སྒ་ལུང་བློ་བཟང་བསྟན་འཛིན་གྱི་སྙན་ངག་ཚན་པ་སྟེ་གྲེ་འགྱུར་གཞོན་པའི་ལང་ཚོ།

               ང་ནི་ང་ཡི་དགྲ་བོ་ཡིན།

མི་ཡུལ་མཐའ་མ་ཞིག་གི་འཚོ་བའི་ཁྲོད།།
ཁ་བཤད་ལྦུ་བ་ཞིག་གི་ལམ་ཕྲན་ནས།།
ལག་ལེན་ཐིགས་པ་ཙམ་ཞིག་མེད་པ་ན།།
བརྒྱ་བཤད་ཚིག་གི་རྩ་བ་རླངས་པ་རེད།།

དགག་སྒྲུབ་ཞྭ་མོ་ནག་པོ་གྱོན་བྱས་ནས།།
སེམས་ཁམས་འཐབ་རྩོད་གྲལ་དུ་ཆས་བྱེད་པའི།།
ཞེ་སྡང་བྲོ་གར་འཁྲབ་པའི་ལྷ་མོ་ཞིག།
རྨི་ལམ་སྒྱུ་མའི་ནང་དུ་འཁྲུངས་པར་འགུག།

ངུ་ན་མིག་ཆུའི་ཁ་དོག་ནག་པོ་དང་།།
དགོད་ན་འཛུམ་པའི་ངོ་གདོང་བསླུ་ཁྲིད་བཅས།།
བློ་གཏད་མེད་པའི་རང་སེམས་ཤི་བོ་འདི།།
གསོན་པོའི་ངོ་བོར་གནས་པ་སུ་ཡིས་ཤེས།།

སོམ་ཉི་གྲི་སོར་རྣོ་མོས་ལམ་སྣེ་ལ།།
གཅིག་རྗེས་གཉིས་སུ་མཐུད་པའི་ང་རང་ཡང་།།
རི་མོ་ནག་པོ་ཞིག་གི་རྗེས་དེད་ནས།།
ཤི་ཁའི་བྱེ་མའི་ལ་ཁར་འགྲོ་བཞིན་ཡོད།།

ཨ་མའི་ཁོག་ནས་སྐྱེས་ཏེ་ད་ལྟའི་བར།།
དུས་ཚོད་འཁོར་ལོ་ཞིག་གི་རྗེས་འབྲངས་ཏེ།།
གོམ་པ་མདུན་དུ་སྤོ་བའི་ལམ་ཟུར་ནས།།
ང་ནི་ང་ཡིས་འཆི་སར་ཁྲིད་ནས་ཆས།།

རང་ལམ་རང་གིས་མི་འཚོལ་ལེ་ལོའི་གྲོགས།།
གཅེས་ཤིང་འཛུམ་པའི་དགོད་སྒྲ་དང་ལྷན་དུ།།
རང་ལམ་གཞན་ལ་བཙོངས་ཏེ་དཔལ་འབྱོར་ཁྲོད།།
གནས་པའི་ཀླད་སྟོང་མདུན་ལམ་རྒྱུ་ཡིས་མནར།།


འཇིག་རྟེན་འདི་ན་འཆི་བ་ལས་གཞན་ཞིག།
དོན་དག་ཆེན་མོ་རྫིག་མོ་གང་ཡང་མེད།།
དེ་ཡང་རང་གིས་བརླག་པའི་རྨི་ལམ་ནས།།
ང་ནི་ང་ཡི་དགྲ་བོ་དངོས་དེ་རེད།།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/3/5 བལྟ་ཀློག (445)