་ཞིག་གི་ནང་ཡིན་ནའང་ཆོག གཞུང་ལས་ཁང་ཡིན་ནའང་ཆོག ཐ་ན་གྲོགས་དང་སྤུན་མཆེད་བར་ཡིན་ནའང་ཆོག་སྟེ། མདོར་ན་མི་དང་མིའི་བར་ལ་སྐྱིད་སྡུག་མཉམ་མྱོང་དང་སྟོབས་ཤུགས་མཉམ་གནས་མ་བྱུང་བའི་མཇུག་འབྲས་མངོན་གསལ་དུ་མཚོན་པར་བྱས་ཡོད་པར་མ་ཟད། ང་ཚོས་རང་ལ་འབྲེལ་མེད་དུ་སྣང་བའི་གཞན་གྱི་སྐྱོ་གར་གྱི་འབྱུང་རྩ་མང་བོ་ཞིག་མཐར་རང་ཉིད་ཀྱི་སྐྱོ་གར་དུ་འགྱུར་རུང་བའི་མ་ངེས་པའི་རྒྱུ་རྐྱེན་གྱི་བྱུང་རིམ་སྣ་ཚོགས་གཏིང་ཟབ་ཏུ་མཚོན་པར་བྱས་པའི་ཞོར་ལ་རྒྱལ་བོའི་རྒྱལ་ས་མ་བདེ་ན་སྤྲང་བོའི་ཉལ་ས་མི་བདེ་བའི་དཔེའང་ཟུར་བསྟན་ལེན་མཐོང་དུ་མངོན་པར་བྱས་ཡོད་དོ།།

དྲིན་གཟོ།

---གཏམ་རྒྱུད་ཚན་པ་ཐུང་ངུ་གཉིས།

ཚན་པ་དང་བོ།
     ལམ་འགྲོ་བ་ཞིག་ཧ་ཅང་ངལ་ཞིང་དུབ་ནས་ལམ་གྱི་མཐའ་ལ་བཅར་ནས་ངལ་ཅུང་ཙམ་གསོ་སྐབས་སྟབས་མ་ལེགས་པར་གཉིད་དུ་ཡུར། ཡུན་རིང་མ་འགོར་བར་འགྲམ་གྱི་རྩྭ་གསེང་ནས་དུག་སྦྲུལ་ཅིག་ཧ་ཅང་ངལ་དུབ་ཀྱི་ངང་ན་གཉིད་སྟུག་པོར་ཡུར་བའི་ལམ་འགྲོ་བ་དེའི་ཕྱོགས་ལ་མགྱོགས་པོར་ནུར་ནས་ཡོང་། ཏག་ཏག་ལམ་འགྲམ་ན་གཉིད་དུ་ཡུར་བའི་མི་དེ་དུག་སྦྲུལ་དེས་སོ་འདེབས་པའི་ཉེན་ཁར་འཕྲད་པའི་སྐབས་སུ། ལམ་དེ་བརྒྱུད་ནས་འགྲོ་བའི་མི་ཞིག་གིས་ཉེན་ཁ་དེ་མཐོང་ནས་དེ་མ་ཐག་དུག་སྦྲུལ་དེ་ཉིད་བསད་ནས་གཉིད་སྟུག་པོར་ཡུར་བའི་མི་དེ་དུག་སྦྲུལ་གྱི་ཉེན་ཁ་ལས་ཐར་བར་བྱས་པར་མ་ཟད། སྲོག་སྐྱོབ་མཁན་གྱི་མི་དེས་གཉིད་དུ་ཡུར་བའི་ལམ་འགྲོ་བ་དེ་ཐང་ཆད་ནས་གཉིད་སྐྱིད་པོར་ལོག་ཡོད་པ་མཐོང་བས། ཁོ་རང་གཉིད་ལས་མ་བསླངས་པར་ཁ་རོག་པར་གྱེས་སོང་། དེ་བས་དོན་ངོ་མ་ཉེན་ཁར་འཕྲད་པའི་ལམ་འགྲོ་བ་དེའི་མཚར་སྡུག་ལྡན་པའི་མི་ཚེ་ནི་ལམ་འགྲོ་བ་ཞིག་གི་བཀའ་དྲིན་ནང་དུ་ཡོད་པ་རེད། ཡིན་ནའང་ཁོ་རང་གཉིད་དུ་ཡུར་བའི་དུས་ཚོད་ཐུང་ངུ་དེའི་ནང་དུ་དོན་དག་ཅི་ཞིག་བྱུང་ཡོད་པ་ཁོ་རང་གིས་ནམ་ཡང་ཤེས་པ་མ་རེད།
ཚན་པ་གཉིས་པ།
      དགོང་མོ་ཞིག་ལ། ལས་གྲོགས་རང་གི་ཁྱིམ་ལ་ལོག་པའི་སྐབས་སུ་ཁོ་ཚང་གི་ཁང་བའི་ཉི་ཁྱམས་ནང་ན་གློག་སྒྲོན་གཟིམ་མེད་པ་གློ་བུར་དུ་མཐོང་། ཁོས་བསམ་པར་ཆུང་མས་གློག་སྒྲོན་གཟིམ་རྒྱུ་བརྗེད་སོང་བ་ཡིན་པར་སྙམ་སྟེ་ཁོ་རང་ཁྱིམ་དུ་འཛུལ་ནས་ཉི་ཁྱམས་ཀྱི་གློག་སྒྲོན་གཟིམ་སྐབས་ཆུང་མས་གློ་བུར་བཀག་ནས་ཁྱམས་རའི་ཕྱི་རོལ་གྱི་ལམ་འགྲམ་དུ་ནང་དུ་གད་སྙིགས་སྤུངས་པའི་རྐང་གསུམ་འཁོར་ལོ་ཞིག་བསྟན་བྱུང་། དེའི་སྟེང་དུ་གད་སྙིགས་འཐུ་བའི་རྒན་པོ་བཟའ་ཟླ་གཉིས་བསྡད་ནས་ཉི་ཁྱམས་ཀྱི་གློག་འོད་ལ་བརྟེན་ནས་ཧ་ཅང་སྙིང་ལ་སྡུག་པའི་འཛུམ་ཆུང་རེ་ཕན་ཚུན་ལ་མངོན་བཞིན་དགོང་ཟས་ཟ་བཞིན་འདུག ལས་གྲོགས་དང་ཁོའི་ཆུང་མ་གཉིས་ཀྱིས་སྣང་ཚུལ་དེ་མཐོང་ནས་ཧ་ཅང་སྙིང་ཉེ་བོའི་ངང་ཁྱམས་རའི་གློག་སྒྲོན་མ་གཟིམས་པར་གློག་འོད་དེ་གད་སྙིགས་འཐུ་བའི་བཟའ་ཟླ་གཉིས་ལ་བཞག ཡིན་ནའང་མཚན་མོའི་སྒེའུ་ཁུང་ཕྱི་རོལ་ན་དགོང་ཟས་རོལ་བའི་བཟའ་ཟླ་དེ་གཉིས་ཀྱིས་ཆ་མེད་རྒྱུས་མེད་ཀྱི་གྲོང་ཁྱེར་ཞིག་ནས་གློག་འོད་དེ་སུ་ཞིག་གིས་ཁོ་གཉིས་ལ་ཆེད་དུ་བཞག་པ་ནམ་ཡང་ཤེས་པ་མ་རེད།

སྒྱུར་བ་བོའི་དཔྱད་ཐུང་།

      དོན་ངོ་མ་གོང་གི་གཏམ་རྒྱུད་ཚན་པ་དེ་གཉིས་ཧ་ཅང་ཐུང་དྲགས་ནའང་། ཐུང་དྲགས་པའི་གཏམ་རྒྱུད་ཚན་པ་དེ་གཉིས་ཀྱིས་གཞན་ལ་དྲིན་གཟོ་དགོས་པའི་བརྗོད་སྙིང་དེ་ཧ་ཅང་སྙིང་ལ་སྡུག་ཅིང་ཡིད་འཕྲོག་པའི་གཏམ་རྒྱུད་ཀྱི་ཚིག་དོན་ལྷུ་འགྲིག་པ་ལ་བརྟེན་ནས་གཙོ་བོར་བསྟན་ཡོད་པར་མ་ཟད། གཏམ་རྒྱུད་ཐུང་ངུ་དེ་གཉིས་ཀྱི་ནང་དུ་དྲིན་བཟོ་ཕ་རོལ་བོར་ཤེས་སུ་མ་བཅུག་པ་དེས་དྲིན་གཟོ་བ་དེ་ཡང་རང་ལ་དྲིན་འཇལ་བྱེད་པ་སོགས་ཆ་རྐྱེན་གཞན་ལ་ལྟོས་པ་མེད་པར་མི་སྒེར་རང་ངོས་ནས་མི་ཆོས་ཀུན་སྤྱོད་ཀྱི་བླ་ན་མཐོ་བའི་ཉམས་ལེན་ཐེངས་གཅིག་ཡིན་པར་བསྟན་པ་དང་། ཡང་གཏམ་རྒྱུད་ཐུང་ངུ་དེ་གཉིས་ཀྱི་ཚན་པའི་མཇུག་ཏུ་"ནམ་ཡང་ཤེས་པ་མ་རེད་"ཅེས་གཏམ་རྒྱུད་མཇུག་བསྡུ་བའི་གནད་འགག་ཅན་གྱི་ཚིག་དེས་དྲིན་ལ་དྲིན་འཇལ་ངེས་པར་ཤེས་དགོས་པ་ཧ་ཅང་གནད་དུ་བསྟན་ཡོད་པ་སོགས་མདོར་ན་གཏམ་རྒྱུད་ཐུང་ངུ་དེ་གཉིས་ཀྱི་བྱུང་རིམ་དང་ཚིག་དོན་གང་གི་ཆ་ནས་ཀྱང་བརྗོད་སྙིང་གཅིག་འདུས་དང་། བརྗོད་པ་ལྷུན་གྲུབ། བསྟན་དོན་ཟབ་གནད། རྩོམ་ཁོག་ཡངས་པོ་ཅན་དུ་མི་སེམས་འགུལ་བའི་ངང་ཕྱིར་མཚོན་བྱས་ཡོད།

མཆན

གཏམ་རྒྱུད་ཐུང་ངུ་འདི་དག་ནི་༼རང་རྒྱལ་གྱི་རྩོམ་ཡིག་གཅེས་བསྡུས༽ཞེས་པ་དང་། ༼ཁེ་ལས་ཀྱི་བསམ་བློའི་འཐབ་ཇུས་༽ཞེས་པའི་རྒྱ་ཡིག་གི་འཕྲིན་སྟེགས་ལས་བདམས་ཏེ་བསྒྱུར་ཞིང་།  རྒྱ་ཡིག་གི་མ་ཕྱི་རུ་གཏམ་རྒྱུད་འདི་དག་ལ་རྩོམ་བྱང་མི་གསལ་བས་རྩོམ་བྱང་སྒྱུར་བ་བོས་གསར་དུ་བཏགས་སོ།།



      ལོ་རབས་བརྒྱད་ཅུ་བའི་སྟོད་ཙམ་དུ་མཚོ་ལྷོ་འབའ་རྫོང་དུ་སྐྱེས་པའི་ནག་བཟའ་བློ་བཟང་ཆོས་འཕེལ་ལམ་འབའ་སྣང་གྲོལ་ལགས་ནི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དང་། བླ་བྲང་བཀྲ་ཤིས་འཁྱིལ། བོད་ལྗོངས་སློབ་ཆེན།  ནུབ་བྱང་མི་རིགས་སློབ་ཆེན་སོགས་སུ་སོང་ནས་བོད་རང་གི་རིག་གནས་ལ་སློབ་སྦྱོང་བྱས་མྱོང་ཞིང་། སྔ་ཕྱིར་༼འོད་ཀྱི་ཞབས་རྗེས༽ ༼གངས་ཁྲོད་ནས་འཕྱུར་བའི་སེམས་ཀྱི་འཕར་སྒྲ༽  ༼ལས་དབང་གསར་བརྗེ༽ ༼སྣང་བ་གྲོལ་བའི་མགུར༽ ༼དཔྱད་གླེང་ཤོག་དྲིལ་མ༽སོགས་པར་དུ་བསྐྲུན་ཅིང་།  ད་ལྟ་གསར་རྩོམ་གྱི་ལམ་ག་མུ་མཐུད་དུ་རྒྱུན་སྐྱོང་བཞིན་༼གནའ་བོའི་མི་ཆོས་ཀྱི་སློབ་གསོའི་རྣམ་བཤད༽དང་། ༼འཇིག་རྟེན་གྱི་རང་མྱོང་དཔྱད་གྲུབ་མ༽་སོགས་པར་དུ་བསྐྲུན་པར་གྲ་སྒྲིག་བྱེད་ཞོར། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གི་དྲ་བའི་རྩོམ་སྒྲིག་པ།  མཚོ་སྔོན་གངས་གཡག་ཡུལ་སྐོར་ཐོན་རྫས་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱིའི་འགན་འཛིན་པ་བཅས་ཀྱི་འགན་འཁུར་མུས་སུ་ཡོད་དོ།།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/2/26 བལྟ་ཀློག (862)