སློབ་མ་ཉིས་སྟོང་ལྷག་གསོ་སྐྱོང་གནང་མྱོང་བའི་རྔ་བའི་དགེ་རྒན་ཞིག་འོས་སྦྱོར་བྱས་ཡོད།


       ཁོང་གི་མཚན་ལ་སྣང-འཇམ་དབྱངས་བློ་གསལ་རྒྱ་མཚོ་ཞུ་ཞིང་ཁོང་ནི་སི་ཁྲོན་རྔ་བ་ཁུལ་རྔ་བ་རྫོང་གི་ཁོངས་རྟོགས་རྨེའུ་སྐོར་འཚམས་ཚའི་སྣང་ཞིག་ལྷ་སྟེང་གི་སྣང་ཞིག་ཚང་གི་ཕ་བདེ་འཕེལ་དང་མ་སྒྲོལ་མ་འཚོ་གཉིས་ཀྱི་རིགས་རུས་སུ་སྤྱི་ལོ་1951ལོར་སྐྱེས་ཤིང་།

     ལོ་བདུན་གྱི་སྟེང་སྒང་བ་དགོན་དུ་ཞུགས་ཏེ་སྒང་བ་རྒྱ་ནག་མཁན་པོའི་དྲུང་དུ་སྐྲ་ཕུད་འབུལ།  ཁུ་བོ་ཟླ་བ་གྲགས་པའི་མདུན་ནས་ཡི་གེ་སྦྱོར་ཀློག་དང་སྐྱབས་འགྲོ་ལྟུང་བཤགས་ཆོ་ག་ཆོས་སྤྱོད་སོགས་བསླབས། དེ་ནས་རྨེའུ་སྐོར་སློབ་ཆུང་འགྲིམས་ཏེ་མཐར་ཕྱིན་རྗེས་མཉམ་ལས་ཁང་གི་ལས་ཀ་སྣ་ཚོགས་པའམ་ཞིང་ལས་ཀྱིས་འཚོ་བ་རོལ།

     སྤྱི་ལོ1973ལོ་ནས་1982བར་འཚམས་ཚ་རུ་ཆེན་གྱི་རྩིས་གཉེར་བ་དང་དམངས་སྒྲུབ་དགེ་རྒན་གྱི་འགན་གཉིས་མཉམ་དུ་ཁུར། དེའི་སྐབས་གསང་སྟབས་ཀྱི་སྒོ་ནས་འཇོ་པཎ་ཌི་ཏའི་སྤྲུལ་སྐུ་ཁྲི་ངག་དབང་དགེ་ལེགས་ཚང་གི་དྲུང་དུ་བཅར་ནས་ས་སྐྱའི་ཐུན་མོང་བསྡུས་གྲྭ་དང་བསེའི་བསྡུས་གྲྭ་གཉིས་ལ་སྦྱངས་པ་བྱས།

     སྤྱི་ལོ་1979ལོ་ནས་བཟུང་གངས་ལྗོངས་ཐོན་མི་གཉིས་པ་རྗེ་བཙུན་བསམ་གཏན་རྒྱ་མཚོ་མི་འཇིགས་དབྱངས་ཅན་དགའ་བའི་བློ་གྲོས་དཔལ་བཟང་པོ་མཆོག་གི་མདུན་ནས་བརྡ་སྤྲོད་བློ་གསལ་འཇུག་ངོགས་དང་བློ་གསལ་དགའ་སྟོན་གཉིས་ཀྱི་ལྗགས་ཁྲིད་རྒྱས་པ་ཐེངས་བཞིར་ཐོབ། བྱིས་པའི་དག་ཡིག་དང་། སྙན་ངག་དབྱངས་ཅན་དགྱེས་གླུ། བོད་མཁས་པའི་སྙན་ངག   སྙན་འགྲེལ་ཡང་གསལ་སྣང་མཛོད།  བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་། སྐར་རྩིས་རིགས་ལྡན་མཆོད་པའི་འོད་སྣང་།  བྱེད་མཐུན་གྱི་ཉི་ཟླ་གཟའ་འཛིན་གྱི་རི་མོ།  འདར་ལོའི་དབྱངས་ཅན་སྒྲ་ཌཱིཀ་གི་མགོ་ནས་བྱིངས་ཀྱི་མགོ་བར་ལྗགས་ཁྲིད་རྒྱས་པ་ཐོབ་སྟེ་སློབ་གཉེར་བྱས།  ཞང་ངེ་ལམ་རིམ་པ་ཚང་གི་མདུན་ནས་འདར་ལོའི་སྒྲ་ཌཱིཀ་ཀི་རི་མོ་ཡང་བསྐྱར་བསླབས།  སྒྲ་རིག་རྒྱ་མཚོའི་མཐར་སོན་རྗེ་སྐལ་བཟང་ངག་དབང་དམ་ཆོས་ཚང་གི་མདུན་ནས་སྒྲ་པཱ་ཎི་ནི་དང་སྒྲ་ཀ་ལཱ་པ་དང་།  སྡེབ་སྦྱོར་རིན་ཆེན་འབྱུང་གནས་སོགས་བསླབས་པར་བྱས།  རང་གི་དྲིན་ཆེན་རྩ་བའི་བླ་མ་སྒང་བ་བསྟན་པའི་རྒྱལ་མཚན་ཚང་གི་དྲུང་ནས་སྔགས་བཀླག་ཐབས་སོགས་ཆོས་ཚན་མང་པོ་གསན།

      གཞན་ཡང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ཁོང་ཨ་ཁུ་སྦྱིན་པ་ཚང་གི་མདུན་ནས་ཕར་ཕྱིན་དོན་བདུན་ཅུ་དང་།  མཛོད་གནས་བརྒྱད་ཀ་དང་འདུལ་བའི་གཞི་སྟོད་དང་གཞི་སྨད།  དབལ་མང་སྔགས་སྤྱི་སོགས་ལྗགས་ཁྲིད་གནང་བར་གསན་སྦྱོང་མཛད།

     སྤྱི་ལོ1983ལོ་ནས་2009བར་རྔ་བ་རྫོང་བོད་ཡིག་སློབ་འབྲིང་གི་དགེ་རྒན་བྱས་ཏེ་སློབ་མ་ཉིས་སྟོང་ལྷག་གསོ་སྐྱོང་བྱས།  དེ་ནས་ལོ་ལྔ་ལ་རྔ་བ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོའི་འགན་ཁུར།

      2014ལོ་ནས་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་ན་རི་མོའི་མར་མེ་བཞིན་བྱ་བ་སྒྲུབ་ཁུལ་བྱ་བཞིན་བཞུགས།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/4/22 བལྟ་ཀློག (6498)