སྙན་ངག་གི་ཁ་བརྡ་ཐར་ཐོར་འགའ་གཅིག་ཏུ་དྲིལ་བ།

སྙན་ངག་གི་ཁ་བརྡ་ཐར་ཐོར་འགའ་གཅིག་ཏུ་དྲིལ་བ།
  ---ངག་ཐོག་བགྲོ་གླེང་ཡིག་ཟིན་དུ་བཏབ་པ།


[ གླེང་མོལ་མི་སྣ།]

  འབའ་སྣང་གྲོལ།  ཨ་འཇམ།      འབའ་སྲས།   རྨ་དུག་ལྕེ།



     འབའ་སྣང་གྲོལ།  རེད་ལགས། ད་གོང་དུ་གྲོགས་པོ་སྙན་ངག་པ་ཨ་འཇམ་༼ཨ་འཇམ་དབྱངས་ཚུལ་ཁྲིམས༽དང་འབའ་སྲས་༼ཁ་སྒང་བསམ་གཏན་རྒྱ་མཚོ༽གཉིས་ཀྱིས་དྲི་བ་དྲིས་ལན་གྱི་ཚུལ་དུ་སྙན་ངག་གི་ལྟ་ཚུལ་དང་མྱོང་བ་གཞིར་བཞག་གི་སྒོ་ནས་རང་རང་གིས་སྙན་ངག་ལ་བཟུང་བའི་ལྟ་གྲུབ་གླེང་གིན་འདུག    ཁོ་བོས་ནི་ཧ་ཅང་དགའ་མགུ་དང་བཅས་བཀའ་དྲིན་ཞུ་རྒྱུ་ཡིན།  དེ་མཚུངས་ཁོང་རྣམ་པ་གཉིས་ལ་མཚོན་ན་ཕྱི་ཕྱོགས་སུ་སོང་བའི་སྙན་ངག་པའི་སྡེའི་ཁྲོད་ན་གྲགས་འགུལ་ཆེ་བའི་སྙན་ངག་པ་གཉིས་ཡིན་པར་མ་ཟད།  ཕྱིའི་འཚོ་བ་དང་རིག་གནས་སྤྱིའི་མཁའ་དབུགས་ལའང་ཅུང་རྒྱུས་མངའ་ཆེ་བའི་ཤེས་ཡོན་པ་གཉིས་ཀྱང་རེད།

     དེ་བས་སྙན་ངག་གི་ཕ་ཁྱིམ་གླིང་གི་ཚོམས་འདིར་མཚོན་ན་བོད་ཕྱི་ནང་གཉིས་ཀྱི་སྙན་ངག་པ་གྲགས་ཆེན་མང་བོ་ཞིག་བཞུགས་ཡོད་པས་དྲི་བ་དྲིས་ལན་གནང་རྒྱུ་ཡིན་ན་ཕན་ཚུན་ལ་བློ་བསྐྱེད་མང་བོ་ཞིག་རེག་ཐུབ་ཀྱིན་རེད་སྙམ་གི་ཡོད།  ཞོལ་ནས་ཁོང་རྣམ་པ་གཉིས་ལ་འདྲི་རྒྱུ་ཞིག་ཡོད་པ་ནི།  བོད་རང་གི་སྙན་ངག་པ་དག་གིས་སྙན་ངག་ལ་བཟུང་བའི་རྣམ་འགྱུར་རམ་ལྟ་ཚུལ་དང་། ཕྱི་རྒྱལ་སྙན་ངག་པ་དག་གིས་སྙན་ངག་ལ་བཟུང་བའི་རྣམ་འགྱུར་རམ་ལྟ་ཚུལ་གྱི་བར་ལ་མི་འདྲ་བའི་རྩ་བའི་ཁྱད་པར་ཅི་འདྲ་ཡོད་ཀི་དེ་དྲི་བ་གཅིག་བྱས།   དེ་ནས་བོད་རང་གི་རྩོམ་པ་པོ་དག་གིས་བློས་བསླངས་བྱས་པའི་རྩོམ་ཡིག་དང་། ཕྱི་རྒྱལ་རྩོམ་པ་པོ་དག་གིས་བྲིས་པའི་རྩོམ་ཡིག་གཉིས་ལ་བརྗོད་བྱ་ཁ་གཏད་ཡུལ་གྱི་ཆ་ནས་མི་འདྲ་བའི་རྩ་བའི་ཧེ་བག་ག་འདྲ་ཡོད་ཀི་དེ་དྲི་བ་གཅིག་བྱས་ནས་དྲི་བ་འདི་གཉིས་ལ་རྣམ་པ་གཉིས་ཀྱིས་དྲིས་ལན་ལྷུག་བརྗོད་གནང་བར་རེ་བ་བྱས་པ་ཡིན་ལ།  རྣམ་པ་གཉིས་སུས་དྲིས་ལན་བསྐྱོན་ཡང་ཆོག་གི་ཡིན། བཀའ་དྲིན་ཆེ།


      ཨ་འཇམ།   ཨོ་རེད་རེད།  ད་དྲི་བ་འདི་ཡིན་རྒྱུ་ན་རྒན་འབའ་སྲས་ལགས་ཀྱིས་དྲིས་ལན་བཏབ་ན་ཧ་ཅང་འཚམ་པོ་རེད་བསམ་གྱིན་འདུག   ཁོང་ནི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཏུ་བཞུགས་པར་མ་ཟད།  ཧྥ་རན་སི་ལྟ་བུ་མཚོན་ན་ནུབ་ཕྱོགས་ཀྱི་སྙན་ངག་གི་ཕ་ས་གཅིག་རེད། དེ་བས་རྒན་འབའ་སྲས་ལགས་ལ་འདིའི་ཕྱོགས་ལ་དྲིས་ལན་ཧ་ཅང་ཡག་པོ་འདེབས་རྒྱུ་ཡོད་ཀྱི་རེད། ང་ལ་མཚོན་ན་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆུང་ཆུང་ཧ་ཅང་དབུལ་བོ་དེ་འདྲ་ཞིག་ཏུ་གནས་པས་དྲི་བ་འདི་ལ་དམིགས་བསལ་གྱིས་ལན་ཡག་པོ་ཅི་ཡང་འདེབས་རྒྱུ་ཡོད་ནི་མ་རེད།


      འབའ་སྲས། ཡ་ཡ། གྲོགས་འབའ་སྣང་གྲོལ་ལགས་ཀྱི་དྲི་བ་འདི་ཧ་ཅང་ཡག་གི   ངོ་མ་ཅན་གྱིས་ང་ཚོས་དྲི་བ་འདི་ལྟ་བུ་ལ་དོ་སྣང་དང་བསམ་གཞིག་བྱེད་པར་དོན་སྙིང་ཆེ་བར་བསམ་སོང་།  འདི་ལྟ་བུའི་ཕྱོགས་ལ་རང་ཉིད་ཀྱིས་ཆེད་དུ་ཞིབ་འཇུག་བྱས་མ་མྱོང་ཡང་། ནམ་རྒྱུན་རང་གི་སེམས་ལ་དྲན་ཚུལ་དེ་ཉིད་དེ་རིང་འདི་ནས་རྣམ་པ་ཚོར་ཁ་བརྡ་དྲང་མོ་ཞིག་བྱས་ན་མི་ཆོག་པ་མེད།  ང་རང་ཉིད་ཀྱིས་སྙན་ངག་འབྲི་བའི་སྐབས་འཁྱོག་བརྗོད་དང་རབ་བཏགས་སོགས་ཀྱི་རྒྱན་བཀོད་སྤྱོད་བྱེད་རྒྱུ་དགའ་བོ་ཆེ་ཡང་དེ་རིང་གི་ཁ་བརྡ་འདི་དེ་དང་གཅིག་ནི་མ་རེད།  ང་ཚོ་འདི་ནས་ཕན་ཚུན་ལ་སེམས་གླན་ནས་ཁ་རུ་ཁ་ཐུག་གིས་བསམ་བློ་བརྗེ་བའི་སྐབས་ངས་ཀྱང་སྐད་ཆ་དྲང་མོ་ཞུས་ན་འགྲིག་གི་རེད།  སྐད་ཆ་དྲང་མོ་བཤད་པའི་ནང་ནའང་ནོར་འཁྲུལ་ཡོད་སྲིད་ཀི་རེད།  དེ་བས་ནོར་འཁྲུལ་བྱུང་ན་དགོངས་དག  ང་རང་གི་ཚོར་བའམ་དྲན་ཚུལ་གྱི་སྟེང་ནས་ཁ་བརྡ་ཞིག་བཤད་ན།  བོད་ནང་གི་སྙན་ངག་འབྲི་ཐབས་ཀྱི་སྟེང་ནས་དོན་ངོ་མའི་རང་ཉིད་ཀྱི་ཤེས་ཡོན་དང་ཤེས་རབ་ཀྱི་རྩལ་ལ་བརྟེན་ནས་འབྲི་བཞེངས་བྱེད་བཞིན་ཡོད་པའི་ཚོར་བ་ཞིག་ང་རང་ལ་འགོག་མེད་དུ་བྱིན་ཡོང་ལ།  བརྗོད་བྱའི་སྟེང་ནས་རང་ཉིད་ཀྱི་མི་རིགས་ཀྱི་གནང་དོན་ཞིག་དང་རིག་གཞུང་གི་འགལ་འབྲེལ་གྱི་སྟེང་ལ་སྨྱུག་རྩེ་གཙོ་བོ་སྐོར་གྱིན་ཡོད་པ་དེ་འདྲ་ཞིག་ཏུ་སྣང་སོང་། དེ་ཡང་མཐར་གཏུགས་ན་བཤད་ན་བོད་ནང་གི་རྩོམ་ཡིག་ཕལ་མོ་ཆེ་ནི་རྩོམ་པ་པོ་དང་སྙན་ངག་པ་སུ་ཞིག་གིས་བྲིས་པ་ཡིན་ཡང་དེ་ཀློག་པའི་སྐབས་ལ་གཙོ་བོ་ནི་བརྗོད་སྙིང་རྡོག་རྡོག་དེ་ལ་རྒྱའི་སྲོག་དབང་གིས་གཏམས་པ་ཅུང་ཤོས་ཆེ་བར་སྣང་བ་འདི་རེད། དེ་བས་རང་ཉིད་ཀྱི་ངོས་ནས་རྩོམ་ཡིག་འདི་འདྲའི་རིགས་ལ་ཧ་ཅང་གདེངས་འཇོག་ཚད་མེད་བྱེད་ཀིན་ཡོད།  ད་བོད་ཕྱི་ལོག་ནས་འབྲི་བའི་སྙན་ངག་དག་ལའང་བརྒྱུད་རིམ་དང་གོ་རིམ་ངེས་ཅན་ཞིག་ཡོད་ཀི་བསམས་སོང་ལ། སྐབས་འདིར་དེའི་སྟེང་ནས་ཀྱང་ཁ་བརྡ་ཐུང་ཐུང་ཞིག་བྱས་ན་ང་ཚོ་ལ་གོ་རྒྱུ་གང་འཚམ་ཞིག་ཨེ་ཡོད་བསམ་གི ལོ་རབས་བརྒྱད་ཅུ་བའི་ཡར་སྔོན་དུ་བོད་ཕྱི་ལོག་ཏུ་བོད་ཀྱི་སྙན་ངག་འབྲི་བའི་བོད་རང་གི་སྙན་ངག་པ་མང་བོ་མི་འདུག   ཅུང་འབྲི་བ་དག་ཀྱང་ཕལ་མོ་ཆེ་དགེ་རྒན་ཡིན་པར་སྣང་ཞིང་།  ཁོ་ཚོ་ཡང་ལོ་ན་བགྲེས་པ་རྐྱང་རྐྱང་ཡིན་པར་མཐོང་། ལོ་རབས་བརྒྱད་ཅུ་བའི་མཇུག་ནས་བཟུང་བོད་ཕྱི་ནང་གཉིས་ཀ་འབྲེལ་འདྲེས་ཀྱི་ལམ་ག་སྔར་ལས་ཇེ་ཡངས་སུ་སོང་སྟེ་བོད་ནང་ལོག་ནས་ཀྱང་བོད་ཀྱི་རྩོམ་པ་པོ་དང་སྙན་ངག་མང་དག་ཅིག་ཕྱི་ཕྱོགས་སུ་བསྐྱོད་འགོ་ཚུགས་པར་མ་ཟད།  ང་རང་བོད་ཀྱི་སློབ་གྲྭ་ག་གེ་མོའི་སློབ་མ་ཡིན་ཟེར་བ་དང་། ང་རང་བོད་ཀྱི་དགོན་ཆེན་ག་གེ་མོའི་གྲྭ་བ་ཡིན་ཟེར་བ་ལ་སོགས་པའི་ཤེས་ཡོན་པའི་སྡེ་ཡི་མི་སྣའང་མི་ཉུང་བ་ཞིག་ཕྱི་ལོག་ཏུ་འབྱོར་བ་རེད། དེ་འདྲ་ཡིན་ཙང་དེ་དག་གི་ང་རྒྱལ་དང་སྤོབས་པར་འགྲོགས་ནས་བོད་ཕྱི་ལོག་གི་སྡེ་ལའང་སྔ་ན་མེད་པའི་ཤུགས་རྐྱེན་ཐེབས་ཏེ་སྙན་ངག་ལ་དགའ་མཁན་དང་འབྲི་མཁན་མང་བོ་ཞིག་འཚང་ཁ་ཤིག་ཤིག་ཏུ་སླེབས་གནང་བྱས་པར་མ་ཟད། སྙན་ངག་གི་ལམ་ག་གསར་བ་ཞིག་གི་འགོ་ཡང་བརྩམས་གྲུབ་གནང་བ་རེད། སྙན་ངག་པ་དང་ཤེས་ཡོན་པ་པ་གང་མང་ཞིག་ཕྱི་ལོག་ཏུ་འབྱོར་བས་དོན་ངོ་མར་བཤད་ན་བཙན་བྱོལ་སྲིད་གཞུང་གི་བོད་མི་རྣམས་ལ་སྙན་ངག་ཟེར་བ་དེ་ད་གཟོད་ཧ་གོ་གི་བཞུག་ཡོད་པ་རེད།  དེ་ནས་རིམ་བཞིན་ཕྱི་ལོག་ནས་ཀྱང་སྙན་ངག་གི་དུས་དེབ་དང་ཚགས་པར་རེ་གཉིས་འདོན་སྤེལ་གནང་བ་སོགས་ཀྱི་མཐུན་རྐྱེན་ལ་བརྟེན་ནས་གང་ལ་གང་འཚམ་གྱིས་རིམ་པར་གོམ་བགྲོད་གནང་སྟེ་བོད་ཕྱི་ལོག་གི་སྙན་ངག་དེ་ཡང་དེ་རིང་བར་དུ་སླེབས་ཡོད་པ་རེད།  ལྷག་པར་དུ་དྲྭ་ཚིགས་དང་སྐད་འཕྲིན་སོགས་དེང་རབས་ཀྱི་ཆ་འཕྲིན་དར་ཏེ་རྩོམ་ཡིག་དང་སྙན་ངག་ཁྱབ་སྤེལ་བྱས་པ་ལ་བརྟེན་ནས་བོད་ཕྱི་ནང་གཉིས་ཀའི་རྩོམ་པ་པོ་དག་གིས་བསམ་བློ་བརྗེ་རེས་ཅི་དགར་གནང་ཐུབ་པས།  ཕྱི་ཕྱོགས་བོད་རང་གི་སྙན་ངག་དེའང་འཕེལ་རྒྱས་ཆེན་པོ་བྱུང་ནས་རྩོམ་ཡིག་གི་སྤུས་ཀའི་ཆ་ནས་ཀྱང་བོད་ཕྱི་ནང་གཉིས་ཀ་ཧ་ལམ་འདྲ་བོ་ཆགས་འདུག་སྙམ་པའི་དུས་ལ་སླེབས་ཡོད་པར་སྣང་བ་དེ་འདྲ་རེད།  ཡིན་ནའང་བརྗོད་བྱའི་ཆ་ནས་ཨ་འཇམ་གྱིས་བཤད་པ་ནང་བཞིན་སྙན་ངག་ཟིག་འབྲི་བ་ལ་ཕྱི་ཁོར་ཡུག་གིས་མིག་རྒྱ་ཞིག་བསྐྱེད་ཐུབ་ན་ལེགས་ཀི་བསམ་སོང་།རང་ཉིད་ཀྱིས་དངོས་སུ་མཐོང་བ་དང་ཐོས་པ། མྱངས་པ་ཞིག་བྲིས་ན་སྙན་ངག་དེའི་སྤྱིའི་ཆ་ནས་ཕུན་སུམ་ཚོགས་པ་ཡོང་བར་ཕན་ཐོགས་བླ་མེད་འབྱུང་བས་འདི་ཡང་ཀུན་གྱིས་དོ་གལ་གནང་དགོས་པའི་གནད་དོན་གཅིག་རེད་འདོད། དེ་བས་ཕྱི་ལོག་གི་སྙན་ངག་འབྲི་བ་པོ་རྣམས་ཀྱི་སྙན་ངག་གི་བརྗོད་བྱའི་ཆ་ནས་བོད་ནང་གི་སྙན་ངག་འབྲི་བ་བོ་རྣམས་ཀྱི་སྙན་ངག་དང་བསྡུར་ན་ཧ་ཅང་ཁྱབ་ཆེ་བ་དང་ཀུ་ཡངས་པའི་རྣམ་པ་ཞིག་མངོན་ལ།  ལྷག་པར་དུ་རྒྱལ་ཁབ་ནས་རྒྱལ་ཁབ་གཅིག་ལ་བརྒྱུད་ནས་འགྲོ་བའི་ཕྱི་སྡོད་བོད་མི་སྙན་ངག་པ་ཞིག་ལ་མཚོན་ན་དེའི་སྙན་ངག་ལ་དེ་བས་ཀྱང་འགྱུར་བ་ཐེབས་ཏེ། བརྗོད་བྱ་དེ་ཧ་ཅང་སྣ་མང་ཅན་དུ་འགྲོ་བ་དེའང་བོད་ཕྱི་ནང་གཉིས་ཀའི་སྙན་ངག་གི་མི་འདྲ་བའི་ཁྱད་པར་ཆེན་པོ་ཞིག་རེད་བསམ་གིན་ཡོད། ད་གོང་དུ་ཞུས་པ་བཞིན་འདིའི་ཕྱོགསས་ལ་ཆེད་དུ་ཞིབ་འཇུག་བྱས་མ་མྱོང་ཡང་ཕྱོགས་ཡོངས་ནས་བལྟས་ན་དེ་འདྲ་ཞིག་ཨེ་ཡིན་ནམ་བསམ་གིན་ཡོད།  


       ཨ་འཇམ།  ཨོ་རེད་རེད།  རྒན་འབའ་སྲས་ལགས་ལ་བཀའ་དྲིན་ཞུ།  དེ་ནས་ང་ཚོའི་ཚོམས་འདིའི་ནང་གི་དྲྭ་གྲོགས་ཐམས་ཅད་མཉམ་ཞུགས་གནང་ཐུབ་རྒྱུ་ན་ང་ཚོའི་ཁ་བརྡ་འདི་ཡང་དེ་བས་འབེལ་བོ་འབྱུང་བར་ཕན་ཐོགས་ཆེ་བས་ཧ་ཅང་བཟང་གི  ང་ཚོ་སུས་བྲིས་པའི་སྙན་ངག་ཡིན་ནའང་ཕལ་ཆེར་འདྲ་མཚུངས་སམ་ཚད་གཞི་གཅིག་གི་སྟེང་ལྟ་བུར་ཆགས་འདུག་པས་ཧ་ཅང་ཡ་མཚན་དང་ཆེན་པོ་ཞིག་བཤད་རྒྱུ་ཡོད་ནི་མ་རེད། ཡིན་ནའང་ང་ཚོའི་མཛེས་དཔྱོད་དང་བརྡ་ཐབས་བཀོད་སྤྱོད་ཀྱི་ཕྱོགས་ནས་མི་འདྲ་ས་མང་གི དེ་བས་ང་ཚོས་དེའི་ཕྱོགས་ནས་ཁ་བརྡ་བྱས་ནའང་ཡག་པོ་རེད་མཐོང་བྱུང་།ངས་ནམ་ཡང་བོད་ཀྱི་སྙན་ངག་ལ་ན་ཚ་ཆེ་ཤོས་གཅིག་ཡོད་གི་བསམ་བྱུང་།  རྒྱུན་དུ་དེ་འདྲ་བསམ་གིན་ཡོད།  ན་ཚ་དེ་ག་རེ་རེད་ཟེར་ན། ང་ཚོའི་སྙན་ངག་པའི་དཔུང་སྡེ་འདི་བརྟན་པོ་མིན་པ་དེ་རེད།   རང་གཤིས་ཀྱི་ཕྱོགས་ནས་ཧ་ཅང་བརྟན་པོ་མ་རེད།  སྤྱིར་བཏང་གི་སྙན་ངག་པའི་ཚོར་བ་རྣོན་པོ་ཞིག་ཡིན་ཆོག་ནའང་།  ང་ཚོའི་སྙན་ངག་པའི་ལངས་ཕྱོགས་དེ་བརྟན་པོ་མ་རེད། དེ་མིན་པའི་རྒྱུ་མཚན་གྱིས་འུ་ཚོའི་སྙན་ངག་པ་མང་བོ་ཞིག་ལས་རིགས་བརྗེས་པས་སྙན་ངག་གི་ཁ་ཕྱོགས་ལའང་འགྱུར་བ་ཐེབས་པ་ལྟ་བུ་རེད། ཡང་ན་ང་ཚོའི་འཚོ་བའི་ངོ་བོ་ཅུང་ཙམ་འགྱུར་བས་ལངས་ཕྱོགས་ལ་འགྱུར་བ་འགྲོ་བ་ཧ་ཅང་མང་གི   དཔེར་ན།  ཉེ་ཆར་བོད་ནང་གི་པད་མ་ཚེ་བརྟན་ལགས་ནི་གློག་བརྙན་འཁྲབ་ཁྲིད་པ་ཞིག་རེད།  ཁོའི་གློག་བརྙན་འཁྲབ་ཁྲིད་གང་ལའང་དམིགས་བསལ་གྱི་གྲུབ་འབྲས་བླ་ལྷག་ཐོན་པའི་དབང་གིས་མི་མང་བོའི་ཡིད་སྨོན་ཤོར་ཡོད་པ་རེད། དེ་ལ་བརྟེན་ནས་ང་ཚོའི་སྙན་ངག་པ་མང་བོ་ཞིག་གིས་སྙན་ངག་བསྐྱུར་ནས་བརྙན་ཕབས་ལག་ལ་བཟུང་ནས་གློག་བརྙན་ཕབས་པར་བྲེལ་བའི་མཐོ་རླབས་ཤིག་འཕྱུར་ཏེ།  སྙན་ངག་པ་མང་བོ་ཡུལ་ཕྱོགས་སོ་སོ་དང་།  ས་གནས་སོ་སོ།  འབྲོག་སྡེ་སོ་སོར་སོད་ནས་སྙན་ཕབས་ཀྱི་ལས་ཀའི་འགོ་བརྩམས་མྱོང་བ་རེད།   དོན་ངོ་མ་ང་ཚོ་བོད་ཀྱི་གློག་བརྙན་གྱི་སྟོང་ཆར་བསམ་ན་སྔར་མེད་གྲུབ་འབྲས་ཤིག་ལ་གླེང་དུ་ཆོག་རུང་།  ང་ཚོ་སྙན་ངག་པ་ཞིག་གི་རྩ་དོན་གྱི་ངོས་ནས་འདང་རྒྱབ་ན་སྙན་ངག་གི་ལམ་གའི་ཁྲོད་ཀྱི་ཕངས་སེམས་ཆེན་པོ་ཞིག་རེད་བསམ་གིན་ཡོད།  གཙོ་བོ་ང་ཚོའི་སྙན་ངག་པའི་ལམ་ག་དེར་གཏན་ཚུགས་མེད་པར་ནམ་ཡང་འགྱུར་ལྡོག་གི་རང་བཞིན་དུ་གནས་ཡོད་ཀི་བསམ་བྱུང་།  སྙན་ངག་པ་མཐར་ཐུག་ཏུ་གྱུར་བའི་ནུབ་ཕྱོགས་ཀྱི་སྙན་ངག་པ་དག་ལ་མཚོན་ན།  ཁོ་རང་ཚོའི་མི་ཚེ་དེ་སྙན་ངག་གི་ལམ་ནས་བསྐྱལ་ཐུབ་པའི་འགྱུར་མེད་ཀྱི་སྙིང་སྟོབས་ཤིག་མངའ་བའི་རྒྱུ་མཚན་གྱིས་ཁོ་རང་ཚོའི་སྙན་ངག་ལའང་གྲུབ་འབྲས་གཡུར་དུ་ཟ་བ་ཐོན་པ་དེ་འདྲ་རེད།


      འབའ་སྣང་གྲོལ། ཨོ་རེད་ལགས། བཀའ་དྲིན་ཆེ།  ད་རུང་འདི་ན་དྲི་བ་ཞིག་འདྲི་རྒྱུ་ཡོད་ཀི   སྤྱིའི་ཆ་ནས་ཕྱི་ཕྱོགས་སྙན་ངག་པ་དག་གིས་སྙན་ངག་འབྲི་བཞེངས་སམ་བློས་བསླངས་གནང་བའི་སྐབས་སུ་སྙན་ངག་དེ་ཉིད་སྤྱི་ཚོགས་སམ་མི་རིགས་ཤིག་གི་གནད་དོན་གྱི་ཕྱོགས་ལ་བཟུང་ནས་འབྲི་བཞིན་ཡོད་དམ།  ཡང་ན་སྙན་ངག་འབྲི་རྒྱུ་དེ་མི་སྒེར་གྱི་འཚོ་བ་སྐྱེལ་སྟངས་སམ་དགའ་ཕྱོགས་ཙམ་དུ་བཟུང་ནས་འབྲི་བཞིན་ཡོད་ཀི   དེ་དྲི་བ་གཅིག་བྱས།   དེ་ནས་ཕྱི་ཕྱོགས་སྙན་ངག་པ་དག་གིས་སྙན་ངག་འབྲི་བའི་སྐབས་རང་ཉིད་ཀྱི་ཚོར་འདུ་ཙམ་གཙོར་བཟུང་གིས་འབྲི་བཞིན་ཡོད་དམ།  ཡང་ན་མི་སྒེར་རེ་རེའི་ལྟ་གྲུབ་ཅིག་སྙན་ངག་གི་རྒྱབ་ལྗོངས་བྱས་ནས་འབྲི་བཞིན་ཡོད་ཀི   དེ་དྲི་བ་གཅིག་ཡིན།  དྲི་བ་འདི་གཉིས་ལ་སྐུ་ཉིད་ལགས་ཀྱིས་ཡང་བསྐྱར་དྲིས་ལན་ཁ་གསལ་རེ་བསྐྱོན་པར་བཀའ་དྲིན་ཆེ།


        འབའ་སྲས། འོ་རེད་ལགས།   འབའ་སྣང་གྲོལ་ལགས་ཀྱིས་ཁྱོན་བསྡོམས་པའི་དྲི་བ་གསུམ་དྲིས་སོང་། ཡིན་ནའང་དྲི་བ་གཉིས་དེ་དྲི་བ་རིགས་གཅིག་གི་ཁོངས་སུ་འདུ་བར་སྙམ།  དྲང་བོར་བཤད་ན་ངས་རྩོམ་ཡིག་འབྲི་བའི་སྐབས་ཕྱི་ནང་གི་ལ་རྒྱ་སོགས་ཏོག་ཙམ་ཡང་བྲིས་མེད།  བོད་ནང་ནས་ཕྱི་ལོག་ཏུ་ཡོང་སྟེ་བོད་ཡིག་གི་སྟེང་ནས་སྙན་ངག་འབྲི་བ་དག་ལ་མཚོན་ན་རང་རང་གི་ཤ་ཁྲག་དར་ས་དང་སློབ་སྦྱོང་གི་མ་རྐང་འཛུགས་ས་ཉག་གཅིག་ནི་བོད་ནང་ལོག་ཡིན་པ་རེད། བོད་ནང་ལོག་གི་ཤན་ཤུགས་དེ་ཁྱེར་ཡོང་ནས་ལོ་ངོ་གཅིག་དང་། ལོ་ངོ་གཉིས།  ཡང་ན་ལོ་ངོ་འགའ་ཤས་ཤིག་ལ་ཁོ་རང་གིས་མི་རིགས་དེ་དང་མི་རིགས་དེའི་རིག་གཞུང་རྩ་བ་བྱས་ནས་སྙན་ངག་འབྲི་བཞིན་ཡོད་པ་རེད།  ཡིན་ནའང་རིམ་གྱིས་རིམ་གྱིས་ཕྱི་ལོག་གི་ཤུགས་རྐྱེན་དང་།  ཕྱི་ལོག་གི་རང་དབང་དང་།  ཕྱི་ལོག་གི་བདེ་སྐྱིད་ལ་སོགས་པ་དང་བསྟུན་ནས་ཁོ་རང་གི་སྙན་ངག་གི་བརྗོད་བྱ་དེ་རིམ་འགྱུར་འགྲོ་བའི་གནད་དོན་དེ་འདྲ་ཞིག་སླེབས་ཡོང་གི་རེད། དེ་ངའི་སྐད་ཆ་དྲང་མོ་ཡིན།   དེ་ནས་ཕྱི་ལོག་ཏུ་སྙན་ངག་འབྲི་བའི་སྙན་ངག་པ་མང་ཆེ་བས་ལོ་ན་རྒན་གཞོན་གྱི་བར་ཁྱད་འདི་ལ་ལྟ་ཚུལ་འཛིན་པ་མ་རེད།  ལྟ་ཚུལ་འདི་འདྲ་འཛིན་གིན་མེད་པའི་བསམ་བློ་དང་ཚོར་འདུ་དེ་གང་ནས་བྱུང་བ་རེད་ཟེར་ན།  སྤྱི་ཚོགས་དེ་རང་གི་བློ་ངོ་ལ་ཚུར་འཕྲོས་པའི་སྟེང་ནས་ལྟ་ཚུལ་འདི་བྱུང་བ་རེད།  དེ་བས་ནུབ་ཕྱོགས་པ་ཡིན་ན་ལོ་ན་རྒན་གཞོན་ངོས་ནས་སྙན་ངག་ལ་གཏན་ནས་ཁྱད་པར་ཕྱེ་བ་མ་རེད། དེ་མ་ཕྱེས་པས་ན་འཇིག་རྟེན་གྱི་ལྟ་ཚུལ་དང་འཇིག་རྟེན་གྱི་སྣང་བ།  འཇིག་རྟེན་གྱི་བརྩེ་དུང་གི་ངོས་ནས་ལོ་ན་རྒན་གཞོན་ལ་ཁྱད་པར་མེད་པ་དེ་འདྲ་མཐོང་ཡོང་གི

       ང་ཚོ་བོད་པ་ལྟ་བུ་ཞིག་གིས་བལྟས་པ་ཡིན་ན་ངོ་མ་ཧ་ལས་པ་དང་ཧང་སངས་དགོས་པའི་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཏུ་གྲུབ་ཡོད་ནའང་། དངོས་ཡོད་གནས་ཚུལ་ལག་ལེན་གྱི་སྟེང་ནས་གནས་ཚུལ་ངོ་མ་དེ་འདྲ་ཞིག་ཡིན་པའི་རྒྱུ་མཚན་གྱིས་ལོ་ན་རྒན་གཞོན་ལ་བར་ཁྱད་མེད་པ་དེ་ངས་བལྟས་ན་ཧ་ཅང་གསལ་བོ་རེད་སྙམ་བྱུང་།  དེ་བས་སྣང་གྲོལ་ལགས་ཀྱི་དྲི་བར་བཏབ་པའི་དྲིས་ལན་འདི་འགྲིག་ཀྱང་མ་འགྲིག་ཀྱང་རང་གི་སེམས་ལ་དྲན་ཚུལ་དེ་འདྲ་ཞིག་རེད།   དེ་ནས་ཨ་འཇམ་ལགས་ཀྱིས་གསུངས་པ་དེ་ག་རང་རེད།  ང་རང་གིས་ཀྱང་ལྟ་ཚུལ་དེ་འདྲ་བཟུང་ཡོད། ང་ཚོའི་བོད་ཕྱི་ནང་གཉིས་ཀ་ལ་མིང་དུ་གྲགས་པའི་སྙན་ངག་པ་ཧོར་གཙང་འཇིགས་མེད་ཀྱིས་སྐབས་ཤིག་ལ་བཅར་འདྲི་གནང་སྐབས་སུ་འདི་འདྲ་ཞིག་གསུངས་སོང་། ངས་སྙན་ངག་མ་བྲིས་མ་གཏོགས།   ངས་སྙན་ངག་རྒས་མེད་ཟེར་བའི་ལན་འདི་འདྲ་ཞིག་བཅར་འདྲི་བར་བསྐྱོན་སོང་བ་རེད།   ཡིན་ནའང་ཨ་འཇམ་གྱིས་གསུངས་པ་ནང་བཞིན་བོད་ཀྱི་སྙན་ངག་པ་དག་བརྟན་པོ་མི་འདུག་ཟེར་བ་དེ་དངོས་གནས་བདེན་པ་རེད།  དེ་བས་ང་རང་གིས་ཀྱང་ནམ་རྒྱུན་ང་ཚོས་རིགས་གཅིག་རྐང་འཛིན་གྱི་ལས་ལ་འབད་པ་ཆེན་པོ་བྱེད་དགོས་ཀི་ཞེས་ཡང་དང་བསྐྱར་དུ་གླེང་བའི་རྒྱུ་མཚན་འདི་ཡིན།   རིགས་གཅིག་རྐང་འཛིན་ཟེར་བ་དེའང་གནས་སྐབས་ཙམ་མ་ཡིན་པར་རང་གི་མི་ཚེའི་ནང་ལོག་ཏུ་ཆོད་སེམས་བརྟན་པོ་ཞིག་དགོས་ཞེས་ང་རང་ཉིད་ཀྱིས་ག་དུས་ཡིན་ཡང་བོད་མི་རེ་རེ་ལ་འབོད་སྐད་ཞུ་གི་ཡོད།  ང་རང་ཉིད་ལ་མཚོན་ན་ཤེས་ཡོན་པ་དང་། སྙན་ངག་པ།  གཞུང་ལུགས་པ་སོགས་ཅི་ཡང་མིན།  ཡིན་ནའང་རང་ཉིད་ཀྱིས་སྙན་ངག་ལ་བཅངས་པའི་དུང་བ་གསོན་པོ་ཞིག་ཡོད་པ་ཡིན།

      དོན་གྲུབ་རྒྱལ་གྱིས་གསུངས་པ་ནང་བཞིན་ངའི་ཡ་ཆུང་ཁོག་ན་དྲག་ཏུ་ལྡིང་བའི་སྙིང་གསོན་པོ་ཞིག་ཡོད་པས་རང་ཉིད་ལ་མཚོན་ན་སྙན་ངག་གི་ཕྱོགས་ལ་མཐའ་གཅིག་ཏུ་བློ་སེམས་དཀར་བོ་ཞིག་ཡོད་པ་ཡིན།   གལ་ཏེ་མི་གཞན་ཞིག་གིས་ངས་བྲིས་པ་ཐམས་ཅད་སྙན་ངག་ཏུ་ཁས་བླངས་ཀྱང་རུང་ལ།  མ་བླངས་ཀྱང་ཆོག     ང་རང་ཉིད་ཀྱིས་རང་གིས་བྲིས་པའི་སྙན་ངག་དག་ནམ་ཡང་བརྟན་བསྲུང་བྱེད་རྒྱུ་ཡིན་ཞེས་རང་ལ་དམ་བཅའ་ཡོད་པ་དེ་འདྲ་ཡིན།   ལ་ལ་ཞིག་སྤྱི་ཚོགས་ཀྱི་ཁོར་ཡུག་བརྗེས།  རང་གི་ལས་རིགས་བརྗེས་དེ་འདྲ་བྱས་པ་ན་སྙན་ངག་དེ་ཡང་བློས་གཏོང་བྱེད་པ་དེ་འདྲ་མང་བོ་འདུག   གོང་ནས་ཨ་འཇམ་ལགས་ཀྱིས་ཁ་གསལ་མ་གནང་བར་འདིའི་སྐོར་སྤྱི་ཙམ་ཞུས་སོང་།  འུ་ཅག་གི་བོད་ཕྱི་ནང་གཉིས་ཀ་ན་མིང་དུ་གྲགས་པའི་སྙན་ངག་པ་ལྗང་བུ་དང་།  གངས་ཞེན།  པད་མ་ཚེ་བརྟན་སོགས་ལྟ་བུ་རེད།  ཁོ་ཚོ་ཡང་སྔོན་ཆད་སྙན་ངག་པ་བྱས་པ་རེད།   རྗེས་སུ་སྤྱི་ཚོགས་དཔྱད་བརྗོད་པ་བྱས་པ་རེད།  ད་ལྟ་གློག་བརྙན་འཁྲབ་ཁྲིད་པ་དང་ཕབས་བསྒྱུར་བ་བྱས་ནས་གློག་བརྙན་གྱི་ཁ་ཕྱོགས་སྟེང་ལ་ཤུགས་རྒྱག་གིན་ཡོད་པ་དེ་འདྲ་རེད།  སྤྱིར་བཏང་བཤད་ན་ཨ་འཇམ་གྱིས་གསུངས་པ་ནང་བཞིན་ང་ཚོར་མེད་པ་ཞིག་ཁ་སྐོང་གནང་བ་དེ་ཡག་པོ་ཡིན་པ་དངོས་གནས་བདེན་པ་རེད།   འོན་ཀྱང་རང་ཉིད་སྙན་ངག་པ་ཞིག་ཡིན་ན་རང་གི་མི་ཚེ་གང་བོ་སྙན་ངག་པ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།  འུ་ཅག་གི་སྙན་ངག་པ་འདས་པོ་ཡི་དམ་ཚེ་རིང་ནང་བཞིན་རེད།   ཁོ་རང་གི་མི་ཚེ་དེ་སྙན་ངག་པ་ཤ་སྟག་བྱས་ནས་མི་ཚེ་མཐར་ཕྱིན་པ་རེད།  དེ་ཧ་ཅང་ཡག་པོ་རེད་བསམ་བྱུང་།  དཔེར་ན།  ང་ཚོ་ཞིང་ལས་པ་ཞིག་ཡིན་ན་སྟོན་འབྲས་དེ་ཧ་ཅང་ལེགས་པོ་འབྱུང་བའི་ཆེད་དུ་འབད་བརྩོན་བྱེད་པ་དེ་གལ་ཆེན་པོ་ཡིན་པ་དང་། ཕྱུག་ལས་པ་ཞིག་ཡིན་ནའང་དེ་མཚུངས་འབད་བརྩོན་གནང་ན་ཕྱུག་ལས་ཐོན་སྐྱེད་དེ་ཡག་པོ་འབྱུང་བ་ལྟ་བུ་རེད།  དེ་མིན་པར་ཕྱུག་ལས་ཞིང་ལས་སུ་བསྒྱུར། ཞིང་ལས་ཕྱུག་ལས་སུ་བསྒྱུར། དེ་ཚོང་ལས་སུ་བསྒྱུར་ཏེ་ཁ་ཕྱོགས་གཏན་འཁེལ་བ་ཞིག་མེད་ན་འབྲས་བུ་ཆེན་པོ་འཐོབ་དཀའ་གི་བསམས་སོང་། དེ་བས་ང་ཚོས་རིགས་གཅིག་རྐང་འཛིན་གནང་བ་སྟེ།   སྙན་ངག་པ་ཞིག་ཡིན་ན་ཁོ་རང་གི་མི་ཚེ་དེར་སྙན་ངག་པ་ཞིག་བྱེད་རྒྱུ་ཡིན་ན་གྲུབ་འབྲས་ཆེན་པོ་ཞིག་འཐོབ་ངེས་པ་སྨོས་དགོས་པ་ལྟ་བུ་ཡིན་པས་ང་རང་གིས་ནམ་ཡང་དེ་ལྟར་བསམ་གིན་ཡོད་ཟེར་བ་དེ་ཡིན།

      དེ་ལྟ་མ་ཡིན་པར་སྤྱི་ཚོགས་དང་དཔལ་འབྱོར་གྱི་རྗེས་སུ་འབྲང་བ་ཡིན་ན་ངས་འདི་ནས་ཁ་གསལ་བོ་དང་ཚིག་རྩུབ་མོ་ཞིག་བཤད་ན་སྙན་ངག་པ་དེ་གཤང་འཚོང་མ་ལྟ་བུར་གྱུར་ཚར་བ་རེད། གཤང་འཚོང་མ་ཟེར་བ་དེ་སུ་ཞིག་གིས་སྒོར་མོ་སྟེར་ན་དེའི་རྗེས་ལ་འདེད་པ་རེད།

      དེའི་རྒྱུ་མཚན་གྱིས་ང་ཚོའི་སྙན་ངག་པ་ཟེར་བ་འདི་རིག་གཞུང་ཞིག་གིས་བསྐྱེད་བསྲིང་བྱས་པའི་མི་སྣ་ཞིག་ཡིན་པའི་ཆ་ནས་རང་ལ་གཞན་གྱིས་ཁ་ལོ་བསྒྱུར་མི་ཐུབ་པའི་རང་གཤིས་བརྟན་པོ་ཞིག་ཆགས་པའི་བསམ་བློ་སྔོན་དུ་གཏོང་དགོས་པར་མ་ཟད།  རང་གི་མི་ཚེ་ལ་ཐག་གཅོད་ཀྱི་མཐའ་སྡོམ་དང་བསྒྲགས་གཏམ་སོགས་ཀྱང་སྤེལ་ན་འོས་འཚམ་རེད་བསམ་གྱིན་ཡོད།  ང་རང་ཉིད་ལ་མཚོན་ན་སྙན་ངག་ལ་དགའ་མཁན་ཞིག་ལས་སྙན་ངག་པ་མ་རེད།   ཡིན་ནའང་སུ་ཞིག་དང་འཕྲད་ན་འདི་ལྟར་བཤད་ཀིན་ཡོད།  ང་རང་མ་ཤི་བར་དུ་སྙན་ངག་འབྲི་རྒྱུ་ཡིན།  སྤྱི་ཚོགས་ཀྱིས་ངས་བྲིས་པ་གང་དེ་སྙན་ངག་མ་རེད་ཟེར་ནའང་།  ངས་མུ་མཐུད་དུ་རང་ཉིད་ཀྱིས་སྙན་ངག་ཏུ་ཁས་འཆེ་ནས་འབྲི་གི་ཡིན། ལྷག་པར་དུ་ང་རང་གིས་སྙན་ངག་ཟེར་བ་འདི་མི་ཚེ་འདིའི་སྐྱོ་རོགས་དང་སྡུག་རོགས་སུ་འཛིན་བཞིན་ཡོད།  ངས་འདི་ལྟར་ལབ་ན་གཞན་དག་དགོད་རྒྱུ་ཡོང་ནའང་ཐང་མོད།  ང་རང་གིས་ངོས་ནས་དེ་ལྟར་ངོས་འཛིན་ཞུ་གིན་ཡོད།

      ངས་ནི་རང་ཉིད་ཀྱི་སྙན་ངག་ལ་བཅངས་པའི་བརྩེ་དུང་དང་རང་གཤིས་གཙང་མ་ཞིག་ཡོད་ན་མི་ཚེ་དེ་ཡང་སྙན་ངག་དང་མཉམ་པོར་མཐའ་ཆོད་རྒྱུ་དེ་ཧ་ཅང་གལ་ཆེ་བར་བསམ་སོང་།  དེ་དཔེ་ཞིག་གི་སྟེང་ནས་ཞུས་པ་ཡིན་ན།  དང་བོ་བུད་མེད་ཅིག་རང་གི་འདུན་མར་ལེན་པའི་སྐབས་སུ་བུད་མེད་དེ་ལ་ང་ཁྱོད་ལ་སྙིང་ནས་དགའ་ཟེར་བ་དང་།  ང་ཁྱོད་ལ་བརྩེ་བ་ཡོད་ཟེར་བ་དང་།  ཁྱོད་ངོ་མ་ཡག་གི་ཟེར་བ་དང་། ཁྱོད་རང་ང་ལ་ཐོབ་སོང་ན་འཇིག་རྟེན་འདི་ནས་ང་ལ་ཅི་ཡང་མི་དགོས་ཟེར་བ་ནང་བཞིན།  ང་ཚོ་སྙན་ངག་པ་ལས་དང་བོ་བ་ཞིག་ལ་མཚོན་ནའང་ང་རང་སྙན་ངག་ལ་ངོ་མ་དགའ་གི་ཟེར་བ་དང་། སྙན་ངག་གིས་ང་ལ་ཚོར་བ་སྟེར་ཐུབ་ཀི་ཟེར་བ་དང་། སྙན་ངག་གིས་ང་ལ་འཇིག་རྟེན་བསྐྲུན་ཐུབ་ཀི་ཟེར་བ་སོགས་དེ་འདྲ་མང་བོ་ཞིག་གླེང་གིན་ཡོད་པ་རེད།

       ཡིན་ནའང་རང་གི་ལས་གནས་བརྗེ་བ་དང་ཕྱི་ནང་གི་གནོན་ཤུགས་ལ་སོགས་ཀྱི་དབང་གིས་སྙན་ངག་དེ་བློས་བཏང་བ་ཡིན་པ་ན།  སྔོན་དུ་རང་གི་འདུན་མར་བླངས་པའི་བུད་མེད་དེ་ལ་དམ་བཅའ་དང་ཁ་ཡག་མང་བོ་བཤད་པ་དེ་སྣང་མེད་དུ་གཡུགས་ནས་བཟའ་འཐོར་རྒྱབ་པ་དང་ངོ་བོའི་སྟེང་ནས་གཅིག་པ་གཅིག་རྐྱང་རེད།  དེ་འདྲ་ཡིན་ཙང་རང་ཉིད་འཇིག་རྟེན་འདི་ལ་སྙན་ངག་པ་རྣལ་མ་ཞིག་བྱེད་འདོད་ཡོད་ན་ཁྱིམ་ཚང་དང་ལས་གནས། སྤྱི་ཚོགས་ཀྱི་གནོན་ཤུགས་གདོང་ལེན་ཐུབ་དགོས་པར་མ་ཟད།  ཐ་ན་བཙོན་དུ་འགྲོ་དགོས་པ་དང་སྲོག་ཁྲིམས་བཅད་དགོས་ཀྱང་རུང་སྙན་ངག་ལ་བཟུང་བའི་དམ་བཅའི་ཆེད་དུ་ཤི་ཐུབ་པ་དེ་འདྲ་ཡིན་ན་ད་གཟོད་སྙན་ངག་པ་སྟོབས་དང་ལྡན་པ་ཞིག་རེད།  ང་ཚོ་བོད་ལ་དེ་འདྲའི་སྙན་ངག་པ་མང་བོ་མེད་ཀྱང་ཉུང་ཉུང་ཞིག་འབྱུང་ཨེ་ཐུབ་པར་རེ་སྨོན་གཙང་མ་རྒྱག་གིན་ཡོད།


       འབའ་སྣང་གྲོལ། ཨོ་རེད་ལགས།  གོང་དུ་རྒན་འབའ་སྲས་ལགས་ཀྱིས་ང་རང་ཉིད་ཀྱི་དྲི་བ་དང་འབྲེལ་ཏེ་ཁོ་རང་ཉིད་ཕྱི་ཕྱོགས་སུ་སོང་བའི་སྙན་ངག་གི་མྱོང་ཚོར་དང་ཁོ་རང་གི་སྙན་ངག་གི་ལངས་ཕྱོགས། ཕྱིའི་སྙན་ངག་གི་མཁའ་དབུགས་སོགས་ཀྱི་ཕྱོགས་ནས་དྲང་བོའི་ངག་གིས་ཁ་བརྡ་བྱས་པར་སེམས་གཏིང་ནས་བཀའ་དྲིན་ཞུ།   དེ་འཚུངས་ད་གོང་ནས་ཨ་འཇམ་གྱིས་གསུངས་པ་ནང་བཞིན་རེད།  བོད་ཀྱི་སྙན་ངག་པའི་དཔུང་སྡེ་འདི་ཧ་ཅང་བརྟན་འཇགས་ཀྱི་རྣམ་པ་མེད་པ་དང་། ཁྱད་པར་དུ་བོད་ཀྱི་སྙན་ངག་པ་དག་གི་རང་གཤིས་ཀྱི་ངང་ཚུལ་ལ་འགྱུར་བག་རྐྱེན་ཞིང་། རང་གི་དམིགས་འདུན་གྱི་ཁ་ཕྱོགས་ལ་འགྱུར་མེད་ཀྱི་དམ་བཅའ་དང་མི་བསླུ་བའི་ཡིད་ཆེས་ཞན་པའི་དབང་གིས་བོད་ཀྱི་སྙན་ངག་གི་འཕེལ་རྒྱས་ཀྱི་མདུན་ལམ་ལའང་འགལ་རྐྱེན་རབས་དང་རིམ་པ་འཛིངས་ཡོད་པ་དོན་དངོས་ཡིན་པ་དེ་འདྲ་རེད།  ཡིན་ནའང་འདི་ལ་རྒྱུ་རྐྱེན་མེད་པའང་མ་ཡིན་ཏེ། ང་རང་ཉིད་ཀྱིས་རྒྱུ་རྐྱེན་འགའ་ཡོད་ཀི་བསམ་གིན་ཡོད། ཕྱོགས་གཅིག་ནས་བསམ་ན་སྙན་ངག་གི་ལམ་ག་འདིར་བསྐྱོད་པའི་སྐབས་སུ་སྤྱི་ཚོགས་དང་མི་སྒེར་གྱི་འཚོ་གནས་ཀྱི་དགོས་མཁོའི་དབང་གིས་ལམ་ག་གཞན་ཞིག་གདམ་དགོས་པ་དེ་འདྲ་ཡང་མང་བོ་འབྱུང་སྲིད་པ་ཞིག་རེད།  དེ་འདྲ་ཡིན་དུས་ལས་རིགས་ཤིག་ལས་རིགས་གཞན་ཞིག་གི་ཁྱབ་ཁོངས་སུ་འཛུལ་བ་ཡིན་པས་ན་སྔར་གྱི་ལས་རིགས་དེ་ལ་མངོན་གསལ་གྱིས་ཚོད་འཛིན་ཐེབས་པའང་སྨོས་མ་དགོས་པ་རེད།  དེ་བས་ང་ཚོ་འཚོ་གནས་པ་ཞིག་ལ་མཚོན་ན་ཕྱི་ནང་གི་འགལ་རྐྱེན་མང་བོ་ཞིག་མི་འདོད་བཞིན་དུ་གདོང་འཕྲད་རྒྱག་དགོས་པས་རང་གི་དགའ་ཕྱོགས་ཙམ་དང་དམ་བཅའ་ཙམ་ཁོ་ན་ལ་ཤེད་ཀྱིས་འཇུས་ནས་འཚོ་བ་དེ་མཐའ་སྐྱོང་གནང་རྒྱུ་དེ་ཡང་སྐབས་དེའི་སྤྱི་ཚོགས་དང་ཁོར་ཡུག  འཚོ་གནས་ཀྱི་ངོས་ནས་ཀྱང་དེ་འདྲའི་འཚམ་པོ་ཡིན་མིན་ཐད་ལ་འདང་རྒྱག་རྒྱུ་མང་ཙམ་ཡོད་ཀི་བསམ་གིན་ཡོད།  ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་བ་ཡིན་ནའང་སྙན་ངག་འབྲི་བའི་དུས་ཚོད་ཡག་ཤོས་དེ་གཞོན་དུས་ཀྱི་སྐབས་ཡིན་པ་འདྲ་ཞིང་།  དེ་དུས་སྙིང་སྟོབས་དང་ཚོར་བ་སོགས་ནང་གིས་བསྡུས་པའི་ཆོས་ཚོགས་མང་བོ་ཞིག་ན་ཚོད་དང་བསྡོངས་ནས་འཕྱོ་སྐྱོམ་ཆེ་ལ་ཧ་ཅང་རྐྱེན་པའི་སྐབས་དེ་འདྲ་ཞིག་ཏུ་སླེབས་ཡོད་པས་ན། སྙན་ངག་འབྲི་བའི་རྒྱུ་རྐྱེན་མེད་དུ་མི་རུང་གཅིག་སྙན་ངག་པའི་སེམས་ཁམས་དང་ན་ཚོད་ཀྱི་སྟེང་ན་ཚང་ཡོད་པ་རེད།   དེ་འདྲ་ཡིན་ཙང་ལོ་ན་གཞོན་དུས་ཀྱི་ཚོར་བ་དང་སེམས་ཁམས་དེ་རྦ་རླབས་དང་སྨུག་རྒྱུ་ཡི་རྣམ་པ་མངོན་ཆེ་བས་གཞོན་དུས་སྐབས་སུ་འཆར་ཡན་དང་ཟུག་ཚོར་སློང་སླ་བའང་དེ་འདྲ་ཡིན་པར་བསམ་ཡོད་ཀིན་ཡོད།

     མདོར་ན་གཞོན་དུས་སྐབས་སེམས་ཁམས་གཏན་འཇགས་ཀྱི་རྣམ་པ་དེ་འདྲ་མེད་པ་ལ་སོགས་པས་ན་ཚོད་དང་བསྟུན་པའི་སྙན་ངག་གི་གཤིན་ས་གཤིན་པོ་དེ་ཡང་ཚོར་སྣང་གི་འགྱུ་བ་ཁད་ཀྱིས་ལུད་པའི་སྙན་ངག་གི་མྱུ་གུ་ཅི་དགར་འབུས་ཆོག་པའི་དུས་ཀྱི་གོ་རིམ་ངེས་ཅན་ཞིག་ལ་བསྙེག་ཡོད་པར་འདོད་སོང་།  ཡིན་ནའང་ལོ་ན་རྒན་པར་ཕྱོགས་ཚེ་གཞོན་དུས་ཀྱི་སྐབས་དང་འདྲ་བ་མ་ཡིན་པར་ཉམས་མྱོང་དང་ཐོས་རྒྱ་ཡིས་འཇིག་རྟེན་ལྟ་གྲུབ་ཀྱི་རྨང་ཆགས་པའི་སྐབས་དེ་ཤེད་ཙམ་ཡིན་པ་ན།  སྙན་ངག་གི་ཟུག་ཚོར་དང་ཤེས་རྟོག་རྐྱེན་པོ་དེ་ཡང་ལྟ་གྲུབ་ཀྱིས་ཉམས་དམས་པར་བྱས་ནས་བརྟན་འཇགས་ཀྱི་སེམས་ཁམས་ཤིག་ཏུ་གྲུབ་འགོ་བརྩམས་ཡོད་པ་རེད། དེ་བས་སྙན་ངག་གི་སེམས་ཁམས་དང་གཞུང་ལུགས་ཀྱི་སེམས་ཁམས་གཉིས་སམ། ཡང་ན་སྙན་ངག་པའི་སེམས་ཁམས་དང་ལྟ་སྤྱོད་པའི་སེམས་ཁམས་གཉིས་མེ་ཆུ་ལྟ་བུ་ཞིག་མིན་ནའང་།  ཆུ་ལ་ཆུ་བཞག་ལྟ་བུ་ཞིག་གཞར་ཡང་མིན་པས་ན་ང་ཚོས་སྙན་ངག་འབྲི་བའི་རྒྱུན་བསྲིང་མི་ཐུབ་པའི་རྒྱུ་རྐྱེན་གྱི་གནད་གལ་ཆེན་གཅིག་དེ་ན་མེད་དམ་སྙམ་མོ་ཞེས་ཞུ་འདོད་པ་དེའོ།། གཞན་དུ་ན་ང་རང་ཉིད་ཀྱིས་གནད་འགག་འདི་བོད་གཅིག་པུ་མ་ཡིན་པར་ཕྱི་ཕྱོགས་སུ་ཡང་དེ་འདྲ་ཡིན་རྒྱུ་རེད་བསམ་ནས་གོང་དུ་རྒན་འབའ་སྲས་ལགས་ལ་བཀའ་འདྲི་གནང་བ་དེ་འདྲ་ཡིན།  ད་ཚང་མར་བཀའ་དྲིན་ཆེ།

        ཨ་འཇམ། རྒན་འབའ་སྲས་ལགས་ཀྱིས་རང་གི་སྙན་ངག་ལ་བཟུང་བའི་ལྟ་ཚུལ་ཡག་པོ་ཞིག་གསུངས་སོང་།  ངོ་མ་བཀའ་དྲིན་ཆེ།  གོང་དུ་ཞུས་པ་བཞིན་ང་ཚོའི་སྙན་ངག་པའི་དཔུང་སྡེ་འདི་ཧ་ཅང་བརྟན་པོ་མེད་པར་མ་ཟད།  སྙན་ངག་པ་མང་བོ་ཞིག་ལ་སྙན་ངག་ཟེར་བ་འདི་རང་གིས་ཇི་ལྟར་འབྲི་བ་དང་འདིའི་སྟེང་གི་བསམ་བློ་གཏོང་སྟངས་ཀྱི་བརྒྱུད་རིམ་དེ་ངོ་མ་བཤད་ན་ཅུང་ཙམ་ཡང་བཤད་རྒྱུ་མེད་པ་མང་གི   དེ་ང་ཚོས་འདང་རྒྱག་དགོས་པའི་སྙན་ངག་པའི་གནད་དོན་གཅིག་རེད་བསམ་གིན་ཡོད།  དེ་ནས་ང་རང་ཉིད་ལ་མཚོན་ན་སྙན་ངག་རང་སྟེང་ལ་ངེས་པར་དུ་འགྱུར་ལྡོག་དགོས་ཀི་བསམ་གྱིན་ཡོད།  ནམ་ཡིན་ཡང་སྙན་ངག་མང་བོ་འབྲི་བཞིན་ཡོད་པ་དེ་བཞིན་སོ་ན་མ་གནས་པར་དུས་ཚོད་དང་བསྟུན་ནས་སྙན་ངག་ལ་འགྱུར་བ་ཡོད་ན་ཡག་པོ་རེད་སྙམ་སོང་།  སྙན་ངག་པ་ལ་ལྡོག་ཕྱོགས་ཀྱི་བསམ་བློ་ཤུགས་ཆེ་བ་རེད།  དེ་བས་ང་ཚོས་འདིའི་ཕྱོགས་ནས་ཀྱང་དྲང་ལྡོག་ཅི་རིགས་ཀྱི་སྒོ་ནས་དྲི་བ་དྲིས་ལན་བྱེད་རྒྱུ་ན་ཧ་ཅང་ཡག་པོ་རེད་བསམ་གི   སྤྱིར་དྲི་བ་དྲིས་ལན་བྱེད་པ་འདི་འུ་ཅག་གི་ཤེས་ཡོན་གྱི་མཐོ་དམན་ཞིག་དང་། ཤེས་མ་ཤེས་ཤིག་གནད་དོན་མ་ཡིན་པར་དྲི་བ་དྲིས་ལན་ལ་བརྟེན་ནས་བགྲོ་གླེང་གི་ཁོར་ཡུག་ཡག་པོ་ཞིག་ཡོང་བའི་ཆེད་དུ་ཡིན་པས་ན་རྣམ་པ་སུ་ཡིན་ཡང་ཡིག་ཐོག་ཙམ་མ་ཡིན་པར་ཐད་ཀར་ངག་ཐོག་ནས་མཉམ་ཞུགས་གནང་བར་བཀའ་དྲིན་ཆེ།

      རྨ་དུག་ལྕེ། ཨོ་རེད་ལགས།  གོང་ནས་རྒན་འབའ་སྲས་ལགས་དང་།  གྲོགས་པོ་འབའ་སྣང་གྲོལ་དང་།  གྲོགས་པོ་ཨ་འཇམ་གསུམ་གྱིས་ངོ་མ་ཧ་ལས་པའི་བཀའ་མོལ་ཡག་པོ་གནང་སོང་།  ང་རང་གིས་ཆ་ཚང་ཉན་པ་ཡིན།  བློ་བསྐྱེད་མི་དམན་པ་རེག་སོང་།  རྣམ་པ་ཚང་མར་བཀའ་དྲིན་ཆེ་ཞུ་གི་ཡིན།  ད་གོང་ནས་སྙན་ངག་པ་ཨ་འཇམ་གྱིས་བོད་ཀྱི་སྙན་ངག་པའི་དཔུང་སྡེ་འདི་བརྟན་པོ་མ་རེད་ཅེས་གསུངས་སོང་།  ངོ་མ་དེ་འདྲ་རེད།  བརྒྱ་ཆའི་བརྒྱ་བདེན་པ་རེད་བསམ་གི་ཡོད།   དེའི་གཞུག་དུ་རྒན་འབའ་སྲས་ལགས་ཀྱིས་ཀྱང་རྟིང་གནོན་གྱི་ཚུལ་དུ་བཀའ་མོལ་མང་བོ་ཞིག་གནང་སོང་།  ཡིན་ནའང་ང་རང་ཉིད་ཀྱིས་འདི་ལ་རྒྱུ་རྐྱེན་མང་བོ་ཞིག་ཡོད་པར་མཐོང་གིན་འདུག་ལ།  དེའི་སྟེང་ན་གནད་དོན་ཀྱང་མང་བོ་ཞིག་ཡོད་པ་ཚོར་གི་ཡོད།  དཔེར་ན། མི་རིགས་གཞན་ཏེ་ཕྱི་རྒྱལ་བ་ཞིག་གིས་སྙན་ངག་ཅིག་བྲིས་པ་ཡིན་ན་རང་གི་རྒྱལ་ཁོངས་ཙམ་མ་ཡིན་པར་ཀློག་པ་པོ་ཧ་ལས་པའི་མང་བོ་འབྱུང་ཐུབ། ལྷག་པར་དུ་ཧྥ་ཡིག་དང་དབྱིན་ཡིག་གི་སྟེང་ནས་སྙན་ངག་ཅིག་བྲིས་པ་ཡིན་ན་ཁོའི་སྙན་ངག་གི་ཀློག་པ་པོ་ནི་འཛམ་གླིང་ཡོངས་ཀྱི་མི་རིགས་ལྟ་བུ་ཆགས་ཐུབ་པའི་རྒྱུ་མཚན་གྱིས་སྙན་ངག་པ་ལ་ཀློག་པ་པོའི་ངོས་ནས་སེམས་ཤུགས་དང་གསོན་ཤུགས་སྤྲོད་ཐུབ་པ་དང་།  དེ་ནས་རྒྱལ་ཁབ་སོ་སོའི་ནང་ལོག་ཏུ་ང་ཚོའི་སྙན་ངག་གི་ཁོར་ཡུག་དེ་ཧ་ཅང་ཆུང་བ་དང་།  ལྷག་པར་དུ་གོ་དཀའ་བའི་སྙན་ངག་ཅིག་བྲིས་པ་ཡིན་ན་དེ་བས་ཀྱང་ཀློག་པ་པོ་ཉུང་ཉུང་ཡིན་པར་སྣང་།

        ཡང་མི་རིགས་གཞན་དང་འུ་ཚོའི་སྙན་ངག་བསྡུར་བ་ཡིན་ན་གནམ་ས་ལྟ་བུའི་ཁྱད་པར་ཞིག་ཡོད་པ་ནི།  དབྱིན་ཡིག་དང་ཧྥ་ཡིག་སྟེང་ནས་སྙན་དེབ་ཞིག་པར་བསྐྲུན་བྱས་པ་ཡིན་ན།  སླར་ཡང་སྙན་དེབ་རྗེས་མ་པར་བསྐྲུན་བྱེད་པ་ལ་ཕྱིས་སུ་རྒྱུ་དངོས་ཀྱི་དཀའ་ཁག་མྱང་མི་དགོས་པར་ཐག་གཅོད་བྱེད་ཐུབ་པ་ལྟ་བུ་རེད།  ད་རུང་ཕྱི་རྒྱལ་ཁག་ཡིན་ན་སྙན་ངག་གི་ཕྱོགས་ནས་གཞི་རྒྱ་ཆེ་བའི་སྙན་ངག་གྱེར་འདོན་གྱི་འགྲན་བསྡུར་དང་སྙན་འཕྲིན་སོགས་བརྒྱུད་ནས་སྙན་ངག་པ་དང་ཀློག་པ་པའི་བར་ལ་དྲི་བ་དྲིས་ལན་བྱེད་པ་ལ་སོགས་སོགས་པ་གཅིག་སྡུད་ཀྱི་རྣམ་པས་སྙན་ངག་པ་ལ་ཧ་ཅང་ངར་ཤུགས་སློང་བའི་དཔུང་རོགས་ཏེ་མཐུན་རྐྱེན་ཡང་ཧ་ཅང་འཛོམས་པོ་ཡོད་ཀི   དེ་བས་ཕྱི་རྒྱལ་སྙན་ངག་པ་དག་ལ་མཚོན་ན་སྙན་ངག་ལ་དུང་ཞེན་ཤུགས་ཆེ་མིན་གང་ལྟར་ཡང་ཁོ་ཚོ་སྙན་ངག་དང་མཉམ་དུ་སྐྱེས།  སྙན་ངག་དང་མཉམ་དུ་རྒས།  སྙན་ངག་དང་མཉམ་དུ་ཁོ་རང་གི་མི་ཚེ་ཚར་བའི་ཕྱིའི་མཐུན་རྐྱེན་གྱི་གོ་སྐབས་ང་ཚོ་བོད་ཀྱི་སྙན་ངག་པ་དང་བསྡུར་ན་ཧ་ཅང་ཡག་པོ་ཡོད་པ་དེ་འདྲ་རེད།


        ཨ་འཇམ། ཨོ་རེད་རེད།  རྣམ་པ་ཚོས་མང་བོ་གསུངས་ཐལ།  བཀའ་དྲིན་ཆེ།   འུ་ཅག་གི་སྙན་ངག་ལ་ལངས་ཕྱོགས་བརྟན་པོ་མེད་པ་དེ་ལ་སྤྱིར་རྒྱུ་རྐྱེན་མང་གི་བསམ་གིན་ཡོད།  ང་རང་ཉིད་ལ་མཚོན་ནའང་བསམ་བློ་མང་བོ་གཏོང་མྱོང་ཡོད།  ང་ཚོས་བསམ་བློ་གཏོང་དགོས་ས་ཞིག་རེད།  ཡིན་ནའང་ང་ཚོ་ལ་ཡོད་པའི་རྒྱུ་རྐྱེན་ཕལ་མོ་ཆེ་ནུབ་ཕྱོགས་ཁག་ཡིན་ནའང་ཡོད་རྒྱུ་ཞིག་རེད།  དཔེར་ན།  རང་གི་ལས་གནས་བརྗེ་སྤོར་གནང་རྒྱུ་དང་། གཞུང་ལུགས་གཞན་ལ་སྦྱོང་རྒྱུ་དང་།  ཡང་ན་སྙན་ངག་པ་མང་བོ་ཞིག་རང་ཉིད་ཀྱི་བརྩམས་ཆོས་དེ་སྤྱི་ཚོགས་དང་བར་ཐག་རིང་ནས་སྤྱི་ཚོགས་ཀྱིས་དང་ལེན་བྱེད་མ་ཐུབ་བར་གྱི་འགལ་ཟླ་སོགས་དཀའ་ཁག་མང་བོ་ཞིག་ལ་ཕྱི་ནང་ཐུན་མོང་གི་འཕྲད་ཀིན་ཡོད་པ་རེད།

      ཡིན་ནའང་ང་རང་ཉིད་ཀྱིས་བསམ་པར་ང་ཚོའི་སྙན་ངག་པ་དག་ནུབ་ཕྱོགས་དང་མི་འདྲ་སའི་དཀའ་ཁག་ཅིག་ཡོད་པ་ནི་སྙན་ངག་གི་སྟེང་ནས་དཔལ་འབྱོར་གྱི་མཐུན་རྐྱེན་འཚོལ་སྒྲུབ་བྱེད་མི་ཐུབ་པ་དང་།  སྙན་ངག་གི་སྟེང་ནས་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་པའི་ནུས་པ་ཅན་ཞིག་ཏུ་འགྲོ་དཀའ་བ་སོགས་དཀའ་ངལ་ངོ་མ་ཧ་ཅང་མང་བོ་ཡོད་ཀི ཡིན་ནའང་སྙན་ངག་སོགས་བྱ་བ་གང་ལ་ཞུགས་ནའང་ལངས་ཕྱོགས་གལ་ཆེན་ཞིག་ཡོད་རྒྱུ་དེ་ཧ་ཅང་གལ་ཆེན་རེད།  དེ་བས་ང་རང་ཉིད་ལ་མཚོན་ན་སྙན་ངག་འདི་གལ་ཆེན་དུ་འཛིན་དགོས་བསམ་པའི་འདུ་ཤེས་ཟབ་མོ་ཡོད།  དེ་ནས་ང་རང་ཉིད་ཀྱིས་ང་ཚོའི་སྙན་ངག་ལ་འགྱུར་ལྡོག་དགོས་ཀི་ཞེས་བཤད་ཀི་ཡོད།  ང་རང་གིས་རྒྱུན་དུ་བཤད་མྱོང་བ་དེ་རེད།  འགྱུར་ལྡོག་ཟེར་བ་འཕེལ་རྒྱས་ཀྱི་འགྱུར་ལྡོག་ཅིག་ཏུ་འགྱུར་དགོས་པ་ལས།  ཉམས་རྒུད་ཀྱི་འགྱུར་ལྡོག་ཅིག་ཏུ་གཏན་ནས་འགྲོ་མི་ཉན་གི   ཡིན་ནའང་འཕེལ་རྒྱས་འགྱུར་ལྡོག་ཟེར་བ་དེ་གཏོང་རྒྱུ་ཧ་ཅང་དཀའ་མོ་ཞིག་རེད།  དེ་དུས་ཚོད་དང་།  སྤྱི་ཚོགས་དང་། ཁོར་ཡུག་སོགས་མང་བོ་ཞིག་ལ་བརྟེན་ནས་འགྱུར་ལྡོག་འགྲོ་དགོས་པའི་རྒྱུ་མཚན་གྱིས་བརྩམས་ཆོས་དེ་རང་གི་ཁོར་ཡུག་དང་།  རང་གི་སྒྱུ་རྩལ།  རང་གི་བསམ་བློ་ལ་ཐག་ཉེ་དགོས་ཀི   དེ་འདྲ་ཞིག་གི་སྟེང་ནས་འགྱུར་ལྡོག་གཏོང་དགོས་ན།  ངེས་པར་དུ་དེའི་སྟེང་དུ་བསམ་བཞིགས་དང་དཀའ་ལས་མང་བོ་ཞིག་རྒྱག་དགོས་ཀི དེ་འདྲ་བྱས་ན་འགྱུར་ལྡོག་དེ་འཕེལ་རྒྱས་རང་བཞིན་ཅན་གྱི་གསར་བའི་ངོ་བོར་འགྱུར་བ་ཞིག་འབྱུང་རྒྱུ་རེད།   དེ་འདྲའི་དཀའ་ཁག་ལ་གདོང་ལེན་བྱེད་མ་ཐུབ་པ་མང་བོ་ཞིག་སྙན་ངག་ལ་ཁ་བྲལ་བ་དང་།   སྙན་ངག་གི་སེམས་ཤུགས་ཉམས་པ་དང་།  སྙན་ངག་གི་སྒྱུ་རྩལ་ཉམས་པ་དང་། སྙན་ངག་གི་ཁ་གྲངས་ཉམས་པ་དང།  ཡང་ན་ལ་ལ་ཁ་གྲངས་མང་ཡང་སྙན་ངག་ལ་འགྱུར་ལྡོག་འབྱུང་གིན་མེད་པ་སོགས་མང་བར་སྣང་གི ནུབ་ཕྱོགས་ལ་མཚོན་ན་རྩི་ཤིང་དང་བྱེའུ་སོགས་ལའང་མི་ཚེ་གང་བོ་ཞིབ་འཇུག་གི་ཆེད་དུ་བསྐྱལ་བའི་རིགས་གཅིག་རྐང་འཛིན་བྱེད་པའི་བསམ་བློ་དང་སྤོབས་པ་ཞིག་གི་མཁའ་དབུགས་མཐུག་གོ་ཞིག་ཆགས་ཡོད་གི ང་ཚོ་བོད་ལའང་དེ་འདྲའི་ཁོར་ཡུག་ཅིག་ཆགས་པར་ང་རང་ཉིད་ཀྱི་ངོས་ནས་ནམ་ཡང་རེ་བ་རྒྱག་གི་ཡོད།


       རྨ་དུག་ལྕེ། ཨོ་རེད།  ད་སོ་མ་གྲོགས་པོ་ཨ་འཇམ་གྱིས་བཀའ་མོལ་ཡག་པོ་གནང་སོང་།  དེ་ནས་ངས་གྲོགས་པོ་ཨ་འཇམ་གྱིས་སྐད་ཆ་དེའི་དོན་གོ་ནའང་མ་གོ་ཁུལ་བྱས་པ་དང་།  ཡང་ན་ཉམས་ཚོད་ལ་བརྟག་པ་ལྟ་བུ་རྩ་བ་ནས་མིན།  ང་རང་ཉིད་ཀྱིས་ངོ་མ་མི་ཤེས་ཀི    དེ་བས་མི་ཤེས་པ་རང་ཉིད་ཀྱིས་ཤེས་ན་འདོད་དེ་གྲོགས་པོ་ཨ་འཇམ་ལགས་ལ་དྲི་བ་ཞིག་ཡོད་ཀི  སྤྱིར་སྙན་ངག་ལ་འགྱུར་ལྡོག་གཏོང་དགོས་ཀི་ཟེར་བའི་སྙན་ངག་པ་ཁ་ཤས་ལ་ང་རང་འཕྲད་མྱོང་།   ཡིན་ནའང་དེ་དུས་ཐད་ཀར་དྲི་བ་སོགས་འདྲི་མ་མྱོང་།   དེ་བས་གྲོགས་པོ་ཨ་འཇམ་གྱིས་སྙན་ངག་ལ་འགྱུར་བ་གཏོང་དགོས་ཀི་ཟེར་འདི་སྙན་ངག་གི་འབྲི་ཐབས་ལ་འགྱུར་བ་གཏོང་དགོས་ཀི་ཟེར་བ་རེད་དམ།  རྗོད་བྱེད་ཀྱི་ཚིག་ལ་འགྱུང་བ་གཏོང་དགོས་ཀི་ཟེར་བ་རེད།   ཡང་ན་བརྗོད་བྱ་ལ་འགྱུར་བ་གཏོང་དགོས་ཀི་ཟེར་བ་རེད་དམ།   དེ་ལས་གཞན་པ་ཞིག་གི་ངོས་ནས་བཤད་ཀིན་ཡོད་པ་རེད།   འགྱུར་བ་གཏོང་དགོས་ཀི་ཟེར་བ་དེ་ཇི་ལྟར་འགྱུར་བ་གཏོང་དགོས་ཀི་རེད།  དེའི་ཚད་གཞི་ག་འདྲ་རེད།  དེ་ང་རང་ཉིད་ཀྱིས་གོ་བ་མི་ལོན་གི    གསལ་བཤད་ཅིག་གནང་རོགས།

  

       ཨ་འཇམ། རེད་རེད།  རྨ་དུག་ལྕེ་ཡིས་དྲིས་པ་བཞིན་རེད།   ང་ངང་ཉིད་ཀྱི་བསམ་ཚུལ་དེ་འདི་འདྲ་ཞིག་ཡིན།  སྤྱིར་སྙན་ངག་གི་བརྗོད་བྱའི་ཆ་ལ་ཧ་ཅང་གསར་བ་མང་བོ་ཡོང་རྒྱུ་མེད་ཀི  གཙོ་བོ་རྗོད་བྱེད་ཚིག་གི་སྟེང་ནས་བཤད་ཀི་ཡོད་པ་རེད། དེ་འདྲ་ཡིན་ཙང་ནང་བསམ་བློའི་འཇིག་རྟེན་དང་ཕྱི་དངོས་པའི་འཇིག་རྟེན་དེ་མཚན་ཉིད་པའི་ལྟ་ཚུལ་སྟེང་ནས་བཤད་ན་ཐ་སྙད་འབྱོར་མིན་གསལ་བོ་མི་ཤེས་ཀྱང་།  སྙན་ངག་གི་བརྡ་ཆད་སྟེང་ལ་སྦྱར་ན་ནོར་འཁྲུལ་ཆེར་ཡོད་ཀྱིན་མ་རེད་བསམ་ནས་རང་ཉིད་ཀྱིས་བརྡ་ཆད་དེ་བཀོལ་གྱིན་ཡོད།  དེ་འདྲ་ཡིན་དུས་རང་ཉིད་ཀྱིས་སྙན་ངག་ལ་དེ་འདྲ་མ་གཏོགས་བརྗོད་བྱ་ཡོད་ཀྱི་མ་རེད་བསམ་གིན་ཡོད།  སྙན་ངག་ལ་མཚོན་ན་གཙོ་བོ་རྗོད་བྱེད་ཀྱི་ཚིག་འདི་རེད།  དཔེར་ན།  སྙན་ངག་པ་མང་བོ་ཞིག་གིས་བརྩེ་དུང་གླེང་བ་འདྲ་ནའང་།  བརྩེ་དུང་གླེང་བྱེད་ཀྱི་ངག་གི་ཐབས་ལམ་དེ་གཏན་ནས་མི་འདྲ་གི དེ་མཚོན་བྱེད་ཀྱི་མཚོན་ཐབས་དེའང་མི་འདྲ་གི    བརྩེ་དུང་དེ་བཀོད་སྤྱོད་བྱེད་སྟངས་ཀྱི་ཐབས་ལམ་ཡང་མི་འདྲ་གི  དེ་བས་ཐ་སྙད་ཀྱི་མཚོན་ཐབས་དང་ཐ་སྙད་ཀྱི་སྒྲིག་རིམ་བར་ན་གསང་བ་ཧ་ཅང་མང་བོ་ཞིག་ཡོད་ཀི དེས་ན་ངས་གཙོ་བོ་འགྱུར་ལྡོག་དེ་རྗོད་བྱེད་ཚིག་གི་སྟེང་དུ་ངོས་འཛིན་པའང་དེ་གས་ཡིན།  འདི་ནས་ངས་དཔེ་སྟབས་བདེ་ཞིག་གི་སྟེང་ནས་གསལ་བཤད་བྱས་ན།   སྤྱིར་ཇ་ཕོར་ལྟ་བུར་མཚོན་ནས་བཤད་ན།  རྒྱུ་ཆ་ཤེལ་ཡིན་པ་དང་།  རྫ་ཡིན་པ།  འགྱིག་ཡིན་པ་སོགས་ཇ་ཕོར་གྱི་རིགས་མང་བོ་ཞིག་ཡོད་པ་རེད།  དེ་བཞིན་དབྱིབས་ཀྱང་སྲོག་ཆགས་དང་དངོས་བོ་སོགས་རིགས་འདྲ་མིན་མང་བོ་ཞིག་ཡོད་པ་རེད།  དེ་བཞིན་ང་ཚོས་ཇ་འཐུང་དུས་ཀྱང་རྒྱུ་དང་དབྱིབས་མི་འདྲ་བའི་རྐྱེན་གྱིས་མཐའ་མཇུག་ཇ་ལོ་རིགས་གཅིག་ལ་བྲོ་བར་ཁྱད་བྱུང་ཡོད་པ་རེད།  དཔེ་འདི་བཞིན་སྙན་ངག་ལའང་གཙོ་བོ་རྗོད་བྱེད་ཚིག་གི་ཆ་སྟེ།  དེས་དྲངས་པའི་སེམས་ཁམས་ཀྱིས་ཕར་ལ་ལྟ་སྟངས་ཤིག་ཡིན་པའི་རྒྱུ་མཚན་གྱིས་ངས་འགྱུར་ལྡོག་ཟེར་བ་འདིའི་སྟེང་ནས་བཤད་ཀིན་ཡོད།


        འབའ་སྣང་གྲོལ། རེད་ལགས། ད་གོང་དུ་འབའ་སྲས་དང་ཨ་འཇམ། རྨ་དུག་ལྕེ་ལ་སོགས་པས་སྙན་ངག་ལ་འགྱུར་བ་གཏོང་ཚུལ་ཕྱོགས་ནས་ཁ་བརྡ་ཞིག་བྱས་སོང་།  དེ་ཡང་སྙན་ངག་ལ་འགྱུར་བ་གཏོང་དགོས་སམ་མི་དགོས།  གལ་ཏེ་དགོས་ན་ཇི་ལྟར་ཇི་ལྟར་གཏོང་དགོས་པ་དང་གང་གི་ཐད་ནས་གཏོང་དགོས་པ་སོགས་རང་གི་ལྟ་ཚུལ་དང་འབྲེལ་ནས་བསམ་ཚུལ་ལྷུག་པོར་གནང་གིན་འདུག   ངོ་མ་ཧ་ཅང་ཡག་པོ་རེད།  ཡིན་ནའང་ང་རང་ཉིད་ཀྱིས་ནི་འདི་ལྟར་བསམ་གིན་ཡོད་དེ།   སྤྱིར་སྙན་ངག་ལ་འགྱུར་བ་དགོས་མི་དགོས་ཟེར་བའི་སྐད་ཆ་འདི་ནི་སྙན་ངག་ལ་འཕེལ་རྒྱས་དགོས་མི་དགོས་ཟེར་བའི་སྐད་ཆ་དང་འབྲེལ་བ་དམ་པོ་ཡོད་པའི་བརྗོད་གཞི་ཞིག་གི་ངོས་ནས་ང་རང་གིས་འདང་རྒྱག་གིན་ཡོད།  དེ་ལྟ་ན་སྙན་ངག་ཏུ་བཏགས་པའི་སྐད་ཆའི་ཐབས་རྩལ་འདི་ནི་མི་སྒེར་རེ་རེའི་སྙན་ངག་གི་ངོས་འཛིན་དང་།  སྙན་ངག་གི་བློ་སྦྱོང་རྨང་གཞི།  བརྡ་ཐབས་བཀོད་སྤྱོད་ཀྱི་གདམ་གསེས་བྱེད་སྟངས།  སྙན་ངག་གི་མཛེས་འཛིན་འདུ་ཤེས།  སྙན་ངག་མྱོང་རོལ་གྱི་རྟོགས་པའི་ཟབ་ཚད།   ལྷན་སྐྱེས་ཀྱི་བག་ཆགས་སོགས་ཕྱོགས་མང་བོ་ཞིག་ལ་དབང་བ་ལས་ཐམས་ཅད་ཀྱིས་གྲོས་ཁ་ལྟ་བུ་བྱས་ནས་དེ་རིང་ནས་བཟུང་བཅོས་བསྒྱུར་བྱེད་ཅེས་གློ་བུར་བའི་གསར་བརྗེ་ལྟ་བུ་གནང་ས་མི་འགྲོ་བའི་གནད་འདི་ཤེས་ན་སྙན་ངག་གི་འགྱུར་བ་དང་འཕེལ་རྒྱས་དེ་ཡང་གང་ནས་བྱུང་བ་ཡིན་པ་ལ་ངེས་ཤེས་རགས་ཙམ་ང་ཚོར་འདྲོངས་ཐུབ་པར་མ་ཟད། མ་མཐའ་ཡང་སྙན་ངག་ཟེར་བའི་སྒྱུ་རྩལ་གྱི་ཁམས་འདི་ལ་བཙན་འཛུལ་དང་ཕོག་ཐུག་མི་གཏོང་བའི་གནད་ཆེ་ཙམ་ཡོད་པར་བསམ་སོང་།  དེ་འདྲ་ཡིན་ཙང་ང་རང་ཉིད་ལ་མཚོན་ན་ལོ་ངོ་བཅུ་ཕྲག་ཙམ་ལ་སྙན་ངག་ཟེར་བའི་རིག་པ་ངོ་མཚར་བ་འདི་བློས་མ་བཏང་བར་འབྲི་ཁུལ་བྱས་ནས་ཡོང་བ་ཡིན་ལ།  ལོ་ངོ་འདི་དག་གི་བརྒྱུད་རིམ་ཁྲོད་དུ་བསམ་བློ་བཏང་བ་ཡིན་ན་ང་རང་ཉིད་ཀྱི་སྙན་ངག་གི་འབྲི་ཐབས་དང་སྙན་ངག་གི་ངོས་འཛིན་ཐད་ལ་མི་འདྲ་བའི་གོ་རིམ་འགའ་བརྒྱུད་མྱོང་ཡོད་དེ།  གོ་རིམ་དེ་ཉིད་ཀྱང་རྟོགས་པ་ཐོད་བརྒལ་ལྟ་བུའི་གློ་བུར་གློ་བུར་དུ་བྱུང་བ་ཞིག་མ་ཡིན་པར་ང་རང་ཉིད་ཀྱིས་སྙན་ངག་ལ་བློ་སྦྱོང་དང་ཉམས་ཞིབ།  བསམ་གཞིག་དང་འབྲི་སྦྱོང་སོགས་གང་ལ་གང་འཚམ་གྱིས་ཧུར་བརྩོན་ངང་རྒྱུན་བསྲིང་བ་དང་འབྲེལ་ནས་བྱུང་བ་ཞིག་ཏུ་ངོས་འཛིན་གིན་ཡོད་ལ།  ང་རང་ཉིད་ཀྱི་བསམ་པར་དེ་འདྲའི་སྙན་ངག་གི་འགྱུར་བ་དང་གོ་རིམ་ནི་སྙན་ངག་གི་འཕེལ་རྒྱས་ཀྱི་ཆོས་ཉིད་དང་ཡོངས་སུ་འཚམ་པར་འདོད་ཀྱིན་ཡོད་པར་ཟད།  སྙན་ངག་གི་རྒྱུ་རྩལ་གྱི་ཁམས་ཆེན་པོར་ཉེ་བར་བཅར་བའི་གོ་རིམ་ཞིག་ཀྱང་ཡིན་པར་ངེས་འཛིན་གྱི་ཞུ་གིན་ཡོད།  སྤྱིར་སྙན་ངག་ཟེར་བ་འདི་སྒྱུ་རྩལ་ཞིག་ཡིན་པའི་རྣམ་པའི་ཆ་ནས་བལྟས་ན་རང་དབང་གི་ཁྱབ་ཁོངས་སུ་གློད་དགོས་པ་ལས།  སྒྲོམ་གཞི་ཡི་ཁྱབ་ཁོངས་སུ་གཅུན་མི་རུང་བར་མཐོང་ལ།  ཚོར་རྟོགས་རྒྱ་ཡན་པའི་ངང་དུ་འབྱམས་དགོས་པ་ལས།  གཏན་ཚིགས་རིགས་ལམ་གྱི་སྒྲོག་ཏུ་བཙུད་མི་རུང་བར་སྣང་ངོ་།།   ང་རང་ཉིད་ཀྱིས་བསམ་པར་གལ་ཏེ་ང་ཚོ་ལ་སྙན་ངག་གིས་རེ་འབོད་ཐེངས་ཤིག་རྒྱག་རྒྱུའི་དབང་དུ་བྱས་ན་ཐོག་མར་རེ་འབོད་འདི་རྒྱག་རྒྱུ་རེད་བསམ་གིན་ཡོད།  དེ་བས་ང་ཚོ་སྙན་ངག་ལ་དགའ་བ་རྣམས་ཀྱིས་སྙན་ངག་ཟེར་བའི་བརྡ་དོན་ཡིད་དུ་འོང་བ་འདི་གཤང་འཚོང་མ་ལྟ་བུའི་རྣམ་པར་མི་འཛིན་པར་འདིའི་ཁྱད་པར་གྱི་ཆེ་བ་ལ་རྒྱུས་ལོན་དང་དཔྱད་ཞིབ་གནང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བར་འདོད་སོང་། གང་ལྟར་ང་རང་ཉིད་ཀྱིས་ནི་སྙན་ངག་འབྲི་བའི་གོ་རིམ་གྱི་ངོས་སམ་སྙན་ངག་ངོས་འཛིན་གྱི་ཐད་ནས་འགྱུར་ལྡོག་མི་འདྲ་བ་གསུམ་ཙམ་བརྒྱུད་མྱོང་སྟེ། 

(༡)སྙན་ངག་ཅེས་པ་ནི་ཚིག་གི་སྦྱོར་བའི་ཕྲེང་བ་གང་ཞིག་གི་ཚོགས་པ་ལ་ངོས་བཟུང་ནས་ཚིག་རྒྱན་ཙམ་གྱི་བརྡ་ལ་རབ་ཏུ་སྲེད་པའི་སྐབས་ཤིག་དང་། 

(༢) ཡང་སྙན་ངག་ཅེས་པ་ནི་ཚོར་བའི་རེག་ཟུག་གི་རང་ལྡོག་ཙམ་དུ་འགྲེལ་ནས་བརྡ་ཐབས་གང་ཞིག་ལ་མི་སྒེར་གྱི་ཚོར་འདུ་ཕྲ་རགས་དག་གཡོ་འཁྱོམ་གྱིས་གཏམས་པར་བྱེད་པའི་སྐབས་ཤིག་དང་།

 (༣) ཡང་རྟོགས་པའི་ཀློང་དུ་བརྡ་དོན་གཉིས་མཉམ་འདྲེས་སུ་གནས་པ་ཧ་གོ་ནས་སྙན་ངག་ཅེས་པ་རྟོགས་པ་རགས་པ་ནས་ཕྲ་བའི་ཕྱོགས་སུ་གཞོལ་བའི་གོ་རིམ་ཞིག་ལ་ངེས་བཟུང་སྟེ་མི་སྒེར་རེ་རེའི་ག ཉུག་གཤིས་ཀྱི་ཐུན་མོང་མ་ཡིན་པའི་རྩལ་ནུས་མཐར་ཐུག་རང་བྱུང་ལྷུན་གྲུབ་ཏུ་མཚོན་པར་བྱེད་པའི་ཐབས་རྩལ་ཙམ་ལ་གོ་བ་དེ་ག་བཞིན་ནོ།།  དེ་བས་ང་ཚོ་ཕལ་མོ་ཆེས་སྙན་ངག་གིས་མི་གཤིས་མཚོན་ཐུབ་དགོས་ཞེས་གླེང་བའི་གནད་ཀྱང་སྐབས་འདི་ན་ཡོད་དོ།། དེ་དང་དེ་ལ་སོགས་པས་ང་རང་ཉིད་གཅིག་པུ་ལ་ཡང་སྙན་ངག་གི་ལྟ་ཚུལ་མི་འདྲ་བ་ལ་བརྟེན་ནས་འབྲི་ཐབས་ཀྱང་མི་འདྲ་བ་འགའ་བྱུང་མྱོང་བ་དེ་ལྟ་མོད།  རྣམ་པ་ཀུན་ཏུ་འགལ་བ་རུ་གཏན་ནས་འཛིན་གིན་མེད་དེ། སྙན་ངག་ལ་བཟུང་བའི་འདུ་ཤེས་དང་འབྲི་ཐབས་དེ་དག་ནི་མཐའ་མེད་པའི་སྙན་ངག་སྒྱུ་རྩལ་གྱི་རྣམ་འགྱུར་མི་འདྲ་བ་རེ་རེ་རྟོགས་པའི་ཁམས་སུ་བརྡལ་བའམ་འཕོ་ཉུལ་བྱས་པ་ལས་གོ་དོན་ཡང་མི་འདྲ་བ་རེ་རེ་ཡི་ཟུར་ཙམ་མངོན་པ་དེ་ལྟར་ལྟ་གིན་ཡོད་དོ།། ཡ་ད་མང་བོ་མི་བཤད། རྣམ་པ་ཚང་མར་བཀའ་དྲིན་ཆེ།

༢༠༡༣  ༩ ༢༩ཉིན་སྙན་ངག་གི་ཕ་ཁྱིམ་ཞེས་པའི་གཞིས་བྱེས་གཉིས་ཀྱི་རྩོམ་པ་པོ་གྲགས་ཅན་དག་འདུ་སའི་ཚོམས་ནང་དུ་རང་རང་གི་བསམ་ཚུལ་ཙམ་ངག་ཐོག་ནས་སྐབས་འཕྲལ་བགྲོ་གླེང་ཞིང༌།   ༢༠༡༣  ༡༢  ༡༣ཉིན་འཕྲི་སྣོན་ཅུང་ཟད་དང་བཅས་ཡིག་ཟིན་དུ་བཏབ་པའོ།།
མཆན:  བསྐྱར་ཟློས་དང་ཚིག་སྦྱོར་མི་བདེ་བ་སོགས་ཅུང་བཅོས་པ་ལས་བརྗོད་བྱ་སོར་བཞག་བྱས་ཡོད།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/3/25 བལྟ་ཀློག (3679)