ཁ་བ་འབབ་པ་འདི་སྟེས་དབང་ཞིག་མ་རེད།
_____རས་ཡོལ་སྔོན་པོ།
ཁ་སང་དགོང་མོ་ནས་དེ་རིང་དགོང་མོ་མ་ལོན་བར་དུ་ཕ་ཡུལ་ན་ཁ་བ་བབས་པ་རེད། དེ་རིང་དགོང་མོ་སྟེ་དུས་ཚོད་བཞི་ཡས་མས་ཤིག་ནས་ཁ་བ་འབབ་མཚམས་བཞག་ཅིང་། ཉི་མ་སྤྲིན་གྱིས་བསྒྲིབས་ཏེ་འོད་ནི་ཕྲན་བུ་ཞིག་ཀྱང་མཐོང་རྒྱུ་མེད་མོད། ང་རང་གྲང་ངར་གྱིས་མནར་བ་ཁྱོན་ནས་མ་ཚོར་བ་མ་ཟད། ཏོག་ཙམ་ཡང་མ་འཁྱགས། ཡིན་ནའང་ངའི་རྩིབ་ཏུ་ཡོད་པའི་མྱི་དེ་དག་དང་འཕྲིན་ཕྲན་ནང་གི་མི་མང་པོ་ཞིག་གྲང་འདར་རྒྱག་གིན་པ་ཚོར། འོན་ཀྱང་ང་རང་ངོས་གནས་གྲང་འདར་ཕྲན་ཙམ་ཡང་མི་ཡོང་བར་དངུལ་དཀར་གྱིས་ཡོངས་སུ་ཁེབས་པ་ལྟ་བུའི་ས་གཞི་དང་རི་ཚོགས་ལ་ལྟ་བཞིན་ཕྱིར་རང་ཁྱིམ་དུ་ལོག་པ་ཡིན། ང་རང་ཁྱིམ་ལ་འགྲོ་ཞོར་དུ་ངས་ཁ་བ་འབབ་ཚུལ་ལ་བསམ་བློ་ཡང་ཡང་བཏང་། དངོས་གནས་ཁ་བ་འབབ་པ་ནི་སྟེས་དབང་ཞིག་མ་རེད། གལ་ཏེ་སྟེས་དབང་ཞིག་ཡིན་པའི་དབང་དུ་བཏང་ནའང་ཁ་བ་དང་ལྷན་དུ་བྱུང་བའི་ཙག་དང་གྲང་ངར། དགུན་དུས་སུ་དལ་གྱིས་འབབ་པ་ལས་དུས་གཞན་དུ་ཁྱོན་ནས་འབབ་མི་སྲིད་པ་དང་། ནག་ནོག་གིས་མ་གོས་པའི་ཁ་དོག འདི་དག་དངོས་གནས་སྟེས་དབང་ཞིག་མ་རེད་ཨང་།
ད་ཚོད་འདང་རེ་བརྒྱབ་ན་ང་རང་ལོ་ཆུང་ཡིན་དུས་ཤིག་ལ་འབྲོག་པ་བྱས་ནས་ནོར་ལུག་མང་པོ་འཚོས་ནས་བསྡད། སྐབས་དེ་དག་ཏུ་དགུན་ཁར་ཁ་བ་མང་པོ་བབས་པ་ཡིད་ལ་མི་འོང་ནའང་། དགུན་མཇུག་ཏུ་ནོར་རྣམས་རྩྭ་ས་ཟད་པར་གྱུར་ཏེ་རི་སྤོ་དགོས་པ་ཞིག་དྲན་རྒྱུ་འདུག དེ་བས་ང་རང་ཚུད་པའི་མ་ལགས་དང་ནུ་མོ་རྣམས་ཕལ་ཆེར་འབྲོག་པ་བྱས་ནས་ལོ་འགར་བསྡད་པ་རེད། ཕ་ལགས་མཚམས་མཚམས་སུ་མ་གཏོགས་པར་འབྲོག་པ་བྱས་ཏེ་འདུག་གྱིན་ཡོད་མ་རེད། དེ་བས་ང་དང་མ་ལགས། ད་དུང་ནུ་མོ་བཅས་དགུན་མཇུག་དང་དཔྱིད་མགོ་སོགས་སུ་ལོ་རྟག་པར་རྩྭ་སར་སོང་ནས་འདུག་མྱོང་ཡོད་པ་རེད། དེ་དུས་ང་རང་དང་ནུ་མོ་གཉིས་ལོ་ཆུང་བྱིས་པ་གཉིས་ཡིན་པས་མ་ལགས་ཁོ་ནར་བརྟེན་ཏེ་འཚོ་བ་དང་ཉིན་མོ་རེ་རེ་ཕལ་སྐྱེལ་གྱིན་ཡོད་ལ་ང་གཉིས་ཀྱང་མ་ལགས་ལ་རོགས་པ་མང་པོ་བྱེད་ཐུབ་ཀིན་མེད་ནའང་ངེད་གཉིས་ཀྱིས་ཀྱང་ནུས་ཚོད་ཀྱིས་མ་ལགས་ལ་ལས་ཀ་བྱེད་རོགས་གནང་གི་ཡོད་པ་རེད།
སྐབས་དེ་དུས་ཤིག་ལ་ང་ཚོས་དེ་ལྟར་དཀའ་ཚེགས་དང་བཅས་འཚོ་བ་རོལ་གྱིན་ཡོད་ནའང་འཛུམ་མདངས་དང་དགོད་སྒྲ་ལ་འཇགས་ཐབས་བྲལ།
ལོ་ཞིག་གི་ནང་དུ་དཔྱིད་མགོར་ཁ་བ་ཉིན་མཚན་མེད་པར་མང་པོ་བབས་པ་རེད། དངོས་གནས་ཁ་བ་ལ་རང་གཤིས་ཚུགས་ཐུབ་ཅིག་ཡོད་ཡཱ། ཁ་བ་ཇི་ལྟར་མཐུག་ཏུ་ཕྱིན་ན་དེ་ཙམ་གྱིས་ངེད་ཅག་གི་སེམས་ལ་དངངས་འཚབ་སྐྱེ་དགོས་བྱུང་ཞིང་། ཁ་བ་ཁོ་ནར་དངངས་འཚབ་བྱེད་པའང་མ་ཡིན་ཏེ། ཁ་བ་དང་ལྷན་དུ་འགྲོགས་ནས་ཡོང་བས་ཙག་དང་གྲང་ངར་ལ་སྐྲག་པ་ཡིན། སྒོ་ཁའི་སེམས་ཅན་རྣམས་ཀྱི་འཚོ་བ་ལ་བསམས་ཏེ་སྐྲག་པ་ཡིན། ངའི་མ་ལགས་ཀྱིས་ཀྱང་དེ་ལྟར་དྲན་ནས་སྐྲག་གིན་ཡོད་པ་འདྲ་ཞིང་། སྤྱིར་མ་ལགས་ནི་གུ་ཡངས་སྒམ་དཀྱེལ་ཆེ་བས་རི་ཁ་ཁྱིམ་མཚེ་ཡོངས་ཡིད་སྨོན་གནང་ས་ཡིན་པར་མ་ཟད་ཁ་བ་དང་སྨུག་པའི་ནང་དུ་མགོ་འཐོམ་པར་སྐྲག་མི་སྲིད། ངེད་ཅག་ཁ་བ་བརྒལ་ནས་ལ་ལུང་འགྲིམ་དགོས་ཀྱང་ཁྱོན་ནས་མི་སྐྲག་མོད། ཁ་བའི་ཁ་དོག་ལ་སྐྲག་ནས་མིག་ལ་སྐྱོར་བ་རེ་རེ་བཟོས་ཏེ་སོང་བ་ཡིན། དེ་ལྟར་ང་རང་འབྲོག་པ་ཡང་ཁ་བ་ལྷན་དུ་འཚར་ལོངས་བྱུང་བའང་ཡིན།
དེ་དག་ཕྱིར་དྲན་སེམས་ཀྱི་ངོས་སུ་གསལ་ལྷང་ངེར་འཆར་དུས། བདག་གིས་སྔོན་ཆད་ཅིག་ནས་ཁ་བ་ལ་རང་ཚུགས་དམ་པོ་ཡོད་པའི་དཔང་རྟགས་རྙེད་ཟིན། དེ་བས་ད་ལྟའང་ང་རང་ཅུང་ཙམ་ནར་སོན་པའི་གོ་རིམ་ཁྲོད་དུ་ཁ་བ་ལ་རང་གཤིས་ཟབ་མོ་དང་ཁ་བ་འབབ་པ་ནི་སྟེས་དབང་ཞིག་མིན་པའི་དཔང་རྟགས་བཙལ།
དེ་ཅི་ཡིན་ཞེ་ན། འདི་ལྟ་སྟེ་ཁ་བ་བབས་པས་དུས་ཚིགས་ཤིག་གི་མཇུག་རྫོགས་པ་དང་དུས་ཚིགས་ཤིག་གི་དབུ་འཛིན་པ་མཚོན་གྱིན་ཡོད་ལ། ཁ་བ་བབས་པས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་འགྲེལ་བཤད་རྒྱག་གྱིན་པ་མི་ཚོར་རམ། ཁ་བ་བབས་པས་ཁ་བར་དགའ་བའི་མི་རྣམས་ལ་པར་ལེན་པ་དང་ཁངས་ཀྱི་ནང་དུ་རི་མོ་བྲི་རྒྱུའི་གོ་སྐབས་ཤིག་སྩོལ་གྱིན་ཡོད་པ་མི་ཤེས་སམ།
ད་དུང་ཁ་བ་བབས་པས་ལོ་རྟག་པར་བརྗིད་ཆགས་ངང་ཁེར་རྐྱང་དུ་འགྲེང་བའི་གངས་རི་དག་ལ་ཁ་གསབ་བྱ་ཆེད་དཀའ་ལས་དང་འོ་བརྒྱལ་གཏད་སོང་བ་མི་ཚོར་རམ། ཁ་བ་འབབ་དོན་ནི་འདི་ཙམ་ཁོ་ནའང་ཡིན་མི་སྲིད་དེ། འཇིག་རྟེན་པའི་མྱི་རྣམས་ཀྱི་མིག་ལམ་དུ་མེ་ཏོག་གི་ཟོལ་གྱིས་ཡང་ཡང་འབབ་པ་དེ་དངོས་གནས་སྟེས་དབང་ཞིག་ཡིན་སར་ག་ལ་འགྲོ་ཨང་། ད་དུང་འཇིག་རྟེན་གྱི་རི་རབ་དང་གཙང་བོ་མཐའ་ཡས་པའི་རྩྭ་ཐང་སོགས་སུ་རླུང་མ་ལྡང་ཚེ་ཁ་བ་འབབ་པ་ནི་ཤིན་ཏུ་དལ་མོ་ཞིག་ཡིན་པ་སྟེ་རི་ཀླུང་ཀུན་ཏུ་དཀར་སོབ་སོབ་ཀྱིས་ཡོངས་སུ་གང་བར་བྱེད་སྲིད་པ་རེད།
ཁྱོད་ཀྱི་མིང་ལ་གངས་དང་གངས་རི་ཐོགས་པ་ནས་བཟུང་ང་རང་ཁྱོད་ཀྱི་སྙན་ངག་གི་མེ་ཏོག་ཏུ་བཞད། ཉི་ཟླ་ལ་ཚེ་སྲོག་གི་གཤོག་པ་ཐོགས་པ་ནས་བཟུང་ངས་གངས་རི་དང་གཙང་བོ་བརྗེད་མ་མྱོང་། རྩ་ཐང་དང་ནོར་ལུག་བརྗེད་མ་མྱོང་། སྦྲ་གུར་དང་ཕ་ཡུལ་བརྗེད་མ་མྱོང་། མེས་པོ་དང་སྐད་ཡིག་བརྗེད་མ་མྱོང་། འདུ་ཤེས་དང་རེ་འདུན་འགྱུར་མ་མྱོང་བས། ང་ཚོས་སླར་ཡང་ཁ་བ་དང་གངས་རིའི་ཡང་སྙིང་ལ་བསམ་གཞིག་གཏོང་དགོས། ཕུ་ནུ་དང་མིང་སྲིང་ཡ།
སྤྱི་༢༠༡༨ལོའི་ཟླ་༡༡ཚེས་༢༧ཉིན་ཇ་ཁང་ཞིག་ཏུ་མཇུག་གྲུབ་པར་བྲིས།
|