རང་རིག་ལ་དཔྱད་པ།
དུང་དཀར་རཏྣ།
ནང་དོན་གནད་བསྡུས། ཤེས་པ་ཡིན་ན་རང་གི་ངོ་བོ་རང་རིག་ཡིན་པའི་ཁྱབ་མིན་དང་རང་རིག་ལ་ཡུལ་ཡོད་མེད་སོགས་ལ་དཔྱད་པའི་དགག་རྩོམ་ཞིག་ཏུ་ལགས།
བརྡ་ཆད་གཙོ་བོ། རང་རིག་གི་མངོན་སུམ། རང་རིག་གི་ཡུལ། རང་རིག་གི་མཚན་ཉིད།
ཟུར་ཕུད་ལྔ་པའི་མཚར་སྡུག་ལང་ཚོ་གུར་གུམ་མདོག་ཅན་གཞོན་པའི་སྐུ།།
སྙན་པ་མཐར་ཐུག་སྙན་པའི་སྒྲ་དབྱངས་ལེགས་ཚོགས་ཆོས་ཆར་སྒྲོགས་པའི་གསུང་།།
ཀུན་རྟོག་ཀུན་བྲལ་ཟབ་གསལ་མྱུར་བའི་རྒྱལ་སྲས་གཞོན་ནུའི་མཁྱེན་པའི་ཐུགས།།
ལན་གཅིག་དྲན་པས་བདག་བློའི་མུན་པ་ཤེས་རབ་འོད་ཀྱིས་རྒྱན་གྱུར་ཅིག།
བརྩོན་པ་ཡལ་བས་ཚིག་དོན་ནོར་ན་ཡང་།།
ཤེས་རབ་བྲལ་བས་འགལ་འདུ་བདོ་མོད་ཀྱང་།།
ཐོས་དོན་གཞོལ་བའི་གཟུགས་རིས་མ་བོར་བས།།
བློ་རིགས་སྐབས་ཀྱི་བརྗོད་གཞི་འདི་ཙམ་འབྲི།།
དེ་ཡང་ཇི་སྐད་དུ། མཆོད་བརྗོད་ཕྱག་བྱ་ངོ་བོ་དང་།།ངེས་པར་བསྟན་པའང་དེ་ཡི་སྒོ།། ཞེས་གསུངས་པ་ལྟར་ཡུལ་གོང་མ་རྣམས་ལ་མཆོད་པར་བརྗོད་པས་མདུན་བསུས་ཏེ་གང་ཞིག་གླེང་བར་བྱ་བ་ནི། དེ་ཡང་འཇམ་དཔལ་རྩ་བའི་རྒྱུད་ལས། ཡི་གེ་དྷཱ་ཞེས་སྡོམ་བརྩོན་ཉིད།། ལྷོ་ཡི་ཕྱོགས་སུ་རྣམ་པར་བསྒྲགས།། ཕ་རོལ་རྒོལ་བ་བཟློག་ནས་ཀྱང་།།དེ་བཞིན་སྡོམ་བརྩོན་སྔགས་ཀྱང་གྲུབ།། ཅེས་ལུང་བསྟན་པ་བཞིན་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ཡ་གྱལ་དཔལ་ལྡན་ཆོས་ཀྱི་གྲགས་པ་ཞེས་སྙན་པའི་བ་དན་ཆེན་པོ་ས་གསུམ་དུ་ཁྱད་པར་བསྒྲེངས་པ་གང་གི་རིགས་ལམ་སེང་གེའི་ང་རོས་བདུད་དང་མུ་སྟེགས་ཀྱི་རྒོལ་བ་མཐའ་དག་ཚར་བཅད་དེ་ཡང་དག་པའི་ཆོས་ཀྱི་སྣང་བ་མཁའ་ཁྱབ་ཏུ་སྤེལ་བར་མཛད་པའི་ལེགས་བཤད་ཆེན་པོ་ཆེས་རྨད་དུ་བྱུང་བའི་ངོ་མཚར་དང་ལྡན་པ་ཚད་མ་རིགས་པའི་སྡེ་བདུན་གྱི་གཙོ་བོ། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་པར་འགྲེལ་ལས། ཤེས་གང་གང་ལ་སྒྲ་དོན་འཛིན།། དེ་ནི་དེ་ལ་རྟོག་པ་ཡིན།། རང་གི་ངོ་བོ་སྒྲ་དོན་མིན།། དེའི་ཕྱིར་དེ་ལ་ཀུན་མངོན་སུམ།། ཞེས་པའི་སྐབས་ནས་འཕྲོས་ཏེ་རང་རིག་གི་སྐོར་ཅུང་ཙམ་གླེང་བ་ལ་དགག་བཞག་སྤང་གསུམ་ལས།
དང་པོ་གཞན་ལུགས་དགག་པ།
ཁ་ཅིག་གིས་ཤེས་པ་ཡིན་ན་རང་གི་ངོ་བོ་རང་རིག་ཡིན་པས་མ་ཁྱབ་པར་སྨྲ་ཡང་འཐད་པར་མི་སྣང་སྟེ། ཤེས་པ་ཡིན་ན་རང་གི་ངོ་བོ་རང་རིག་ཡིན་པས་ཁྱབ་པར་ཐལ། རྟོག་མེད་ཀྱི་ཤེས་པ་ཡིན་ན་རང་གི་ངོ་བོ་རང་རིག་ཡིན་པས་ཁྱབ་པ་གང་ཞིག རྟོག་པ་ཡིན་ན་རང་གི་ངོ་བོ་རང་རིག་ཡིན་པས་ཁྱབ་པའི་ཕྱིར། དང་པོ་མ་གྲུབ་ན། རྟོག་མེད་ཀྱི་ཤེས་པ་ཡིན་ན་རང་གི་ངོ་བོ་རང་རིག་ཡིན་པས་ཁྱབ་པར་ཐལ། དེ་ལྟར་ཁྱབ་པ་དེ་ཡང་༧ཀུན་མཁྱེན་མི་ཕམ་རྒྱ་མཚོའི་དགོངས་ཡིན་པའི་ཕྱིར། དེར་ཐལ། དེ་ཉིད་ཀྱིས་མཛད་པའི་དམ་ཆོས་དོགས་སེལ་ལས། ཤེས་པ་ཡིན་ན་རང་གི་ངོ་བོ་ལ་བསམས་ན་རང་གིས་རང་རིག་པས་ཁྱབ་སྟེ་བེམ་པོ་ལས་ལོག་ཙམ་གྱི་ཤེས་པ་གསལ་རིག་གི་ངོ་བོར་གྱུར་པས་རང་ལ་རང་ལྟོས་མེད་དུ་གསལ་བ་རང་རིག་གི་མཚན་ཉིད་དུ་གསུངས་ན་དེ་ནི་ཤེས་པ་ཀུན་ལ་ཡོད་པའི་ཕྱིར། ཞེས་དང་། ཡང་༧ ཀུན་མཁྱེན་མི་ཕམ་རྒྱ་མཚོའི་མཁས་འཇུག་ལས་སེམས་དང་སེམས་བྱུང་ཐམས་ཅད་རང་ཉིད་གསལ་བའི་ངོ་བོས་རྟོག་བྲལ་མ་འཁྲུལ་བར་རང་རིག་པ་ནི། རང་རིག་མངོན་སུམ་སྟེ། འཁྲུལ་བའམ་མ་འཁྲུལ་བའི་ཤེས་པ་གང་སྐྱེས་ཀྱང་དེས་རང་ཉིད་རང་གསལ་དུ་མྱོང་བ་ཙམ་ལ་མ་འཁྲུལ་ཞིང་རྟོག་པ་དང་བྲལ་བའང་ཡིན་ནོ་ཞེས་གསུངས་པའི་ཕྱིར། གོང་དུ་གཉིས་པ་མ་གྲུབ་ན། རྟོག་པ་ཆོས་ཅན། རང་གི་ངོ་བོ་རང་རིག་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོའི་དགོངས་པ་ཡིན་པའི་ཕྱིར། མ་གྲུབ་ན་དེར་ཐལ། དེ་ཉིད་ཀྱིས་མཛད་པའི་ཚད་མ་ཀུན་བཏུས་ལས། རྟོག་པའང་རང་རིག་ཉིད་དུ་འདོད།། ཅེས་གསུངས་པའི་ཕྱིར། དེའི་དགོངས་པ་དེ་ལྟར་ཡིན་པ་དེ་ཡང་ ༧ ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་ཀུན་བཏུས་མཆན་འགྲེལ་རིགས་ལམ་རབ་གསལ་གྱི་དེའི་ཐད་ལས་རྟོག་པའང་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཉིད་དུ་འདོད་དོ།། ཞེས་གསུངས་པའི་ཕྱིར། ཁ་ཅིག་གིས་རང་གི་བདག་ཉིད་དུ་གྱུར་པའི་ཡུལ་དངོས་སུ་རིག་པའི་རྟོག་བྲལ་མ་འཁྲུལ་བའི་ཤེས་པ་རང་རིག་གི་མཚན་ཉིད་དུ་འདོད་དོ།། འོ་ན། ཀ་འཛིན་མིག་ཤེས་ཆོས་ཅན། རང་རིག་ཡིན་པར་ཐལ། རང་གི་བདག་ཉིད་དུ་གྱུར་པའི་ཡུལ་དངོས་སུ་རིག་པའི་རྟོག་བྲལ་མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རང་གི་བདག་ཉིད་དུ་གྱུར་པའི་ཡུལ་དངོས་སུ་རིག་པའི་རྟོག་བྲལ་མ་འཁྲུལ་པའི་ཤེས་པ་ཡིན་པར་ཐལ། རང་གི་བདག་ཉིད་དུ་གྱུར་པའི་ཡུལ་དངོས་སུ་རིག་པ་གང་ཞིག་རྟོག་བྲལ་མ་འཁྲུལ་པའི་ཤེས་པ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། རང་གི་ངོ་བོ་དངོས་སུ་རིག་པའི་ཕྱིར། དེར་ཐལ། ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་ངེས་ལས། ཤེས་པ་ཐམས་ཅད་ཀྱི་བདག་ཉིད་རིག་པ་ནི་མངོན་སུམ་ཡིན་པའི་ཕྱིར་རོ་ཞེས་གསུངས་པའི་ཕྱིར། གཉིས་པ་མ་གྲུབ་ན་སླ། རྩ་བར་འདོད་ན། ཀ་འཛིན་མིག་ཤེས་ཆོས་ཅན། རང་རིག་མ་ཡིན་པར་ཐལ། གཞན་རིག་གི་ཤེས་པ་ཡིན་པའི་ཕྱིར། དེར་ཐལ། གཟུང་རྣམ་ཡིན་པའི་ཕྱིར། ཁྱབ་སྟེ། གཟུང་རྣམ་ཡིན་ན་རང་ལུས་ཐ་དད་པའི་ཡུལ་མྱོང་བའི་ལྡོག་ཆ་ནས་འཇོག་དགོས་པ་གང་ཞིག་རང་རིག་ཡིན་ན་དེ་མ་ཡིན་པས་ཁྱབ་པའི་ཕྱིར། དང་པོ་དེར་ཐལ། སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཚད་མ་ཀུན་བཏུས་ལས། ཡུལ་ཤེས་པ་དང་དེ་ཤེས་པའི།། དབྱེ་བའི་བློ་ཡི་ཚུལ་གཉིས་ཉིད།། ཅེས་དང་། ༧ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་ཀུན་བཏུས་མཆན་འགྲེལ་རིགས་ལམ་རབ་གསལ་གྱི་དེའི་ཐད་ལས་ཡུལ་སྔོན་པོ་ལ་སོགས་པ་ཤེས་པ་གཟུང་རྣམ་དང་གཟུང་རྣམ་དེ་ཤེས་པའི་འཛིན་རྣམ་གྱི་དབྱེ་བ་ཡོད་པས་བློ་ཡི་ཚུལ་གཉིས་ཡོད་པ་ཉིད་དུ་སྒྲུབ་ལ་ཞེས་གསུངས་པའི་ཕྱིར། ཁ་ཅིག་གིས་གང་ཟག་དེའི་རྒྱུད་ཀྱི་རང་རིག་དེས་རྟོགས་ན་གང་ཟག་དེས་རྟོགས་པས་ཁྱབ་ཟེར་ན། རྒྱང་འཕེན་པ་ཆོས་ཅན། ཁྱོད་ཀྱིས་རྗེས་དཔག་ཚད་མ་རྟོགས་པར་ཐལ། ཁྱོད་ཀྱི་རྒྱུད་ཀྱིས་རྗེས་དཔག་ཉམས་སུ་མྱོང་བའི་རང་རིག་དེས་ཁྱོད་ཀྱི་རྒྱུད་ཀྱི་རྗེས་དཔག་ཚད་མ་རྟོགས་པའི་ཕྱིར། ཁྱབ་བ་ཁས། མ་གྲུབ་ན། རྒྱང་འཕེན་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ཀྱི་རྗེས་དཔག་ཉམས་སུ་མྱོང་བའི་རང་རིག་དེས་ཁྱོད་ཀྱི་རྒྱུད་ཀྱི་རྗེས་དཔག་ཚད་མ་རྟོགས་པར་ཐལ། ཁྱོད་ཀྱི་རྒྱུད་ཀྱི་རྗེས་དཔག་ཚད་མ་ཡོད་པའི་ཕྱིར། མ་གྲུབ་ན། རྒྱང་འཕེན་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ཀྱི་རྗེས་དཔག་ཚད་མ་ཡོད་པར་ཐལ། ཁྱོད་ཀྱི་རྒྱུད་ཀྱི་ཚད་མ་ཡིན་ན་མངོན་སུམ་ཚད་མ་ཡིན་པའི་ཁྱབ་པ་སུས་ཀྱང་ཁས་ལེན་མི་ཐུབ་པའི་ཕྱིར། དེར་ཐལ། ཁྱོད་ཚུར་མཐོང་སོ་སྐྱེས་ཡིན་པའི་ཕྱིར། རྩ་བར་འདོད་ན། རྒྱང་འཕེན་པ་ཆོས་ཅན། ཁྱོད་ཀྱིས་རྗེས་དཔག་ཚད་མ་མི་རྟོགས་པར་ཐལ། ཁྱོད་ཀྱིས་རྗེས་དཔག་ཚད་མ་ཁས་མི་ལེན་པའི་ཕྱིར། དེར་ཐལ། ཁྱོད་རྗེས་དཔག་ཁས་མི་ལེན་པའི་གང་ཟག་ཡིན་པའི་ཕྱིར། ཡང་ན། རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་ཚད་མ་ཆོས་ཅན། ཁྱོད་ཉམས་སུ་མྱོང་བའི་རང་རིག་གིས་ཁྱོད་རྟོགས་པར་ཐལ། ཁྱོད་ཚད་མ་ཡིན་པའི་ཕྱིར། མ་ཁྱབ་ན། དེར་ཐལ། ཚད་མ་རྣམ་ངེས་ལས། དམིགས་པ་མངོན་སུམ་མ་ཡིན་ན།། དེ་མཐོང་རབ་ཏུ་གྲུབ་མ་ཡིན།། ཞེས་གསུངས་པའི་ཕྱིར། ཡང་ཁ་ཅིག་གིས་ཡུལ་ཅན་སྔོ་འཛིན་རྟོགས་པའི་ཆ་དེ་སྔོན་འཛིན་མིག་ཤེས་ཡིན་ཟེར་ན། ཡུལ་ཅན་སྔོ་འཛིན་རྟོགས་པའི་ཆ་དེ་ཆོས་ཅན། ཁྱོད་ལ་ཡུལ་ཡུལ་ཅན་ཐ་དད་དུ་སྣང་བ་ཐལ། ཁྱོད་སྔོ་འཛིན་མིག་ཤེས་ཡིན་པའི་ཕྱིར། རྟགས་ཁས། མ་ཁྱབ་ན། སྔོ་འཛིན་མིག་ཤེས་ཆོས་ཅན། ཁྱོད་ཁྱོད་ཡིན་ན་ཁྱོད་ལ་ཡུལ་ཡུལ་ཅན་ཐ་དད་དུ་སྣང་བའི་ཁྱབ་པར་ཐལ། ཁྱོད་ཕྱི་དོན་འཛིན་པའི་ཡུལ་ཅན་ཡིན་པའི་ཕྱིར། དེར་ཐལ། སྔོན་པོ་དེ་ཕྱི་དོན་ཡིན་ཁྱོད་དེ་འཛིན་པའི་མིག་ཤེས་ཡིན་པའི་ཕྱིར། མ་ཁྱབ་མཚམས་ལ་འདོད་ན། ཡུལ་ཅན་སྔོ་འཛིན་རྟོགས་པའི་ཆ་དེ་ཆོས་ཅན། ཁྱོད་ལ་ཡུལ་ཡུལ་ཅན་ཐ་དད་དུ་མི་སྣང་བར་ཐལ། ཁྱོད་རང་རིག་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ལྟར་ཁྱབ་པ་དེ་ཡང་མཁན་ཆེན་ཞི་བ་འཚོའི་དགོངས་པ་ཡིན་པའི་ཕྱིར། དེར་ཐལ། དེ་ཉིད་ཀྱིས་མཛད་པའི་དབུ་མ་རྒྱན་ལས། དེ་ཡི་རང་གི་རིག་པ་ནི།། བྱ་དང་བྱེད་པའི་ངོ་བོར་མིན།། ཞེས་དང་དེའི་ཐད་ཀྱི་༧ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས། ཤེས་པ་དེ་ཡི་རང་གིས་རང་རིག་པ་ཞེས་བརྗོད་པ་གང་ཡིན་པ་ནི། སྟ་རེ་ཤིང་ལ་གདབ་པ་ལྟ་བུར་དངོས་སུ་རང་ལས་ཐ་དད་པའི་རང་འཛིན་ཤེས་པ་བསྐྱེད་པའམ་ཤེས་པས་རིག་པར་བྱ་བ་ཡུལ་དང་། ཡུལ་དེ་རིག་པར་བྱེད་པའི་དངོས་པོར་འདོད་པ་མིན་པ་དེ་ཡི་ཕྱིར་ན་འདི་ནི་ཤེས་པ་ཡི་རང་བཞིན་ཡིན་པས་བདག་ཤེས་ཀྱི་ཐ་སྙད་འཐད་ཅིང་རུང་བ་ཡིན་ནོ།། ཞེས་གསུངས་པའི་ཕྱིར། ལུང་དེའི་དོན་བྱ་བྱེད་ཐ་དད་དམ་ཡུལ་ཡུལ་ཅན་ཐ་དད་ཀྱི་སྣང་བ་ནུབ་པའི་ཤེས་པ་རང་རིག་གི་རྣམ་བཞག་མཛད་པའི་ཕྱིར། དེ་ལྟར་མ་ཡིན་པར་རང་སྣང་བ་ཙམ་ལ་འཇོག་ན་ཧ་ཅང་ཐལ་ལོ།། ཁ་ཅིག་གིས་རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་གཉིས་རྫས་གཅིག་ཡིན་པར་འདོད་ཀྱང་འཐད་པར་མ་མཐོང་སྟེ། རྟོག་པ་ཆོས་ཅན། ཁྱོད་དང་རྟོག་མེད་ཀྱི་ཤེས་པ་གཉིས་རྫས་གཅིག་མ་ཡིན་པར་ཐལ། ཁྱོད་ཉམས་སུ་མྱོང་བའི་རང་རིག་རྟོག་མེད་ཀྱི་ཤེས་པ་ཡིན་ཁྱོད་དེ་དང་རྫས་གཅིག་པའི་རྒྱུ་མཚན་གྱིས་མ་ཡིན་དེ་ལས་གཞན་མེད་པའི་ཕྱིར། གཉིས་པ་མ་གྲུབ་སླའོ།། དང་པོ་ལྟར་ཡིན་ཟེར་ན། རྟོག་པ་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། ཁྱོད་དང་རྫས་གཅིག་ཡིན་ན་རྟོག་མེད་ཀྱི་ཤེས་པ་དང་རྫས་གཅིག་ཡིན་པའི་ཁྱབ་སྟེ་ཁྱོད་རྟོག་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར་ལབ་པ་ལས་གཞན་ལབ་རྒྱུ་མེད་པའི་ཕྱིར། དེར་ཐལ། དེ་ལས་གཞན་ཞིག་སྣང་དུ་རུང་བ་ལ་ཚད་མས་མ་དམིགས་པའི་ཕྱིར། གོང་དུ་མ་ཁྱབ་ན། རྟོག་པ་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། ཁྱོད་རྟོག་མེད་ཀྱི་ཤེས་པ་ཡིན་ཁྱོད་དང་རྫས་གཅིག་ཡིན་ན་རྟོག་མེད་ཀྱི་ཤེས་པ་དང་རྫས་གཅིག་ཡིན་པས་ཁྱབ་པར་ཐལ། འདོད་ན། བུམ་པ་ཆོས་ཅན། ཁྱོད་དང་རྫས་གཅིག་ཡིན་ན་ཤེས་བྱ་དང་རྫས་གཅིག་ཡིན་པའི་ཁྱབ་བར་ཐལ། ཁྱོད་ཤེས་བྱ་ཡིན་པའི་ཕྱིར། འདོད་ན། བུམ་པའི་མི་རྟག་པ་ཆོས་ཅན། ཁྱོད་ཤེས་བྱ་དང་རྫས་གཅིག་ཡིན་པར་ཐལ། ཁྱོད་བུམ་པ་དང་རྫས་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་དང་ཁྱོད་ཀྱི་མི་རྟག་པ་གཉིས་རྫས་གཅིག་ཡིན་པར་ཐལ། ཁྱོད་དང་ཁྱོད་ཀྱི་མི་རྟག་པ་གཉིས་ཉེར་ལེན་གཅིག་ལས་སྐྱེས་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། ཐ་དད་རྒྱུ་ཐ་དད་ལས་ཕྱིར།། ཞེས་གསུངས་པའི་ཕྱིར། གོང་དུ་མ་གྲུབ་མཚམས་ལ་འདོད་ན། ཤེས་བྱ་ཆོས་ཅན། བུམ་པའི་མི་རྟག་པ་དང་ཁྱོད་གཉིས་རྫས་གཅིག་མ་ཡིན་ཐལ། ཁྱོད་རྫས་གྲུབ་མ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། ཡང་ཁ་ཅིག་གིས་རང་རིག་ལ་ཡུལ་མེད་པར་འདོད་ཟེར་ན། འོ་ན། རང་རིག་ཆོས་ཅན། རྟོག་མེད་ལོག་ཤེས་ཡིན་པར་ཐལ། ཁྱོད་རྟོག་མེད་ཀྱི་ཤེས་པ་གང་ཞིག་ཁྱོད་ཀྱི་ཡུལ་མེད་པའི་ཕྱིར། མ་ཁྱབ་ན། ཁྱོད་རྟོག་མེད་ཀྱི་ཤེས་པ་ཡང་ཡིན་ཁྱོད་ཀྱི་ཡུལ་མེད་པ་ཡིན་ན་རྟོག་མེད་ལོག་ཤེས་ཡིན་པའི་ཁྱབ་པར་ཐལ། ཁྱོད་རྟོག་མེད་ཀྱི་ཤེས་པ་ཡིན་ཁྱོད་ཀྱི་ཡུལ་མེད་པ་ཡང་ཡིན་རྟོག་མེད་ལོག་ཤེས་མིན་པའི་གཞི་མཐུན་པ་མེད་པའི་ཕྱིར།གོང་དུ་འདོད་ན། རང་རིག་ཆོས་ཅན། རྟོག་མེད་ལོག་ཤེས་མ་ཡིན་པར་ཐལ། རང་ཡུལ་ཇི་བཞིན་ངེས་པའི་བློ་ཡིན་པའི་ཕྱིར། དེར་ཐལ། སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཚད་མ་ཀུན་བཏུས་ལས། རང་རིག་རྟོག་པ་མེད་པ་ཡིན།། ཞེས་དང་། ༧ ཀུན་མཁྱེན་མི་ཕམ་པའི་ཀུན་བཏུས་མཆན་འགྲེལ་རིགས་ལམ་རབ་གསལ་སྣང་བ་ལས། རང་རིག་དབང་པོ་ལ་མ་བརྟེན་པའང་ཤེས་པ་རང་མཚན་འཛིན་པའི་རྟོག་པ་མེད་པ་ཡིན་ནོ།། ཞེས་གསུངས་པའི་ཕྱིར།
ཤེས་རབ་ཀྱི་མིག་ལ་རེ་བས།།
སྨྲ་སེང་ལ་དད་གུས་བྱེད་ཞོར།།
གཞུང་ལུགས་ལ་བག་ཆགས་ཟབ་ཕྱིར།།
དཔྱད་བརྗོད་ཀྱི་ཁ་བྱང་བྲིས་ཡིན།།
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
གཉིས་པ་རང་ལུགས་བཞག་པ།
མཚན་ཉིད་དང་ཤེས་པ་ཡིན་ན་རང་གི་ངོ་བོ་རང་རིག་ཡིན་པས་ཁྱབ་མིན་དང་གཞན་རིག་དང་རང་རིག་འགལ་མིན་རང་རིག་ལ་ཡུལ་ཡོད་མེད་གླེང་བ།
དང་པོ་འཛིན་རྣམ་རང་རིག་གི་མངོན་སུམ་གྱི་མཚན་ཉིད། དེ་ལྟར་ཡིན་ཏེ་ ༧ ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཁས་འཇུག་ལས་སེམས་དང་སེམས་བྱུང་ཐམས་ཅད་རང་ཉིད་གསལ་བའི་ངོ་བོས་རྟོག་བྲལ་མ་འཁྲུལ་བར་རང་རིག་པ་ནི། རང་རིག་མངོན་སུམ་སྟེ། འཁྲུལ་བའམ་མ་འཁྲུལ་བའི་ཤེས་པ་གང་སྐྱེས་ཀྱང་དེས་རང་ཉིད་རང་གསལ་དུ་མྱོང་བ་ཙམ་ལ་མ་འཁྲུལ་ཞིང་རྟོག་པ་དང་བྲལ་བའང་ཡིན་ནོ།། ཞེས་གསུངས་པའི་ཕྱིར། གཉིས་པ་ཤེས་པ་ཡིན་ན་རང་གི་ངོ་བོ་རང་རིག་ཡིན་པས་ཁྱབ་པའི་ལུང་རིགས་གཉིས་ལས། དང་པོ། ༧ཀུན་མཁྱེན་མི་ཕམ་རྒྱ་མཚོའི་དམ་ཆོས་དོགས་སེལ་ལས། ཤེས་པ་ཡིན་ན་རང་གི་ངོ་བོ་ལ་བསམས་ན་རང་གིས་རང་རིག་པས་ཁྱབ་སྟེ་བེམ་པོ་ལས་ལོག་ཙམ་གྱི་ཤེས་པ་གསལ་རིག་གི་ངོ་བོར་གྱུར་པས་རང་ལ་རང་ལྟོས་མེད་དུ་གསལ་བ་རང་རིག་གི་མཚན་ཉིད་དུ་གསུངས་ན་དེ་ནི་ཤེས་པ་ཀུན་ལ་ཡོད་པའི་ཕྱིར།
ཞེས་དང་། གཞན་ཡང་རྣམ་འགྲེལ་འགྲེལ་ཆེན་ལེགས་བཤད་སྣང་བའི་གཏེར་ལས། དེ་བཞིན་དུ་ཟླ་བ་གཉིས་སྣང་ཡང་དོན་ལ་ལྟོས་ནས་འཁྲུལ་གྱི་རང་རིག་གི་སྣང་ཡུལ་ཙམ་ལ་འཁྲུལ་བ་མིན་པ་བཞིན་ནོ།། ཞེས་དང་། དེ་ཕྱིར་རང་རིག་གམ་ཤེས་པ་དེ་ཡི་ངོ་བོ་ལ་རྟོག་པ་དང་རྟོག་མེད་ཀྱི་ཡུལ་གང་སྣང་ཡང་ཐམས་ཅད་ཀུན་རང་རིག་པའི་མངོན་སུམ་དུ་འགྱུར་བས་རང་རིག་མངོན་སུམ་གྱིས་མ་བསྡུས་པའི་ཤེས་པ་ནི་གང་ཡང་མི་སྲིད་དོ་ཞེས་དང་། ཡང་༧ ཀུན་མཁྱེན་མི་ཕམ་རྒྱ་མཚོའི་མཁས་འཇུག་ལས་སེམས་དང་སེམས་བྱུང་ཐམས་ཅད་རང་ཉིད་གསལ་བའི་ངོ་བོས་རྟོག་བྲལ་མ་འཁྲུལ་བར་རང་རིག་པ་ནི། རང་རིག་མངོན་སུམ་སྟེ། འཁྲུལ་བའམ་མ་འཁྲུལ་བའི་ཤེས་པ་གང་སྐྱེས་ཀྱང་དེས་རང་ཉིད་རང་གསལ་དུ་མྱོང་བ་ཙམ་ལ་མ་འཁྲུལ་ཞིང་རྟོག་པ་དང་བྲལ་བའང་ཡིན་ནོ།། གཞན་ཡང་ཚད་མ་མདོ་དང་དེའི་འགྲེལ་བ་རྣམས་སུ་གསལ་ཏེ། སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཀུན་བཏུས་ལས། རྟོག་པའང་རང་རིག་ཉིད་དུ་འདོད།། ཅེས་དང་༧ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་ཀུན་བཏུས་མཆན་འགྲེལ་རིགས་ལམ་རབ་གསལ་གྱི་དེའི་ཐད་ལས་རྟོགས་པའང་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཉིད་དུ་འདོད་དོ།། དབུ་མ་རྒྱན་ལས། རྣམ་ཤེས་བེམ་པོའི་རང་བཞིན་ལས།། བཟློག་པ་རབ་ཏུ་སྐྱེ་བ་སྟེ།། བེམ་མིན་རང་བཞིན་གང་ཡིན་པ།། དེ་འདིར་བདག་ཉིད་ཤེས་པ་ཡིན།། ཞེས་དང། དེའི་ཐད་ཀྱི་༧ ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས། རྣམ་པར་ཤེས་པ་གང་ཞིག་ཤིང་རྟ་དང་རྩིག་པ་ལ་སོགས་པ་བེམ་པོའི་རང་བཞིན་གསལ་རིག་དང་བྲལ་བ་དག་ལས་བཟློག་པ་གསལ་ཞིང་རིག་པའི་མཚན་ཉིད་ཅན་དུ་རབ་ཏུ་སྐྱེ་བ་སྟེ། དེ་ལྟར་བེམ་པོ་མིན་པའི་རང་བཞིན་གང་ཡིན་པ་དེ་ལྟ་བུ་འདི་ནི་བདག་རང་ཉིད་ཤེས་པའམ་རང་རིག་རང་གསལ་ཞེས་པ་ཡིན་ནོ་ཞེས་དང་། ཚད་མ་རྣམ་འགྲེལ་ལས། ཤེས་གང་གང་ལ་སྒྲ་དོན་འཛིན།། དེ་ནི་དེ་ལ་རྟོག་པ་ཡིན།། རང་གི་ངོ་བོ་སྒྲ་དོན་མིན།། ཞེས་གསུངས་པས་ལེགས་པར་འགྲུབ་བོ།། གཉིས་པ་ནི། གཟུགས་འཛིན་མིག་ཤེས་ཆོས་ཅན། རང་མྱོང་ཅན་གྱི་ཤེས་པ་ཡིན་ཏེ། རང་དྲན་པའི་དྲན་ཤེས་ཡོད་པའི་ཤེས་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་མྱོང་བྱེད་ཀྱི་རང་རིག་ཡོད་པར་ཐལ། རང་མྱོང་བྱེད་ལ་རང་རིག་དང་གཞན་རིག་གང་རུང་གང་ཞིག གཞན་རིག་གིས་མྱོང་ན་ཐུག་མེད་དུ་ཐལ་བའི་ཕྱིར། དེས་ན་རང་རིག་གིས་མྱོང་སྟེ། དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་ངེས་ལས། དུས་ཕྱིས་དྲན་པ་ལས་ཀྱང་སྟེ།། ཚུལ་གཉིས་དང་ནི་རང་རིག་གྲུབ།། མ་མྱོང་བ་ནི་མེད་ཕྱིར་ཡང་།། ཞེས་དང་། རྣམ་འགྲེལ་ལས། དྲན་པ་ལས་ཀྱང་བདག་རིག་གྲུབ།། ཅེས་གསུངས་པའི་ཕྱིར་རོ།། གསུམ་པ་རང་རིག་དང་གཞན་རིག་གཉིས་འགལ་བ་ཡིན་ཏེ། ཡུལ་ཡུལ་ཅན་རྫས་ཐ་དད་དང་ཡུལ་ཡུལ་ཅན་རྫས་གཅིག་གཉིས་འགལ་བ་ཡིན་པའི་ཕྱིར། ཡང་ན་ཁ་ཕྱིར་བལྟས་ཀྱི་ཤེས་པ་དང་ནང་བལྟས་ཀྱི་ཤེས་པ་གཉིས་འགལ་བ་ཡིན་པའི་ཕྱིར། བཞི་པ་རང་རིག་ལ་ཡུལ་ཡོད་དེ། རང་རིག་མི་བསླུ་བ་ཁྱད་པར་གསུམ་ལྡན་ཡིན་པའི་ཕྱིར། ཁྱབ་སྟེ། རང་ཉིད་མི་བསླུ་བ་ཁྱད་པར་གསུམ་ལྡན་ཡིན་ན་རང་ཉིད་ཡུལ་ལ་མི་བསླུ་བ་ཡིན་དགོས་པའི་ཕྱིར་རོ།།
གསུམ་པ་རྩོད་སྤང་།
ཁ་ཅིག་གིས། རྟོག་པ་ཆོས་ཅན། རང་རིག་ཡིན་པར་ཐལ། ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། ༧ཀུན་མཁྱེན་མི་ཕམ་པའི་དམ་ཆོས་དོགས་སེལ་ལས་ཤེས་ཡིན་ན་རང་རིག་ཡིན་པའི་ཁྱབ་ན་ཤེས་པ་ཡིན་ན་རྟོག་མེད་ཡིན་པའི་ཁྱབ་ཟེར་བ་ནི། རང་རིག་རྟོག་མེད་ཅེས་པ་ཙམ་ཞིག་གོ་མྱོང་ནས་རང་རིག་གི་གོ་དོན་ཅི་ཡང་མ་ངེས་པའི་རྣམ་འགྱུར་ཏེ་ཞེས་གསུངས་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། དེ་ཉིད་རྟོག་བཅས་ཀྱི་ཤེས་པའང་ཕྱི་རོལ་ཡུལ་ལ་ལྟོས་ཏེ་རྟོག་བཅས་ཡིན་ཀྱང་རང་རིག་པའི་ཆ་ནས་རྟོག་མེད་ཡིན་པ་འགལ་བ་མེད་དོ་ཞེས་གསུངས་པའི་ཕྱིར། ཡང་རྟོག་པ་ཆོས་ཅན། རང་རིག་ཡིན་པར་ཐལ། སློབ་དཔོན་ཕྱོགས་ཀྱི་གླང་པོའི་དགོངས་པ་ཡིན་པའི་ཕྱིར། དེར་ཐལ། ཚད་མ་ཀུན་བཏུས་ལས། རྟོག་པའང་རང་རིག་ཉིད་དུ་འདོད།། ཅེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ༧ ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་ཀུན་བཏུས་མཆན་འགྲེལ་རིགས་ལམ་རབ་གསལ་གྱི་དེའི་ཐད་ལས་རྟོག་པའང་རང་གི་ངོ་བོ་ལ་རང་རིག་མངོན་སུམ་ཉིད་དུ་འདོད་དོ།། ཞེས་གསུངས་པའི་ཕྱིར། གཞན་ཡང་། ཁ་ཅིག་གིས་རྟོག་པ་རང་རིག་མིན་ཟེར་བ་ནི། ཕྱོགས་གླང་ཡབ་སྲས་ཀྱི་དགོངས་པ་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་ཏེ། ཚད་མ་མདོར། རྟོག་པའང་རང་རིག་ཉིད་དུ་འདོད།། དོན་ལ་མ་ཡིན་དེ་ལྟོས་ཕྱིར།། ཞེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཚད་མ་མདོར། མིང་དང་རིགས་སོགས་སྦྱོར་བ་ཡི།། རྟོག་པ་དང་བྲལ་མངོན་སུམ་མོ།། ཞེས་མངོན་སུམ་གྱི་མཚན་ཉིད་ལ་རྟོག་བྲལ་སྨྲོས་པ་དེ་ཉིད་ལ། རྩོད་པ་སྤོང་བའི་ཕྱིར་དུ། ཚད་མ་མདོར། རྟོག་པའང་རང་རིག་ཉིད་དུ་འདོད།། དོན་ལ་མ་ཡིན་དེ་ལྟོས་ཕྱིར།། ཞེས་ལན་གྱི་གཞུང་དུ་གསལ་བའི་ཕྱིར། མ་ཟད་མཁས་གྲུབ་ཐམས་ཅད་མཁྱེན་པའི་ཊིཀ་ཆེན་རིགས་པའི་རྒྱ་མཚོ་ལས། དེ་ཡང་ལོ་ཙཱ་བ་དད་པའི་ཤེས་རབ་དང་ཞམ་སེང་རྒྱལ་གྱི་འགྱུར་ལ་ཚིག་དེ་ལྟར་ཡོད་ཀྱང་། རྨས། ལྷ་དབང་བློའི་འགྲེལ་པའི་ནང་དུ་མདོ་ཚིག་དྲང་པའི་ཚེ། རང་རིག་ལའང་རྟོག་མི་འདོད།། དོན་ལ་རྣམ་པར་རྟོག་ཕྱིར་རོ།། ཞེས་བསྒྱུར་བ་དེ་འགྱུར་ལེགས་སོ།། ཞེས་གསུངས་པའི་ཕྱིར། གཞན་ཡང་། ཁ་ཅིག་གིས་ཤེས་པ་ཐམས་ཅད་རང་གི་ངོ་བོ་ལ་རང་རིག་གི་མངོན་སུམ་ཚད་མ་ཡིན་ནོ།། ཞེས་ཟེར། འོ་ན་སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མ་དེ་རང་གི་ངོ་བོ་འཛིན་རྣམ་ལ་རང་རིག་གི་མངོན་སུམ་ཚད་མ་ཡིན་ནམ་རང་གི་ངོ་བོ་གཟུང་རྣམ་ལ་རང་རིག་གི་མངོན་སུམ་ཚད་མ་ཡིན། དང་པོ་ལྟར་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཚད་མ་ཆོས་ཅན། རང་གི་གཟུང་རྣམ་ལ་རང་རིག་གི་མངོན་སུམ་ཡིན་པར་ཐལ། རང་གི་འཛིན་རྣམ་ལ་རང་རིག་གི་མངོན་སུམ་ཡིན་པ་གང་ཞིག་རང་གི་གཟུང་རྣམ་དང་འཛིན་རྣམ་གཉིས་ཡུལ་དུས་རང་བཞིན་གང་ལ་ལྟོས་ནས་ཀྱང་གྲུབ་བདེ་རྫས་གཅིག་ཡིན་པའི་ཕྱིར་ཟེར་ན་ཕྱི་མ་མ་གྲུབ་བོ།། འདོད་ན། རྟོག་བྲལ་ཡིན་པར་ཐལ་ལོ།། ཁ་ཅིག་གིས། རང་རིག་མི་འཐད་དེ། ལང་ཀར་གཤེགས་པ་ལས། ཇི་ལྟར་རལ་གྲིས་རང་གི་སོ།། གཅོད་པར་མི་བྱེད་སོར་མོ་ནི།།རང་ལ་རེག་པར་མི་བྱེད་ལྟར།། རང་རིག་སེམས་ཀྱང་དེ་བཞིན་ནོ།། ཞེས་དང་། སྤྱོད་འཇུག་ལས། འཇིག་རྟེན་གྱི་ནི་མགོན་པོས་ཀྱང་།། སེམས་ཀྱི་སེམས་མི་མཐོང་ཞེས་གསུངས།། རལ་གྲིའི་སོ་ནི་རང་ལ་རང་།། ཇི་ལྟར་མི་གཅོད་དེ་བཞིན་ཡིད།། ཅེས་གསུངས་སོ་ཞེ་ན། དེའི་སྐྱོན་མེད་དེ། ༧ ཀུན་མཁྱེན་བླ་མ་མི་ཕམ་རྒྱ་མཚོས་མཛད་པའི་དབུ་མ་རྒྱན་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས། རང་རིག་བདེན་པར་ཁས་བླང་ན་འཇུག་སྟེ། རང་ཡིན་ན་ཡུལ་ཡིན་པ་འགལ་ཡུལ་ཡིན་ན་རང་ཡིན་པ་འགལ། གལ་ཏེ་མི་འགལ་ན་མུན་པས་རང་བསྒྲིབས་དགོས་པ་སོགས་གནོད་པ་བཟློག་མེད་དུ་འབབ་ཀྱི་ཡུལ་མྱོང་བའི་སྣང་ཚུལ་ལས་གཟུང་འཛིན་ལྟ་བུར་བཏགས་ཀྱང་དོན་ལ་ཐ་དད་མེད་པའི་ཆ་ནས་བཞག་པའི་ཐ་སྙད་ཙམ་དུ་འཇོག་ཚུལ་འདི་ལ་སྐྱོན་གང་ཡང་མེད་དོ།། ཞེས་གསུངས་པས་སོ།།
སླར་སྨྲས་པ།
བདག་བློ་ཕྲ་བས་ཤེས་བརྩོན་དབེན་ཡང་གཞུང་ལུགས་རྒྱ་མཚོའི་ཆུ་ཐིགས་ལ།།
ཧུབ་ཙམ་བཏུང་བའི་སྐལ་བཟང་དེ་ཡིས་བདག་རྐྱེན་བསྐུལ་བས་འདི་བྲིས་པ།།
དེ་འབད་དགེ་འབྲས་དཀར་པོས་རིགས་དྲུག་འཁོར་བར་དཔྱང་པའི་སེམས་ཅན་རྣམས།།
རྣམ་འདྲེན་བཞི་པའི་བདེ་ལྡན་ཞིང་དུ་དབུགས་དབྱུང་འཐོབ་པའི་རྒྱུར་གྱུར་ཅིག།
ཅེས་དུང་དཀར་རཏྣས་བྲིས་པ་དགེ་བར་གྱུར་ཅིག
|