རྔ་བའི་རྨེའུ་རྒྱལ་པོའི་ཁྱིམ་རྒྱུད་དང་རུས་ཁུངས་ལ་དཔྱད་པ།

 ༄༅།།རྨེའུ་ཚང་ཞེས་གྲགས་པའི་ཁྱིམ་རྒྱུད་གཅིག་གི་རུས་རྒྱུད་མཆེད་ཁུངས།

རྩོམ་པ་པོ། རྒྱལ་ཁམས་པ་རྔ་བ་བློ་ཚེ།

       དེ་ཡང་རུས་ཆེན་དྲུག་གི་བགྲང་སྲོལ་ལ།   སེ་དམུ་གདོང་སྟོང་དབྲ་འབྲི་ཞེས་དང།   བསེ་དམུ་སྒ་ལྡོང་དབལ་བརྡའ་དང་དྲུག་ཅེས་བགྲང་ཚུལ་ཡོད།  སྭེ་ལ་སེ་དང་བསེ།   དམུ་ལ་རྨུ།   རྨེ་ལ་རྨེའུ།  བརྡའ་ལ་ཟླ་ཞེས་འབྲི་ཚུལ་མང།   ཡང་བོན་གྱི་ཡིག་རྙིང་ལས།   བྲུ་ཞུ་སྤ་རྨེའུ་སྤྱི་ཕུད་གཤེན་དང་ལྔ། །ཞེས་པ་ནི་རྒྱལ་བ་བྲུ།  དབང་ལྡན་ཞུ། གྲུབ་ཐོབ་སྤ།    མཁས་པ་རྨེའུ།  མི་རིགས་གཤེན་ཞེས་འབྱུང་བར་གསུངས། སྟོན་པ་གཤེན་རབ་མི་བོ་ཆེའི་གདུང་རྒྱུད་ལ།   བླ་མ་གཤེན་ཅེན་པོ་སྟེ།  གཏེར་སྟོན་གཤེན་ཅེན་ཀླུ་དགའི་དངོས་སློབ་བྲུ་ཤ་ཁྱུང་གི་རྒྱལ་མཚན།  དབང་ལྡན་ཞུ་ཡི་སྡེ་དཔོན། སྤར་ཏོག་སྤར་ཅོག་རྒྱལ་བ་ཞེས་འབྱུང་།  བྲུ་ཞུ་སྤར་གསུམ་གྱི་སློབ་མ་རྨེའུ་སྟོན་མགོན་རྣམ་གཉིས་ཏེ།  རྨེའུ་སྟོན་ལྷ་རི་གཉན་པོ་དང་དགུངས་མཛོད་རི་ཁྲོད་ཆེན་མོ་ཞེས་འབྱུང་བའི་རྨེའུ་ཚང་གི་གདུང་རུས་ཀྱི་ཐོག་མ་རྨེའུ་ངམ་ལེན་ཇོ་བོ་དང་རྨེའུ་འདུལ་བ་བརྩོན།   རྨེའུ་ཡག་གཤེན་རྣམས་རིམ་པར་བྱོན་པའི་དུས་སྟོད་མངའ་རིས་ཡུལ་དུ་རྒྱལ་ས་བཟུང་།      

དེ་ནས་གཞིས་སྤར་ནས་གཡས་རུ་ཤངས་ཀྱི་སར་གཞིས་བཟུང་སྐབས་མངའ་རིས་བ་རྨེའུ་ཚང་ཞེས་བརྗོད།   དེ་དུས་ནི་རྨེའུ་རྒྱལ་གྱི་ལྷུན་པོའི་སྐུ་རིང་ལ་ཡིན།   གཡས་རུ་ཤངས་ཀྱི་ས་ནི་གཡས་རུའི་སྟོན་པ་བཅོ་བརྒྱད་འཁྲུངས་ས།  གཡས་རུ་དབེན་ས་ཁ་བྱ་བ་དེ་ཡིན།   གཡས་རུ་ཤངས་ཀྱི་ས་ནས་གནས་སྤོར་ནས་སྙེ་མོ་ཟངས་རི་ལ་གཞིས་བཟུང་།   སྙེ་མོ་ཟངས་ཀྱི་ས་ནི་དེང་སང་སྙེ་མོ་རྫོང་བྱ་བའི་ཡུལ་ཡིན།  སྐབས་དེར་འཕགས་ཡུལ་རྨེའུ་ཚང་ཟེར།  སྐབས་དེར་རྨེའུ་སྟོང་ཚབ་དང་རྨེའུ་ཡེ་ཤེས་གཡུང་དྲུང་བྱ་བ་བྱུང་།   བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས། ནག་ཆུ་རྫ་མར་བྱ་བར་གཞིས་བཟུང་གསུངས་ཤིང་།  ཁྲི་སྲོང་ལྡེ་བཙན་གྱི་དུས་ནག་ཆུ་ཁར་ཡོང་བའི་དབང་དུ་བཏང་ན་དུས་རབས་བདུན་པའི་སྐབས་སུ་ཁེལ་ཡོད།   སྐབས་དེ་དུས་རྨེའུ་ཚང་ལ་རྫ་མར་རྨེའུ་ཚང་ཞེས་འབོད་ཅིང་།   ས་དེ་ལ་དེང་སང་ཡང་རྫ་མར་ཟེར་ཞིང་།   རྫ་མར་ཡུལ་ཤོག་ཡོད་ས་དེ་རེད།     སྐབས་དེར་རྨེའུ་པད་སྡོང་སྤྲུག་དང་རྨེའུ་རྨ་ར་ཧུ་གཉིས་བྱུང་།


       དེ་ནས་དུས་རབས་བྱུང་བརྒྱད་པའི་སྨད་དང་དགུ་བའི་མགོ་ཙམ་ལ་མདོ་ཁམས་རྔ་བའི་ཡུལ་དུ་ཡོང་བར་བཤད་ཅིང་།    དེ་ཡིན་པའི་དབང་དུ་བཏང་ན་དུས་རབས་བཅུ་བའི་མཇུག་དང་བཅོ་ལྔ་བའི་མགོར་ཁེལ་ཡོད་ལ།  ནག་ཆུའི་རྫ་མར་དུ་གཞིས་སྤར་དུས་དང་རྔ་ཡུལ་དུ་ཡོང་བའི་བར་ལ་མི་ལོ་བརྒྱད་བརྒྱ་ཙམ་གྱི་ཧེ་བག་ཡོད་དོན་མེད་པ་འདྲ། ཡང་མིན་ན་སྙེ་མོ་ཟངས་རི་ནས་ནག་ཆུའི་རྫ་མར་དུ་ཡོང་དུས་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ཡིན་བྱ་བ་ནོར་འདུག   ཅིག་ཐང་ན་རྨེའུ་ཚང་རྔ་ཡུལ་དུ་རབ་བྱུང་བརྒྱད་པའི་སྨད་དང་དགུ་བའི་མགོར་ཡོང་བ་ཡིན་བྱ་བ་ནོར་འདུག  ནག་ཆུའི་རྫ་མར་དུ་གཞིས་བཟུང་དུས་རྨེའུ་པད་སྡོང་སྤྲུག་ཅེས་པའི་མིང་འབྱུང་ཞིང་།   རྔ་ཡུལ་དུ་ཡོང་དུས་ཀྱང་རྨེའུ་པད་སྡོང་སྤྲུག་བྱ་བ་གཉིས་མི་གཅིག་གི་མིང་ཡིན་ན།  མི་ཐོག་གཅིག་གི་རིང་ལ་ནག་ཆུ་རྫ་མར་ནས་རྔ་ཡུལ་དུ་ཡོང་བ་ཡིན་དགོས་ལ།   དེ་ཡིན་ན་ནི་མི་ལོ་བརྒྱད་བརྒྱ་འགོར་དོན་མེད།  འདིའི་སྐབས་ཀྱི་རྨེའུ་པད་སྡོང་སྤྲུག་ཅེས་པ་ནི་རྨེའུ་པད་ལྡོང་ཕྲུག་ཡིན་པ་འདྲ།   ནག་ཆུ་རྫ་མར་ནས་དང་རྔ་ཡུལ་དུ་གཞིས་སྤར་ནས་ཁཱ་ཤཱི་སྡེ་བར་རྒྱལ་གཞིས་བཟུང་།  སྐབས་དེར་རྨེའུ་པད་སྡོང་དང་རྨེའུ་དཔའ་བོ་སྟག་ཤམ་ཅན།  རྨེའུ་རལ་བ་བྲག་གཅོད་སོགས་བྱོན།  དྲུང་ཡིག་པ་ཨ་ཁུ་ཆོས་འཕེལ་གྱིས་སྐབས་དེར་བོན་ཆོས་རིས་མེད་ལ་སྤྱོད་ཅིང་སྔགས་ནུས་ཅན་འབའ་ཞིག་བྱོན་གསུངས་ཀྱང་།   དེ་དུས་བོན་ཤ་སྟག་ཡིན་འདུག   རྨེའུ་ཚང་སྟོད་མངའ་རིས་ནས་གཡས་རི་ཤངས་ཀྱི་སར་ཡོང་དུས་དུད་ཁྱིམ་དགུ་ཡོད་ཅིང་། ཁྱིམ་ཁག་གཉིས་གཙང་གཡས་རུ་ལ་ལྷགས།   རྔ་ཡུལ་དུ་ཡོང་དུས་རྨེའུ་ཚང་དང་།  བུ་ནང་འོན་པོ་ཚང་།  དབོན་པའི་སྒར་བ་ཚང་།   མཁར་གྱི་རྨེའུ་ཕྱུག་ཚང་།  གྱོང་མང་མོ་བ་ཚང་།  རྨེའུ་སྒང་ཚང་།  རྨེའུ་མགར་ཚང་བཅས་ཁྱིམ་ཁག་བདུན་ཡོད།

     དྲུང་ཡིག་པ་ཨ་ཁུ་ཆོས་འཕེལ་གྱིས་རྨེའུ་ཚང་དང་ལྷན་དུ་ཁྱིམ་ཁག་བཅོ་བརྒྱད་རྔ་ཡུལ་དུ་ཡོང་བར་གསུངས་ཤིང་།  རྨེའུ་ཚང་དང་རུས་གཅིག་པ་ཡིན་པའི་ངག་རྒྱུན་དག་མ་རྣམས་སུ་རྨེའུ་ཚང་དང་རུས་གཅིག་པའི་ཁྱིམ་ཁག་བདུན་ལྷན་དུ་རྔ་ཡུལ་ཡོང་བར་བཤད།

      འགའ་ཞིག་གིས་རྨེའུ་ཚང་ཅོ་ནེའི་ཡུལ་ནས་མཆེད་པ་ཡིན་ཟེར་ཞིང་།  དེ་ནི་ནག་ཆུ་རྫ་མར་ནས་ཅོ་ནེ་བརྒྱུད་དེ་རྔ་ཡུལ་དུ་ཡོང་བ་ཨེ་ཡིན་ནམ་སྙམ།      རྒྱུ་མཚན་དེ་ལྟ་བུར་བརྟེན་ནས་རྨེའུ་ཚང་གི་མི་རྒྱུད་མཆེད་ཁུངས་ཅོ་ནེ་ཡིན་ཟེར་བ་མིན་ནམ་སྙམ། དེའི་རྗེས་སུ་བློན་རྒྱ་བོ་ཞེས་གྲགས་པ་ཅན་ཞིག་བྱོན། དེ་རྗེས་དཔོན་གནམ་སའི་བཀར་ཤིང་བྱ་བ་བྱོན་ཞིང་།   འདིའི་རིང་ཁཱ་ཤཱི་ནས་རྒྱལ་ཁང་ངོར་གཞིས་སྤར་བ་ཡིན་གསུངས་ཤིང་།  རབ་བྱུང་བཅུ་བའི་སྐབས་དཔོན་ཐེ་ཅུ་སྐལ་བཟང་དོན་འགྲུབ་བྱོན།   ཐེ་གྱོང་སྡེ་བ་ཡང་ཐེ་ཅུ་དོན་འགྲུབ་ཀྱི་སྡེ་འབངས་ཡིན་ཕྱིར།   དཔོན་མིང་སྡེ་ལ་ཐོགས་པ་ཡིན་འདུག  ཐེ་ཅུ་དོན་གྲུབ་རིང་ལ་བསྭེ་དགོན་དང་རྟོགས་ལྡན་གཉིས་མཆོད་ཡོན་གྱི་འབྲེལ་བ་བྱས་ནས་ཡོད། འདིའི་རིང་ལ་རྨེའུ་དཔོན་པོའི་མངའ་ཐང་མཐོ་བར་མཛད། ངག་རྒྱུན་དུ། ཐེ་ཅུ་མ་རེད། །ཐེལ་བཅུ་རེད། །ཅེས་རྒན་པོ་རྣམས་ཀྱིས་ཐེ་ཅུ་ཞེས་པ་ནི་ཐེལ་བཅུ་ཡི་བདག་པོ་ཡིན་པས་ཐེལ་བཅུའི་སྒྲ་ཉམས་ཏེ་ཐེ་ཅུ་ཞེས་བརྗོད་པ་ཡིན་ཟེར་ཞིང་།  ཐེ་ནི་ཐེལ་གྱི་སྒྲ་ཟུར་ཆག་པ་ཡིན་ཞིང་།  ཅུ་ནི་གྱུ་དང་སྒྲ་འདྲ་བས་གྱུ་ཞེས་པ་ཅུ་ལ་འགྱུར་པ་ཡིན་འདུག་སྟེ།  བརྡ་རྙིང་དུ་གྱུ་ཞེས་པ་སྐད་གསར་བཅད་སྐབས་གྲུ་ཞེས་པ་དེ་ཡིན་ཞིང་།  དེ་ནི་མཆོག་དང་རྩེ་མོའི་དོན་ཡིན་ཞིང་།   དེང་སང་མཁར་སོགས་ཀྱི་རྩེ་མོ་དང་མཆོག་གི་རྒྱུད་ཀྱི་གདོང་ཀ་ལ་གྲུ་མཆོག་ཟེར།    དཔེར་ན་མཁར་གྱི་གྲུ་མཆོག་དང་།  ཁང་བའི་གྲུ་མཆོག་ལྟ་བུའོ། །

      མདོར་ན་དཔོན་པོ་དེའི་མཚན་དོན་ནི།  ཐེལ་དང་ཐམ་ཀའི་བདག་པོ་དང་སྐྱེ་བོ་རྣམས་ཀྱི་གཙུག་ཏུ་བཀུར་འོས་པའི་མཆོག་གམ་གྱུ་ཞེས་པ་ཡིན།     དེའི་སྲས་མི་དབང་ཚེ་དབང་སྐྱབས་བྱ་བ་སྤྱི་ལོ ༡༧༦༠ ལོ་ཙམ་ལ་བྱོན།   འདིས་ཡུམ་ལ་བསུ་བའི་ཨ་འབོས་བཟའ་བཞེས།   དཔོན་པོ་འདིའི་རིང་ལ་དཔོན་ས་ཉམས་དམས་སུ་བྱིན།   དཔོན་པོ་དེ་ཆེར་མ་བཞུགས་པར་གཤེགས།   དཔོན་མོ་ཨ་འབོས་བཟའ་དང་བློན་རྨེའུ་དཀོན་གཉིས་ཀྱིས་སྲིད་བསྐྱངས།  རྨེའུ་ཨ་འབོས་བཟའི་རིང་ལ་རྨེའུ་ཡི་རུས་རྒྱུད་ཆད།  འདིའི་སྐབས་རྟོགས་ལྡན་དགོན་དང་བསེ་དགོན་པ་གཉིས་དང་མཆོད་ཡོན་གྱི་འབྲེལ་བ་སྔར་མུས་ཐོག་ཀིརྟི་བསྟན་པའི་རྒྱལ་མཚན་ཚང་དང་མཆོད་ཡོན་གྱི་འབྲེལ་བ་བྱུང་། དེ་རྗེས་དཔོན་མོ་བདེ་སྒྲོན་མ་ལ་སྲས་མ་འཁྲུངས་པར་དབལ་ཤུལ་རྡོ་སྨད་དཔོན་པོའི་བུ་ཐ་ཆུང་ལྕགས་ཐར་འབུམ་སྲས་དོད་དུ་བླངས།   དེས་རྒྱལ་རོང་ཅོག་ཙེ་རྒྱལ་བོའི་སྲས་མོ་ཚེ་རིང་སྒྲོན་མ་སྐྲ་དཀར་མ་བཞེས།

   ཨ་ཁུ་ཆོས་འཕེལ་གྱིས་རབ་ཚེས་ལྕགས་ལུག་ལོར་མགོན་པོ་བསོད་ནམས་འཁྲུངས་གསུངས་ཤིང་། དེ་ནི་ཀིརྟི་དགོན་པ་འདེབས་པའི་ལོ་ཚིགས་དང་བསྡུར་ན་རབ་བྱུང་བཅུ་བཞི་བའི་ལྕགས་མོ་ལུག་གི་ལོ་སྟེ།

     ཕྱི་ལོ ༡༨༡༡ ལོ་གསུངས་པ་ཡིན་འདུག རབ་བྱུང་བཅུ་བཞི་བའི་སྨད་ལ་དཔལ་ས་སྐྱ་བའི་བླ་མ་ཆོས་རྗེ་ངག་དབང་ཆོས་གྲགས་ཀྱིས་དགེ་རྒྱུད་ཁག་ལ་རྡོ་རྗེ་ཕྲེང་བའི་དབང་གསུངས་སྐབས།   ༧རྗེ་འདི་ཉིད་ལ་དྷི༔ཕུ་དགོན་འདེབས་རྒྱུའི་ཐུགས་འདུན་ཡོད་པ་ལ།  རྨེའུ་དཔོན་མགོན་པོ་བསོད་ནམས་ཀྱིས་རྡོ་མཁར་གཉིས་ཁོང་གི་ལྷ་སྡེ་རུ་དབང་ཡོན་དུ་ཕུལ། མགོན་པོ་བསོད་ནམས་ཀྱིས ༧ཀིརྟི་བསྟན་པའི་རྒྱལ་མཚན་གྱི་ཡང་སྤྲུལ་ཀིརྟི་བློ་བཟང་ཕྲིན་ལས་ཚང་ལ་མཆོད་གནས་ཀྱི་དགོན་པ་ཞིག་འདེབས་དགོས་པའི་གསོལ་བ་བཏབ་སྟེ། 

     སྤྱི་ལོ ༡༨༧༠ ལོར། ༧ཀིརྟི་བློ་བཟང་འཕྲིན་ལས་ཚང་གིས་རྔ་བ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་ལ་གྲྭ་བ་བདུན་གྱི་གཞི་བྱས་ཏེ་དགོན་པ་ཕྱག་འདེབས་མཛད།   མཚམས་དེ་ནས་ཀིརྟི་དགོན་ནི་རྨེའུ་དཔོན་པོའི་མཆོད་གནས་ཀྱི་དགོན་པ་གཅིག་པོར་གྱུར་སྟབས།   ཀིརྟི་དགོན་དང་བསེ་དགོན་གཉིས་ལ་མི་མཐུན་པའི་འགལ་བ་མཚམས་དེ་ནས་བྱུང་།  དེའི་ཁར་བླ་མ་བསྭེ་སྲིབ་ཚང་ལ་སྡོམ་དམ་ཚིག་མི་གཙང་བའི་སྙད་བཏགས་ནས།  བསྭེ་སྲིབ་ཚང་བསེ་དགོན་པ་ནས་ཕུད་རྒྱུ་བྱས་པ་དང་། ཁོང་གིས་མདུན་འདུག་གྲྭ་བ་ཞིག་གི་རྒྱབ་ལ་ཐང་ཀ་ཞིག་བཏགས་ཏེ་ཞིང་ལུང་དང་སྟག་མ་ལུང་སོགས་ཉིད་ཀྱི་ལྷ་སྡེ་དག་ལ་བསྐོར་ནས་ཁྱིམ་ཚང་སུ་ལ་ཡང་མ་འདུག་པར་ཕྱིར་ཤོག་ཅེས་བཀའ་གནང་།  གྲྭ་བས་ཐང་ཀ་ཁུར་ཏེ་བླ་མའི་ལྷ་སྡེ་དག་ལ་བསྐོར་ནས་འགྲོ་སྐབས།   ཆར་ཤུགས་ཆེན་པོ་བབས་པར་ཁྱིམ་ཚང་ཞིག་གིས་ངེད་ཚང་ནས་ཆར་གཡོལ་གྱིས་ཞེས་གུང་ཚིགས་སོགས་དྲངས།  གྲྭ་བ་ཕྱིར་ལོག་པར་བླ་མས་ལམ་ཆག་མ་བྱས་སམ་གསུངས་པར།   ཁྱིམ་ཚང་ཞིག་ནས་ཆར་གཡོལ་བྱས་ཚུལ་ཞུས་པར།   རྟེན་འབྲེལ་ཅུང་མ་འགྲིགས།  ལྷ་སྡེ་ཡོངས་རྫོགས་རང་ལག་ཏུ་ལོན་དཀའ་གསུངས།  བླ་མ་བསེ་དགོན་གནས་ནས་དབྱུང་བ་དང་།   བླ་མ་དེ་ཀིརྟི་དགོན་པའི་གྲྭ་སར་བཞུགས་ཤིང་། བསེ་དགོན་པར་བསྭེ་སྲིབ་ཚང་གིས་ང་མ་དགོས་ན་ངའི་ལྷ་སྡེ་ཡང་བསྭེ་དགོན་ལ་དགོས་དོན་མེད་ཅེས། རང་གི་ལྷ་སྡེ་སྟག་མ་ལུང་དང་ཞིང་ལུང་བཅས་ཀིརྟི་དགོན་པའི་ལྷ་སྡེ་ལ་ཕུལ། (འདིའི་སྐབས་ཀྱི་བསེ་སྲིབ་བླ་མ་ནི་བསེ་དགོན་པའི་བླ་མ་ཞིག་ཡིན་པ་ལས་བསེ་དགོན་པའི་དགོན་བདག་མིན་པ་ཤེས་དགོས།)

     སྤྱི་ལོ༡༨༦༦ ལོར་གྱོང་མང་མོ་བ་བུ་མགོན་པོ་ཀླུ་སྒྲུབ་དང་།   ཐར་བའི་བུ་གཡུང་དྲུང་དགྲ་འདུལ།  དམེ་སྲིབ་བུ་ཀླུ་མགོན།  མཁར་བ་བུ་མཁར་ཟོན་རྣམས་ལ་དམག་བརྒྱབ་ཏེ་ཁྱིམ་གཞིས་སྟོང་བར་བྱས།  མཁར་བ་བུ་ལས་གཞན་ཐར་བའི་བུ་དང་གྱོང་མང་མོ་བའི་བུ་རྣམས་ཀྱིས་རྨེའུ་དཔོན་པོའི་དཔོན་ས་ལེན་པར་ལྐོག་གཤོམ་བྱས་པ་གསན་ནས་དྲག་གནོན་བྱས།    དམེ་སྲིབ་ཀླུ་མགོན་གྱིས་རྨེའུ་དཔོན་ལ་ཁྱོད་ཀྱིས་རྨེའུ་ཉིན་དཔོན་པོ་བྱོས་དང་།  ངས་དམེ་སྲིབ་དཔོན་པོ་བྱེད་ཅེས་ཆ་བསྐུར་པ་སོགས་རྨེའུ་དཔོན་པོར་ཡ་བོ་ཡོང་ཐབས་ལ་འབད་པ་བྱས་པར།  རྨེའུ་དཔོན་པོའི་ཕྱོགས་ཀྱིས་དམེ་སྲིབ་ཀླུ་མགོན་གྱི་བཟའ་ཟླ་ནང་དུ་བླངས་ཏེ།   ཀླུ་མགོན་གྱི་བཟའ་ཟླས་གཡོ་བྱུས་སོགས་ཀྱིས་ཀླུ་མགོན་བཀྲོངས།  མཁར་བ་ཚང་གིས་ནི་མཁར་བའི་སྡེ་མི་ལ་བརྙས་བཅོས་ཚད་མེད་བྱས་པས།  མཁར་བའི་སྡེ་མི་རྣམས་ཀྱིས་མཁར་བ་ཚང་གིས་སྡེ་མི་ལ་མནར་གཅོད་གཏོང་བའི་ལོ་རྒྱུས་རྨེའུ་དཔོན་པོར་ཡང་ཡང་ཞུས་པའི་རྐྱེན་གྱིས་མཁར་བ་ཚང་ལ་དྲག་གནོན་བྱས།    མགོ་ལོག་ལྡོང་ངེ་ཚང་གིས་བར་འབུད་བྱས་ཏེ།  མཁར་བའི་བུའི་གཞིས་ཀ་རྨེའུ་ཚང་ལ་དབང་རྒྱུ་བྱས་ནས།  མཁར་ཟོན་དང་བུ་སྐལ་ཚེ་དཔལ་གཉིས་སྲོག་ཐར་ལ་བཏང་བ་དང་ཁོང་གཉིས་མགོ་ལོག་ཕྱོགས་ལ་སོང་། འདིའི་རིང་ལ་རྔ་སྨད་ཀྱི་གཙང་ཚའི་རྡོ་སྒང་ཡན་དང་།  རྔ་ཉིན་གྱི་བསུ་ཆུ་མན།   རྔ་སྲིབ་ཀྱི་མཁར་ཆུ་མན་དང་།  སྟག་མ་ལུང་ཡན་གྱི་ས་ལ་བདག་དབང་བྱས།    དེ་ལ་སྲས་མ་འཁྲུངས།  དེའི་སྲས་མོ་དཔལ་ཆེན་དོན་འགྲུབ་མཚོས་མགོ་ལོག་གི་འབོས་པ་དཔོན་པོའི་སྲས་ཞིང་སྐྱོང་བསུས།   དབྲ་སྟོན་པཎྜི་ཏས་མཛད་པའི་ཀུན་མཁྱེན་ཤར་རྫ་བའི་རྣམ་ཐར་དུ་ཀུན་མཁྱེན་ཤར་རྫ་བ་ཚང་དང་ཡང་མཆོད་ཡོན་གྱི་འབྲེལ་བ་བྱས་པ་གསལ། རྒྱལ་ཁང་ནི་བང་ཆུ་ཁར་ཡོད་ཅིང་།   ད་ལྟ་མཐོང་སར་ཡོད་པའི་རྨེའུ་ཚང་གི་རྒྱལ་ཁང་ཞེས་པ་དེ་ཞིང་སྐྱོང་གི་རིང་ལ་རྒྱ་བསྐྱེད་དེ་བསྐྱར་བཞེངས་བྱས་པ་རེད་ཅེས་གྲགས།     སྐབས་དེར་ཁྲལ་ལས་ཀྱིས་འབངས་མི་རྣམས་ལ་ངལ་བ་ཆེར་བསྐྱེད་བྱུང།  ཞིང་སྐྱོང་གི་རིང་ལ་རྨེ་ཚང་གི་ནང་སྡེའི་ཁྱིམ་ཚང་རེ་རེ་ནས་ཀིརྟི་དགོན་ལ་གྲྭ་པ་རེ་བྱེད་དགོས་པའི་གྲྭ་བའི་ཁྲལ་བཞག་སྟེ།   བློན་པོ་རྣམས་ཁྱིམ་ཚང་རེ་རེ་ཞི་ལུ་ཡོད་མེད་ལྟར་ཡོང་སྐབས།  ཁྱིམ་ཚང་རེས་བྱིས་པ་ནས་བླུག་སྣོད་ཀྱི་སླས་ཀོག་ནང་དུ་སྦས་རབས་ཡོད།   ཞིང་སྐྱོང་ལ་སྲས་དཔལ་མགོན་འཕྲིན་ལས་རབ་བརྟན་དང་སྲས་མོ་དོན་འགྲུབ་མཚོ་འཁྲུངས། དཔལ་མགོན་འཕྲིན་ལས་རབ་བརྟན་ལ་སྲས་མ་འཁྲུངས་སྲས་མོ་མགོན་པོ་མཚོ་འཁྲུངས།  འདིའི་རིང་ལ་ཨ་བྲན་ཚོ་བ་དྲུག་དང་དམག་འཐབ་བྱས་ཏེ།  ཚོ་བ་དྲུག་གི་དམག་གི་གཞུང་བཤགས་ཏེ།  ཚོ་དྲུག་གི་དམག་ཤོག་གཅིག་ཕོ་ཚིགས་གཡང་ལུང་དུ་སོང་བར།   ལུང་བ་དེ་ཨ་བྲན་ལུང་བ་ཞེས་ཐོགས།  དེ་སོགས་ཀྱི་རྐྱེན་པས་བླ་བྲང་ཨ་ཕ་ཨ་བློ་དང་ཐུགས་མི་མཐུན་པ་བྱུང་རུང་།  ཨ་ཕ་ཨ་བློ་ལྷ་སར་ཕེབས་ལམ་གྱི་རྨ་ཆུའི་ཁ་ནས་འདུན་པ་ཞུས་ཏེ།  དབལ་ཤུལ་དབང་བློས་རྨེའུ་རྒྱལ་གསོད་གཤོམ་བྱས་ནས།  དབལ་བན་ལ་དམག་མི་རྒྱག་ཀ་མེད་བྱུང་ཚུལ་དང།  ཨ་ཕ་ཨ་བློ་དང་རྨེའུ་དཔོན་པོའི་བར་ལ་གཞན་གྱིས་ཕྲ་མ་བྱས་ཏེ།  ཚོ་དྲུག་དང་དམག་འཁྲུག་བྱུང་ཚུལ་བཅས་ཞུས་ནས།  ཨ་ཕ་ཨ་བློ་དང་རྨེའུ་དཔོན་དཔལ་མགོན་ཕྲིན་ལས་རབ་བརྟན་གཉིས་ཀྱིས་གསེར་སྐུ་བཀྲུ་འཐུང་གིས་མནའ་བཞག་སྟེ་ཐུགས་སེམས་གཅིག་ཏུ་འདྲེས།   མི་འགྱང་བར་བླ་བྲང་ཕྱོགས་ནས་རྨེའུ་ཚང་ལ་དམག་རྒྱག་རྩིས་ཡོད་པ་དེ།   རྒྱུ་མཚན་དེ་ལ་བརྟེན་ནས་ཞི་འཇམ་དུ་བཏང་།  འདིའི་ཐབས་ལ་མཁས་པའི་སྒོ་ནས་མཱ་ཆུ་ཚང་ལ་ཡ་བོ་མི་ཡོང་བར་དགོངས་ནས་མཱ་ཆུ་ཚང་ལ་མཐུན་བྱས་ནས།  རྔ་ཡུལ་ལ་མཱ་ཆུ་ཚང་དང་དམག་འཁྲུགས་ཀྱི་དཀའ་ངལ་མྱངས་མ་དགོས་པར་རྔ་ཡུལ་ལ་ཞི་བདེ་ཐེངས་གཅིག་བསྐྲུན་པ་རེད། རྒྱུ་མཚན་དེའི་ཕྱིར།  མགོ་ལོག་ཁང་རྒན་ཚང་གི་སྡེ་མི་རྣམས་རྔ་ཡུལ་ལ་བྲོས་བཤོལ་ཐུབ་ནས་རྔ་བའི་གྲོང་སྣེ་ཟིན་པ་ན།  མཱ་ཆུ་ཚང་གི་དམག་གིས་སྐྱོན་མེད་པར་ཤེས་ནས་མགོ་ལོག་གི་སྡེ་མི་མང་བོ་རྔ་ཡུལ་ལ་བཙན་བཤོལ་དུ་ཡོང་སྟེ།   ད་ལྟའི་དགོན་པའི་མཐའ་བ་མང་ཆེ་བ་ནི་མཱ་ཆུ་ཚང་ལ་བྲོས་ནས་ཡོང་བ་ཡིན།

       སྤྱི་ལོ༡༩༣༦ ལོར།  རྒྱ་དམག་མདོ་སྨད་རྔ་ཡུལ་དུ་ཐོན་ནས་རྔ་བ་རྣམས་ཀྱིས་བཤོལ་མ་དང་བོ་དང་གཉིས་པ་ཞེས་པ་བྱུང་ཞིང་།   སྐབས་དེར་ཁོང་གི་ནང་བློན་རྡོ་བའི་ཀིརྟི་སྐྱབས་རྒྱ་ནག་ཁྲི་འདུ་ལ་རྒྱ་དམག་གི་དམག་རྫོང་མཐུག་མིན་རྩད་གཅོད་དུ་བཏང་།   ཟླ་གཅིག་གི་རྗེས་ཀིརྟི་སྐྱབས་རང་ཡུལ་དུ་ཐོན་ནས་རྒྱའི་དམག་རྫོང་མཐུག་པོ་ཡིན་ཚུལ་དང་ངོ་ཡ་མི་ལོན་ཚུལ་ཞུས་པས།  དམར་དམག་རྒྱང་བསྐྱོད་སྐབས་རྒྱ་དམག་དང་མཐུན་ཐབས་བྱས་ཏེ། ལྷ་སའི་སྔོན་དུ་མདོ་སྨད་བཅོས་བསྒྱུར་བྱེད་པའི་རེ་བ་བཏོན།  རྒྱུ་མཚན་ནི་གྲྭ་ས་སེ་འབྲས་དགེ་གསུམ་ཉིན་གཅིག་ལ་འཚོགས་རྒྱུ་བྱུང་ན་དེའི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་དགོངས།  བཅོས་བསྒྱུར་ཕྱིན་འབྲེལ་ཡོད་བློན་ཕྲུག་དག་ལ་དངུལ་སྒོར་གྱི་མཐུན་རྐྱེན་སྦྱར་ཏེ་མ་འོངས་པ་ན་ང་ཚོར་ཡོན་ཏན་པ་མཁོ་བས་རིག་གནས་སྦྱོངས་ཞེས་ཁྲི་འདུ་ལྷོ་ནུབ་མི་རིགས་སློབ་གྲྭ་ལ་མངགས།  དཔོན་བློན་གྱི་བུ་རྣམས་ཀྱིས་རང་མི་རིགས་ཀྱི་ཞྭ་གོས་ཀྱི་ཆ་ལུགས་བསྒྱུར་མི་རུང་སྙམ་སྟེ།  ལྟ་བ་མཁྲེགས་འཛིན་བྱས་ནས་སློབ་གྲྭའི་འགྲིག་དང་མ་མཐུན་ནས་རིག་གནས་ཀྱི་ཡོན་ཏན་མ་འབྱོར།   བཅོས་བསྒྱུར་ཕྱིན་དཔལ་མགོན་ཕྲིན་ལས་རབ་བརྟན་འབར་ཁམས་ཀྲིན་ཞུའུ་ནང་དུ་ཞུགས་ནས་ཉིན་གཅིག་གི་རྗེས་གོ་གནས་སྤོར་རྒྱུ་ཡིན་པའི་གོ་སྐབས་དམ་འགོག་ཆེད།   འགའ་ཞིག་གིས་སྔོན་གྱི་འཁོན་པ་བཟུང་ནས་ལྐོག་གསོད་བཏང་ནས།   ཁྲོ་སྐྱབས་ཐུགས་རྗེ་ཆེན་པོའི་ལུང་མདོའི་ལྕགས་ཟམ་ཁ་ནས་རོ་བསྐྱུར་ཏེ་རང་ཤི་བརྒྱབ་པར་བསྙད།  རྡོ་གྲུབ་རྒན་རིན་པོ་ཆེས།   རྔ་སྨད་ཀྱི་ཤྭ་བ་རྒྱ་བོ་དེ། ། རེ་ཞིག་ལ་འབྲོང་གིས་མ་བསད་ན།།ཞེས་དང་།  མཐའ་མ་ནི་བྱང་གི་ཕྱོགས་སུ་འཕོ།།ཞེས་གསུངས།    བྱང་ནི་ཆུ་ཁམས་ཡིན་པས་ཚེ་མཐའ་ཆུ་ལ་རྫོགས་པར་ལུང་བསྟན་ཏོ།། །།

       གཞན་ཡང་མང་བོ་ཞིག་གིས་རྨེའུ་ཚང་གི་རུས་མིང་དམེ་ཡིན་བྱ་བ་ལ་ལ་ཁག་མེད།    མགོ་ཁུངས་གཅིག་ནས་ནོར་ན་ཀུན་ཀྱང་ནོར་བ་རྒྱུན་འབྱམས་སུ་འགྲོ་བ་ཡིན།   མཁས་དབང་དམུ་དགེ་ཚང་གིས་རྨེའུ་ཚང་གི་ཡིག་ཐོབ་དམེ་ཡིན་ཞེས་པ་ནི་གྱི་ལུང་རུས་མཛོད་དང་ཀིརྟི་བློ་བཟང་ཕྲིན་ལས་ཀྱི་རྣམ་ཐར་བཅས་ལ་གཞི་བཅོལ་བ་འདྲ་ལ། ཀིརྟི་བློ་བཟང་ཕྲིན་ལས་ཀྱི་རྣམ་ཐར་ན་དམེ་ཞེས་བྲིས་པ་དེ་ཡིག་མཁན་གྱིས་ནོར་བའམ། དཔར་རྐོ་པས་ནོར་བ་གང་རུང་ལས།  ཀིརྟི་བློ་བཟང་ཕྲིན་ལས་ཀྱིས་རྔ་བ་ཀིརྟི་དགོན་མ་བཏབ་སྔོན་དང་གསུང་འབུམ་མ་བརྩམས་སྔོན་ཀིརྟི་བློ་བཟང་ཕྲིན་ལས་ཀྱིས་ཨ་སྐྱོང་དཔོན་དང་རྨེའུ་རྒྱལ་བོ།  དབལ་ཤུལ་དཔོན།   ཅོག་ཙེ་རྒྱལ་བོ་རྣམས་ལ་གནང་བའི་བཀའ་ཤོག་ཏུ་རྨེའུ་ཞེས་བྲིས་ཡོད།   གྱི་ལུང་བཀྲ་ཤིས་རྒྱ་མཚོ་ཚང་།  རྔ་བ་ལ་ས་ཁ་ཐག་གིས་ཕྱེས་ཏེ་རྨེའུ་ཚང་གི་ལོ་རྒྱུས་ལ་དངོས་སུ་རྒྱུས་ལོན་མ་མཛད་པ་ལས་སྐབས་དེར་རྨེའུ་ཚང་ན་རྨེའུ་ཚང་གི་རུས་མཛོད་ཁུངས་དག་ཅིག་ཡོད་འདུག   བཀྲ་ཤིས་རྒྱ་མཚོས་ཁོང་ཉིད་ཀྱི་འཁྲུངས་གཞིས་གྱི་ལུང་ཞེས་པ་སྐྱེལ་ལུང་གི་ཡིག་ཐོབ་ཀྱང་མ་མཁྱེན་ནས་གྱི་ལུང་ཞེས་བྲིས་འདུག  གྱི་ལུང་རུས་མཛོད་དུ་རྔ་བའི་དམེ་དཔོན་ཕྲན་ཀྱང་རྟ་ཐར་རྒྱལ་གྱི་རྒྱུད་ཡིན་པར་གསུངས་པ་ནི་རྒྱུས་ལོན་ཞིབ་མོ་མ་མཛད་པའི་སྐྱོན་ཡིན།      གྱི་ལུང་རུས་མཛོད་ཀྱིས་མདོ་སྨད་ཆོས་འབྱུང་ལ་ཁུངས་བཅོལ་བ་ཡིན།  བྲག་སྒོམ་པ་བསྟན་པ་རབ་རྒྱས་ཚང་དངོས་སུ་རྔ་ཡུལ་ལ་ཕེབས་པ་སྟབས་མ་འཁེལ་བས།  རྔ་བ་ནས་བླ་བྲང་ལ་གྲྭ་སར་ཕེབས་པའི་གྲྭ་པ་འགའི་ངག་སྒྲོས་ཡིག་ཐོག་ཏུ་བཀོད་ནས་ནོར་བ་སོང་འདུག  རྔ་བའི་ཡུལ་སྐད་དུ་རྨེ་ལ་དམེ་ཞེས་འབྱུང་བའི་སྒྲ་ཇི་བཞིན་དུ་ཡིག་ངོར་བཀོད་པས་ནོར་བ་ཡིན་འདུག

       གཏེར་སྟོན་གཤེན་ཅེན་ཀླུ་དགའི་དངོས་སློབ། བྲུ་ཞུ་སྤར་གསུམ་ཡིན་ཞིང་།   བྲུ་ཞུ་སྤར་གསུམ་གྱི་དངོས་སློབ་རྨེའུ་སྟོན་མགོན་རྣམ་གཉིས་ཡིན་ཕྱིར་རྟོགས་ལྡན་དགོན་དང་རྨེའུ་དཔོན་སྔོན་མ་རྣམས་དང་མཆོད་ཡོན་གྱི་འབྲེལ་བ་བྱུང་བའི་གཞི་དེ་ལ་ཐུག་པ་ཡིན།   ད་རུང་རྨེའུ་དཔོན་ཚང་གི་རུས་དམེ་ཡིན་ཞེས་ཨུ་ཚུགས་བྱེད་འདོད་ན།   བོན་གྱི་དཔེ་རྙིང་དུ་གསལ་བའི་བྲུ་ཞུ་སྤར་རྨེ་ཞེས་པའི་རྨེ་ཡང་དམེ་ཡིན་ཟེར་བ་ལས་འོས་མེད།   སྔོན་དུས་ཀིརྟི་དགོན་སོགས་གཙང་བཀྲ་ཤིས་ལྷུན་པོར་གྲྭ་སར་ཞུགས་སྐབས་མངའ་རིས་པ་སྟག་མོ་ཁང་ཚན་གྱི་ཐོབ་ཁོངས་སུ་ཞུགས་དགོས་དོན་ཡང་རྨེའུ་ཚང་གི་རུས་རྒྱུད་མཆེད་ཁུངས་སྟོད་མངའ་རིས་ནས་ཡིན་པའི་རྒྱུ་མཚན་གྱིས་རེད།   ཡིག་ཚང་རྙིང་བ་དག་ན།   ལྡོང་ས་ཁམས་པ་དེ་ཤྭ་བར་བླ། །ཞེས་འབྱུང་བ་བཞིན།    རྡོ་གྲུབ་རྒན་རིན་པོ་ཆེས་རྨེའུ་ཚང་ལ་གནང་བའི་ལུང་བསྟན་དུ།   རྔ་སྨད་ཀྱི་ཤྭ་བ་རྒྱ་བོ་དེ་གསུངས་དོན་རྨེའུ་ཚང་གི་རུས་ལྡོང་ཡིན་ཕྱིར་རེད།   དེར་མ་ཟད་རྨེའུ་དང་ལྡོང་གི་མཚུན་ལྷ་ཤྭ་བ་ཡིན་ཕྱིར་རྨེའུ་ཚང་གི་སྲུང་རིམ་འདོན་སྐབས་བླ་ཟོག་ལ་ཤྭ་བ་བཅའ་སྲོལ་ཡོད་པ་བཞིན།   གནའ་སྲོལ་ལྟར་བཅོས་བསྒྱུར་མ་བྱས་བར་དུ་སྲོལ་རྒྱུན་འཇགས་སུ་གནས་ཡོད་པ་ནི་དེར་སྲུང་རིམ་འདོན་པར་འགྲོ་མྱོང་གྲྭ་རྒན་དག་གི་ཞལ་གཅིག་མཐུན་ཡིན།  ཡོངས་གྲགས་སུ་མངའ་རིས་དང་ཤར་ཚ་བ་རོང་རྣམས་སྦྲ་ཡི་རུས་གཏོགས་སུ་འཆད་པས་མངའ་རིས་རྒྱལ་རྒྱུད་ལྡོང་ཡིན་བྱས་ན་མི་འཐད་ཟེར་ན།  བོད་གཞུང་དཔེ་མཛོད་ཁང་དུ་བཞུགས་པའི་མངའ་རིས་རྒྱལ་རབས་ཕྱག་བྲིས་མ་ལ་གཟིགས་དང་།  མངའ་རིས་རྒྱལ་རབས་རྣམས་ལྡོང་གི་རུས་གཏོགས་ཀྱི་རྨེའུ་ཡིན་གསུངས་པ་རྐྱང་ལས་སྦྲ་ཡིན་ཚུལ་སྣ་གཅིག་མེད།

      མདོར་ན་སྦྲ་ནག་རྟ་བོའི་རྨེའུ་ཚང་དང་རྔ་ཡུལ་གྱི་རྨེའུ་ཚང་གཉིས་སྟོད་མངའ་རིས་རྒྱལ་རྒྱུད་ལས་མཆེད་པ་ནི་མངའ་རིས་རྒྱལ་རབས་རང་གིས་ཁ་གྲགས་པ་ལ་འཇུན་ཐབས་ཅི་ཡོད། རྒྱུ་མཚན་དེ་དག་གིས་རྔ་ཡུལ་རྨེའུ་དཔོན་ཚང་མགོ་ལོག་རྟ་ཐར་རྒྱལ་གྱི་རྒྱུད་ལས་མཆེད་པ་མིན་པའི་ར་སྤྲོད་ཙམ་དང་།   སྔོན་དུས་རྔ་ཡུལ་མོ་སྨན་རྣམས་ཀྱིས།   ཁེབ་ལི་ཤེ་མེད་ན། །མྱི་སྔུན་ཤེ་མི་ཆོད། །ཅེས་པ་ཡང་ཕྱིས་སུ་ལས་ཀའི་སྐབས་ཁོ་ནར་བཀོལ་བའི་སླེ་གདན་ནམ་སྒལ་སླེ་དེ།    གནའ་དུས་སྟོད་མངའ་རིས་ཀྱི་སྲོལ་དང་མཚུངས་པར་བུད་མེད་རྣམས་ཀྱིས་རྒྱབ་བེར་གྱི་འཕྱོར་གོས་བྱེད་སྲོལ་ཡོད་པ་ནི།   སྡོམ་ཚིག་དེས་གསལ་བཤད་བྱས་འདུག    ད་རུང་དགེ་འདུན་ཆོས་འཕེལ་དངོས་སུ་ཕེབས་མྱོང་བའི་གར་ཞའི་ཡུལ་དུ་ང་རང་འགྲོ་སྐབས་མི་ཚོགས་འདུས་ཆེ་བའི་དུས་དང་བསྟུན་ནས། ལ་དྭགས་ཟངས་དཀར་སོགས་དང་རྔ་ཡུལ་ཁོ་ནའི་སྐད་དང་གོམས་གཤིས་འདྲ་བ་མང་དུ་མཐོང་མོད།   ཉོག་འགྲོ་བར་དོགས་ནས་དེ་ཙམ་མོ། །རྨེའུ་ཚང་སྟོད་མངའ་རིས་ནས་མཆེད་པའི་སྡོམ་ཚིག་ཏུ།   རྔ་བ་མ་རེད་མངའ་བ་རེད། །སྟོད་མངའ་རིས་ཆད་ཀི་དུམ་བུ་རེད།།ཤ་སོག་པ་བགོས་ཀི་ཚལ་བ་རེད། །ཅེས་པའི་གླུ་ཚིག་དེ་ལ་གཞི་བཅོལ་ནས་རྔ་བ་ཡོངས་རྫོགས་སྟོད་མངའ་རིས་ནས་མཆེད་པའི་མི་རྒྱུད་ཡིན་ཟེར་བ་ནི།  རྔ་ཡུལ་སྤྱིའི་ལོ་རྒྱུས་ལ་རྒྱུས་ལོན་མ་བྱས་པར་ཕྱོགས་སུ་ལྷུང་བའི་གཏམ་མོ།། །།

རྩོམ་ཁུངས། ཀུང་འོད་འབར་རྩོམ་རིག་སྤྱི་སྟེགས། 


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/4/15 བལྟ་ཀློག (3179)