ཅོ་བྱང་སྐར་གྱི་རང་མོས་འགའ།


རོལ་དབྱངས་སྐམ་པོ།

 

སྐྲ་ལོ་ལ་འཇུས་ནས་སྐྱབས་འཇུག་གི་མིག་ཟུང་སྟོང་བའི་དབྱིངས་སུ་འཐིམ་དུས།

ཝུ་སིབ་ཁུ་ནག་གི་འཐུང་འཕྲོ་ཞིག་དང་མཚུངས་པའི་ངའི་རོལ་དབྱངས་སྐམ་པོ།

ཉི་ཟླ་རི་བོའི་དྲན་ཤེས་ཀློང་ནས་ཁྱེད་ལ་འཁྲེང་སེམས་འཁོར་ལ།

གསེར་དངུལ་གཞོང་པའི་གཏམ་རྒྱུད་ཁྲོད་ནས་ཁྱེད་ལ་ཕྱིར་མིག་འཕེན།

བོར་ཟིན་པའི་གཟུགས་ཕུང་གི་ཁ་དོག་ཁྲོད་ནས་ཁྱེད་ལ་ལོ་རྒྱུས་གླེང་དུས།

དགོད་སྒྲ་དང་ངུ་སྒྲའི་བར་ནས་རང་སེམས་ཀྱི་རོལ་དབྱངས་དེ་སྐམ་པོ་ཡིན་པ་རྟོགས་སོང་།

 

མདང་ནུབ་ཀྱི་མཆུ་སྒྲོས་འཇམ་པོ་དེའི་མངར་ཁ་ཞིམ་པོ་ལས།

བརྩེ་དུང་གི་ཐ་སྙད་མི་ཉུང་པ་ཞིག་ངའི་ཚོར་བ་ལས་འཐོར།

རྨི་ལམ་ལྷ་ཚོགས་དང་དང་འདྲེས་ནས་རོལ་དབྱངས་ཤིག་གི་ཞིང་ཁམས་འགྲིམས་དུས།

རྟ་དྲེལ་མང་པོའི་རྨིག་སྒྲ་ལས་ཟིན་པའི་ས་ཁི་སིའི་རོལ་དབྱངས་དེ་དག

མི་མངོན་པའི་བར་སྟོང་ཡངས་པོར་མུན་ནག་ནང་གི་མཛུབ་རིས་བཞིན།

སྙིང་ཉེ་གང་ཞིག་ལ་ཕོག་ཐུག་གི་མིག་ཆུ།

ཡོད་ཚད་བོར་ཟིན་པའི་འབྲོང་གཡག་གི་རྐང་རྗེན་བཞིན།

རྒོད་པོ་ཡི་རྣམ་ཤེས་དང་བསྡོངས་ནས་ལམ་ཏུ་ཆས།

 

རོལ་དབྱངས་སྐམ་པོ་དེ་དག་བདེན་རྫུན་གྱི་གཏམ་རྒྱུད་ཁྲོད་ནས་དམ་ཏུ་བཏགས་ལ།

ཚོར་ཤེས་དང་དྲན་ཤེས་མང་པོ་མེས་པོ་ཡི་ལོ་རྒྱུས་ཁྲོད་ནས་རྒྱང་ཏུ་གཡུགས།

ད་ནི་གསར་རྙིང་གི་སེམས་ཁམས་དེ་གཟུགས་མེད་ཀྱི་རོལ་དབྱངས་ཤིག་དང་འདྲ་བར།

མཚན་ཉིད་དང་ལུང་རིགས་དྲངས་ནས་སླེབས་བྱུང་།

ད་ནི་རོལ་དབྱངས་སྐམ་པོ་དེས་རྟོག་གེ་བའི་འཇིག་རྟེན་བསྣམས་ནས།

སྟོང་བའི་དབྱིངས་སུ་ལག་གཡུག་བྱེད་བཞིན་སླེབས་བྱུང་།

 

སྲུང་ཕུར་ལས་ཤོར་བའི་རྨི་ལམ་གྱི་གྱི་ལང་རྟ་ཕོ།

ཕུགས་བསམ་ཞིག་དང་རེ་བཞག་ཅིག་གི་ཆེད་དུ་དྲན་ཤེས་ཀྱི་ཕ་མཐའ་འཚོལ་དུ་ཕྱིན།

སྤྲིན་པའི་གསེབ་ནས་དྲོད་ཁོལ་མ་ཡལ་བའི་རིས་མེད་ཀྱི་རྟ་བདུན་དབང་པོས།

འགྲུལ་བཞུད་གྱི་གོམ་འགྲོས་མྱུར་མོར་བསམ་གཞིགས་གི་ལམ་ཁ་ཡང་བོར་ཕྱེས།

ད་ནི་རོལ་དབྱངས་གི་རམ་འདེགས་བྱས་པའི་རྨ་ཀླུང་རིང་མོའི་རླབས་སྒྲ།

རྐང་ཐང་བ་ངའི་སྟོབས་ཤིག་གི་རྩེ་རུ་སྤུར་ནས་ཁ་རོག་གེར་བུད་སོང་།

 

འཇའ་རིས་ལ་འགྲོགས་པའི་ཤུར་ཤུར་གྱི་རོལ་དབྱངས་དེ་དག

འགྱུར་སླ་བའི་སེམས་ཁམས་དང་འགྲོགས་ནས་ལན་རེ་སྐམ་ལན་རེ་རློན།

ཚང་ཚང་གི་གར་སྟེགས་སུ་འཇོ་བའི་བདེན་རྫུན་གྱི་རོལ་དབྱངས་དེ་དག

མེས་པོ་ཡི་ནང་སྙིང་ལས་འཁྲུངས་རུང་ལན་རེ་སྐམ་ལ་ལན་རེ་རློན།

རློན་ཟིན་པའི་རོལ་དབྱངས་དེ་དག་ཉི་ཟླ་རི་བོའི་རྒྱབ་ཕྱོགས་སུ་བཞུད་ཟིན་ལ།

ཁྲ་ཁྲ་རིལ་རིལ། ཨ་གསར་ཨུ་ཚུགས་ངང་ཡོད་པའི་རོལ་དབྱངས་སྐམ་པོ་དེ་དག

ངའི་རྨི་ལམ་གྱི་མཛའ་ན་མོ་བཞིན་ལན་རེ་འཇམ་ལ་ལན་རེ་རྩུབ།

 

ཚོར་བའི་རླབས་ཕྲེང་།

 

སྡོང་ལོ་སེར་པོ་ས་རུ་ལྷུང་བའི་དུས་ཚིགས་དེས།

སྐྱོ་ཤས་ཀྱི་ངང་ནས་འཁྱམ་ཉུལ་བྱས་པར་གྲ་སྒྲིག་བྱས་ཟིན།

ཧ་ཅང་ཐག་རིང་པའི་ཕ་ཁྱིམ་དེས་ང་ལ་སྐྱོ་སྣང་མོད་པོ་སྦྱིན།

 

ད་སོ་མ་དྲག་ཏུ་ལྡང་པའི་རླུང་བུ་དེས་བསམ་བློ་ཡི་ཁ་ཕྱོགས་རྩ་བ་ནས་བསྒྱུར་ཚར།

ད་ནི་ཅི་ཡིན་ཆ་མཚལ་བར་སྲང་ལམ་དོག་མོ་ཞིག་ནས་ངས་མཚན་མོ་འདི་བསྐྱལ་དགོས་བྱུང་སོང་།

 

གྲོང་ཁྱེར་འདིའི་སྲང་ལམ་ལ་སྲ་འཁྲེགས་དང་གྲང་ངར་ལྡན།

ལྗིད་ཏིག་ཏིག་གི་གོས་འགྲོས་དེ་གཅིག་རེ་གཅིག་རེའི་ངང་ནས་ལྷོད་ལྷོད་དུ་སྤོས་རུང་།

ལྷུང་ཟིན་པའི་སྡོང་ལོ་ཡིས་གློག་འོད་དག་ཀྱང་སིལ་བུ་གཏོར་འདུག

ད་ནི་སྲང་ལམ་ན་ཉུལ་བཞིན་པའི་ཁྱི་ཕྲུག་ལྡོམ་པོ་དང་ངེད་གཉིས་ཀྱིས་ཕན་ཚུན་ལ་རང་རང་གི་ལས་དབང་གླེང་།

 

དམར་མདོག་ཆགས་གྲུམ་ཤོར་བའི་ལོ་མ་སེར་པོ་དེ་ངས་བསམ་ན་རླུང་འབུད་གླིང་བུ་ཡིན་རྒྱུ་རེད།

དེ་ཡིས་མི་སེམས་སྒུལ་བའི་དྲན་གདུང་སྙན་མོ་རེ་རེ་ཕྱོགས་བཞིན་སྒྲོགས་ཐུབ།

 

ལྗང་མདོག་གི་མདངས་འཛིན་པའི་མེ་ཏོག་ཆུང་ཆུང་དེ་སྐྱ་རངས་ཀྱི་རྨི་ལམ་ཡིན་ན།

རྨི་ལམ་དང་བསྡོངས་པའི་ལོ་ཟླ་ཡིས་སྐྱི་སྡུག་གི་མིག་ཆུའི་ཕྲེང་ཐག་ཆད་དུ་འཇུག

 

ཁྲ་ཚོམ་གྱི་གློག་འོད་ཕྱོགས་བཞི་འཕྲོ་བའི་མཐོ་བརྩེགས་གྱི་ཁང་མིག་ཞིག་ནས་རྒྱང་གཟིགས་བྱས་དུས།

ཐག་རིང་དུ་འཐེན་པའི་ལམ་ཕྲན་དེ་རྩྭ་ལྗང་གིས་ཡོངས་སུ་གཡོགས་ནས་མི་མཐོང་བར་སྣང་།

 

དཀའ་སྡུག་གི་ལོ་རྒྱུས་ཀྱིས་བལྟམས་པའི་ཚེ་སྲོག་གི་འབོད་པ་དེ།

ཁེར་རྐྱང་གི་རྔ་མོང་བཞིན་བྱེ་ཐང་ན་གང་དྲན་དུ་འདུར་མ་རྒྱུགས།

 

ཀི་སྒྲ་དབྱངས་སུ་བརྒྱུས་པའི་ཡོད་ཚད་ཀྱི་སེམས་ཁོངས་གི་སྙན་ངག་པ་དེས་ཡང་།

སེར་ཆེན་མེ་ཏོག་ཡ།

ཁྱེད་ནི་བཞད་རྗེས་སུ།

འདབ་ལོ་ལྷུང་དགོས་པ་མ་ཡིན་ནམ།

ཆག་གྲུམ་ཤོར་བའི་རླུང་བུ་དེས་ཁྱེད་ཉིད་ཀྱི་ཆོས་ཉིད་བརྗེས་ནས།

ཐག་རིང་བའི་བྱེ་ཐང་དང་།

གཏིང་ཟབ་པའི་རྒྱ་མཚོ།

དཀར་ཆ་དབེན་པའི་མུན་ནག་ཞིག་ཏུ།

 

མུན་ནག་གི་གྲུ་ག་ཞིག་ནས།

རྗེ་བཙུན་སྒྲོལ་མ་དབྱངས་སུ་བཀུག་པའི་གདངས་དབྱངས་ཐན་ཐུན་ཅིག

དེ་ནི་ཚོར་བ་རླབས་རིས་སུ་འཕྲོ་བཞིན་པའི་ལོ་མ་སེར་པོ་དེ།

 

འབྲོག་ཐང་གི་བསམ་གཞིག་སྐྱུར་མོ།

 

དྲན་པའི་ཡོལ་རས་དངོས་སུ་འཇའ་ཚོན་གྱི་ཁ་དོག་གྲུབ་པའི་ལོ་ཟླ་ཞིག་ལ།

མིག་ཟུང་གིས་རི་རབ་ཀྱི་གཟི་བརྗིད་དང་རྩྭ་ཐང་གི་མཛེས་སྡུག་དཔལ་ལ་རོལ་སོང་།

དེ་ནི་མཚན་ལྗོངས་རིང་མོའི་ཀི་སྒྲ་དེ་དང་འདྲ་བར།

ངའི་རྣ་ལམ་ནས་ཡུན་ནས་ཡུན་དུ་བྲག་ཅ་འཁོར།

དེ་ནི་དག་གཙང་གི་རྫ་ཆུ་བསིལ་མ་དང་འདྲ་བར།

ཡང་ནས་ཡང་དུ་སྐོམ་པས་གདུང་བའི་སྡུག་བསྔལ་དེ་གཞོམ་པར་བྲལ།

 

ཁེར་རྐྱང་གི་མཛེས་སྡུག་ཡོད་ཚད་རྨི་ལམ་གྱི་ཞིང་ཁམས་སུ་བཏང་པའི་ཞོགས་པ་དེར།

ཁྱེད་ཀྱི་སྐུ་ལུས་པདྨའི་ཕོན་པོ་རླབས་རིས་ཀྱི་གཟུགས་བརྙན་ལས་གྲུབ་པའི་རྫིང་བུ་རུ།

ཡ་ཡོམ་དང་གསལ་མི་གསལ་བའི་ངང་མ་འོངས་ཕྱོགས་སུ་ཡང་ནས་ཡང་ནས་བསྐྱོད།

བརྩེ་དུང་གིས་བལྟམས་པའི་གཏམ་རྒྱུད་རེ་རེ།

ང་རྒྱལ་དང་སྤྱང་གྲུང་གི་ངང་ནས་རེ་སྨོན་གྱི་ཁ་དོག་ལ་བདེན་ཁ་བསྟེར།

དེ་ནི་མ་འོངས་པར་བསྙེགས་པའི་ཁྲུང་ཁྲུང་ཁྱུ་གཅིག་གི་ངང་སྒུག་དེ་ཡིན་ཡང་སྲིད།

 

གློ་བུར་དུ་ཁྱེར་རང་ཕེབས་པའི་ལྗིད་ཏིག་ཏིག་གི་དཔྱིད་དེར།

ཟུངས་ཁྲག་གིས་གྲུབ་པའི་རྣམ་ཤེས་ཀྱི་ཟབ་ས་རུ་རྒྱུས་ཡོད་པ་འདྲ་ལ་རྒྱུས་མེད་པ་ཡང་འདྲ།

འདས་སོང་གི་ཟློས་གར་མང་པོ་ཞིག་དགའ་སྤྲོ་ཟུང་གིས་ངའི་ཁོར་ཡུག་ལ་ཁྲ་ཆི་ལེར་བཏབ།

ང་ལ་ཐོག་འབྲུག་གི་ངར་སྐད་གནང་རོགས།

ང་ལ་མུན་ནག་གི་མཚན་ལྗོངས་གནང་རོགས།

 

དབེན་ཞིང་འཇགས་པའི་དགུན་གཞུང་གི་མཚན་ལྗོངས་རིང་མོ་དེར།

གླུ་ངག་ལ་འཐམས་པའི་རྩྭ་ཐང་གི་འབྲོག་ཕྲུག་རྣལ་མ་ཞིག

བརྩེ་དུང་གི་རྦ་རླབས་དང་འགྲོགས་ནས་རྩྭ་ཐང་གི་དབྱིངས་སུ་འཐིམ་སོང་།

སྐབས་ལན་རེར་སྤྱང་མོ་ཡི་ངུར་སྐད་དང་སྐབས་ལན་རེར་སྒོ་ཁྱི་ཡི་ཟུག་སྐད།

སྐྱ་རེངས་ཀྱིས་སྤྱན་ཟུང་མ་ཕྱེ་བར་ཏུ་སྔར་བཞིན་ཁུ་སིམ་མེར་རེད།

 

ཨུ་ཚུགས་ཀྱི་གཤིས་ཀ་དེ་ཡིས་ངོ་མཚར་བའི་རྣམ་ཤེས་མང་པོར་དྲོད་ཁོལ་སྦྱིན་པས།

སྤྱང་རྒོད་ལྟ་བུའི་རྣམ་ཤེས་དེ་ཡང་བག་ལ་ཞ་བའི་མཛེས་མ་ཞིག་གི་ཁེངས་སྐྱོང་དང་འདྲ།

སེམས་ཁམས་ལ་འདྲི་རྟགས་སྦྱིན་པའི་སེམས་ཁྲལ་རྡོག་རྡོག་དེས།

རྩྭ་ཐང་གི་དཀྱིལ་དབུས་སུ་ཡང་ནས་ཡང་དུ་བསྐོར་བ་བྱས་པ་ན།

མི་རབས་ཤིག་གི་མཚར་སྡུག་གི་གཏམ་རྒྱུད་མང་པོས་སེམས་པ་ལ་སྤྲོ་དཔལ་སྦྱིན།

 

བསིལ་སྦྱིན་ཟླ་བས་གནང་སྦྱིན་མཛད་པའི་མཛེས་སྡུག་གི་མཚན་ལྗོངས་ལྟ་བུའི།

དབེན་འཇགས་ཤིང་ཁུ་སིམ་པའི་ཚང་ཚང་གི་ནགས་ཀླུང་འདི་རུ།

ཀྲོང་ངེར་འགྱིང་ཤིང་འཕྲེད་དུ་བསྟར་པའི་གསོན་སྡོང་དང་ཤུག་སྡོང་།

མེ་མདའ་ཐོག་པའི་སྔོན་པ་གསུམ་གྱིས་འཚོ་བ་ཞེས་པའི་ཐ་སྙད་འདི་ཡི་དོན་དུ།

རྣ་བར་གཟན་ཞིང་ཡིད་སེམས་རྨུགས་པའི་ཐོག་སྒྲ་དེ་ཡིས་ཡོད་ཚད་ཀྱི་ལྷིང་འཇགས་བཀྲོགས།

 

ཕྱི་དྲན་ཁྲོད་ན་ལུས་པའི་མཛེས་སྡུག་གི་སྙིང་གཏམ་དེ་དག་ལ་བར་ཆད་བྱུང་པ་འེ་རེད།

གཡང་གཟར་གྱིས་བདེ་ཐང་གི་ཚབ་བྱེད་འདུག་པ་ལྟ་བུའི་ངའི་གནས་མལ་འདིར།

སྐབས་ལན་རེར་རི་བོ་ཉིལ་བ་དང་སྐབས་ལན་རེར་ཆུ་བོ་རྒྱུགས།

མིག་ཟུང་ལས་འཕྲོས་པའི་འོད་སྣང་དེ་རྣམ་ཤེས་སུ་བསྒྱུར་ཐུབ་ན།

གྲོག་རོང་དུ་ལྷུང་ཟིན་པའི་སེམས་པ་དེར་གཤོག་ཟུང་སྐྱེས་ནས་འཕུར་ཡོང་ན་ཆོག

 

གཉོམ་ཆུང་གི་ལག་ཟུང་དེས་མཛེས་སྡུག་ལྟ་བུའི་ཕྱིར་དྲན་ལ་གྱེས་བརྡ་གཏང་མོད།

དྲན་ཤེས་ཀྱི་གཏིང་རིམ་ན་ད་དུང་བརྗེད་པར་དཀའ་བའི་ཨུ་ཚུགས་དེ་ལྷགས་འདུག

ཕེབས་ཤོག་དང་ངའི་ཐེ་ཚོམ་གྱི་དྲ་རྒྱ་ལྟ་བུའི་སེམས་ཀྱི་ཞིང་ཁམས་འདི་རུ།

ནམ་ཡང་མགོན་སྐྱབས་སུ་བཀུར་མྱོང་པའི་སྙན་ངག་གི་ལྷ་མོ།

ངའི་མཛེས་སྡུག་གི་རྨི་ལམ་དེ་ཁེར་རྐྱང་ཁྲོད་ནས་ཚར་ལ་ཉེ།

 

ཉི་ནུབ་ཀྱི་ས་སྲོད་ལ་སྒུག་ནས་ཡུན་རིང་འགོར་མོད།

རྣམ་ཤེས་ཀྱི་འབོད་སྐད་དེས་ལུང་ཁུག་འདི་ཡི་མཛེས་སྡུག་བཅོམ།

ང་རང་གྲོག་རོང་རྒྱུད་ནས་ལུང་ཁུག་དུ་སླེབས་དུས།

ཁྱེད་ཀྱི་མཚར་སྡུག་གི་སྐུ་ལུས་དེ།

ཡང་ན་གྲིབ་གཟུགས་དེ། མ་ཟད་རླབས་རིས་ལྟ་བུའི་ལང་ཚོ་དེ།

རླུང་འཚུབ་ཀྱི་བར་གསེང་དེ་ནས་ག་ལེར་འཇའ་ཚོན་གྱི་ཁ་དོག་ལྟ་བུའི་མཛེས་ལྗོངས་དེ་ལ་འཐིམ་སོང་།

 

ཕུགས་འདུན་འཚོལ་བའི་བྱེས་པ།

 

གངས་སེང་གི་གཡུ་རལ་ལ་ང་རྒྱལ་གྱི་རྣམ་ཤེས་སྦྲུམ་ས་དང་།

འབྲོང་རྒོད་ཀྱི་རྭ་རྩེ་ལ་འོད་སྣང་གི་ཚེ་སྲོག་འཁྱུད་ས།

ཁུ་བྱུག་གི་གསུང་སྙན་ལ་ཚངས་སྲས་ཀྱི་རྒྱུད་མངས་མངའ་ས་དང་།

ནོར་ལུག་གི་ཁྱུ་ཚོགས་ཀྱིས་སྤང་ཐང་ལ་རྒྱ་མཚོ་འཁྱིལ་ས།

ཨོ་རེད་ཡ།

གནས་མཆོག་འདི་ལྟ་བུ་ཞིག་གི་མངའ་ཐང་ས་བླ་གསུམ་གྱི་གང་ན་རྒྱས་ཡོད་དམ།

 

རྨི་ལམ་གྱི་རེ་སྒུག་མངོན་སུམ་མཁའ་དབྱིངས་སུ་འཕུར་མཆོག་པའི་གནས་མཆོག

ཕུགས་བསམ་གྱི་ལྗོན་པར་དུས་བཞིར་འབྲས་བུའི་ཁུར་གྱིས་ལྕི་བའི་གནས་མཆོག

ཨོ་རེད་ཡ།

གནས་མཆོག་འདི་ལྟ་བུ་ཞིག་ཡོད་གྱུར་ན་ཆུ་དང་གཙང་པོ་འཕྲེད་ཀྱིས་གཅོད་ཆོག་ལ།

རི་དང་ཐང་ཆེན་རྡོག་པས་བསྣན་ནས་མདུན་དུ་བསྐྱོད་པར་ཀི་སྒྲ་ཆེ་བ་གདོན་མི་ཟ།

 

གནས་མཆོག་དེ་ན་གཡང་གཟར་གྲོག་རོང་གི་གཟི་ཁ་ཅི་འདྲ་རྒོད་རུང་།

གཞིས་མལ་དེ་ན་བྱང་རླུང་རྔམ་ནག་གི་ཤུར་སྒྲ་ཅི་འདྲ་བཙན་རུང་།

ལྡེམ་མྱུར་སྲ་བརྟན་གྱི་གཤོག་ཟུང་དང་འགྲོགས་ལ།

ཕུགས་འདུན་བརྟན་པོ་ཡི་ཡིད་ཆེས་ལ་འཐམས་ནས་རི་རྒྱུད་དེའི་རྩེ་རུ་བསྒྲེངས་བར་ཐེ་ཚོམ་མེད།

 

མགོ་རུས་སྐམ་པོ་ས་རུ་མ་འབྱར་བར་ཏུ་ང་ཚོས་ཕུགས་འདུན་དེའི་ལམ་ནས།

འཚོ་བ་སྟོབས་ཀྱིས་རོལ་ཆོག་ལ་བརྩེ་དུང་ཤུགས་ཀྱིས་བརྗོད་ཆོག

སུ་དང་གང་གི་མགོན་སྐྱབས་དབེན་རུང་འགྲོ་བཞིན་པའི་ལམ་ཕྲན་དེ་ལས།

ཡིད་ཆེས་ཀྱི་རྒྱབ་རི་བརྟན་དགོས་ལ་རེ་སྒུག་གི་སྨོན་ལམ་འགྲུབ་དགོས།

 

ཕུགས་འདུན་གྱི་འགྲུལ་བཞུད་དེ་ནམ་ཡིན་རུང་མི་ཚེ་གཅིག་གི་བརྗོད་སྙིང་རུ་བསྒོམ་ནས།

ཁ་ཟས་ཀྱི་ཆེད་དུ་སློང་མོ་བའི་རྟུལ་ཞུགས་འཛིན་དགོས་རུང་ང་ལ་རྣམ་དོགས་མེད།

སྔོན་བསགས་ལས་ཀྱི་སྐལ་བ་དམན་སོང་པ་འདྲ་རུང་འཚོ་བ་ལ་འཁང་ར་གཏན་ནས་མིན།

ནམ་ཡིན་རུང་ཕུགས་འདུན་འཚོལ་བའི་སྙིང་སྟོབས་དེ་ཁ་བཤད་ཝུ་བའི་དོ་ཟླར་ལངས་ཡོད།

 

མི་འགྱང་བའི་མ་འོངས་སུ་ལྷགས་ཡོད་པའི་དུས་ཚོད་སྐར་ཆ་རེ་ལ་ཡང་།

ལོ་ཟླའི་འཁོར་འགྲོས་མིག་གིས་འཚོས་ལ་ཉིན་མཚན་དུས་དྲུག་སེམས་ཀྱིས་སྐྱོང་ནས་འགྲོ་ངེས།

ངའི་རྣམ་ཤེས་རྡབ་རྡིབ་ཡིན་ན་འདྲ། ངའི་ལང་ཚོར་རྒས་འཁོགས་འདྲེས་ནའང་ཆོག

ངས་འཚོལ་སྙེགས་ཀྱི་ལམ་ཁ་ནས་ངལ་གསོ་དང་ཕྱིར་ནུར་མི་བྱེད་དམ་བཅའ་བརྟན།

 

འཆལ་དམོད་དང་ཟུར་ཟ་ཡོད་ཀྱང་སྲིད། ཁ་མཚར་དང་ཀུ་རེ་ཡིན་ཀྱང་སྲིད།

ལང་ཚོ་ལ་ཀུ་རེ་མེད་ལ་ཕུགས་འདུན་ལ་ཕྱིར་ནུར་མེད་པར་མདུན་དུ་སྐྱོད་ངེས།

མངར་སྐྱུར་གྱི་འཚོ་བ་དེ་ལ་དབྱར་དགུན་གྱི་གྲང་དྲོད་དབེན་ན།

སུ་ཞིག་གིས་འཚོ་བ་ཞེས་པའི་དོན་སྙིང་རྟོགས་ཐུབ།

དེ་བས་ལས་དབང་ཟེར་བའི་རྟུམ་དྲགས་ཅན་དེས་ཀྱང་ང་ཚོ་ལ་འགོ་བོ་སྒུར་ཏུ་འཇུག་མི་ཐུབ་པར་ཡིད་ཆེས་བརྟན།

 

ཡོད་ཚད་ཀྱི་ཡོད་ཚད་སློང་མོལ་བ་ཞིག་གི་ཟླ་རུ་གྱུར་མོད་ཕུགས་འདུན་དེའི་ཆེད་ང་ཚོ་མུ་མཐུད་དུ།

གཞིས་བྱེས་པ་ཞིག་གི་ང་རྒྱལ་དང་རེ་སྒུག་དེ་འཁྱེར་ནས་སང་ཉིན་གྱི་འཚོ་བར་འོད་སྣང་འཕྲོ་དགོས།

ཤི་མ་གསོན་གྱིས་འཚོ་སྡོད་བྱས་པ་ལས་རྦ་རླབས་ལྟ་བུའི་བརྩེ་བ་རེ་གླེང་ན་དགའ།

ངའི་ཕུགས་འདུན་གྱི་ལྗོན་པ་དེ་ནམ་ཞིག་གཡུ་མདོག་གི་ལྗོངས་ཁམས་དེ་ནས་འཁྲུངས་བར་ངེས།

 

མ་གཞི་ནས་སྐྲག་སྣང་དང་ཐེ་ཚོམ་གྱི་སོམ་རྙིད་རུ་ཚུད་པ་དེས་ཕུགས་འདུན་གླེང་བར་སྐལ་བ་དབེན།

དེ་ནི་རིག་པའི་དཔའ་བོ་དང་མདོ་མེད་ལག་རྡུམ་གྱི་གཏམ་རྒྱུད་རེད།

འོད་སྣང་གི་འོད་ཟེར་མཁའ་དབྱིངས་ནས་འཚེར་བ་དང་ས་གཞི་ཡི་སྒང་ལ་ལང་ཚོ་བསྐྱལ་བའི་དུས་ཐོག་མ་དེར་རོལ་མྱོང་བྱ་ཆེད།

ངས་ནམ་ཡིན་རུང་རང་ལ་དབང་པའི་ལག་ཟུང་གི་ཁུ་ཚུར་དམ་དུ་བསྡམས་ནས།

ས་མ་རུབ་སྔོན་དང་སྐྱ་རེངས་མ་ལངས་སྔོན་དུ།

ལང་ཚོ་ཡོད་ཚད་སྟོབས་སུ་བསྡུས་ནས་གྲ་སྒྲིག་བྱས་ཡོད།

 

མ་གཞི་ནས་ཕུགས་འདུན་ལང་ཚོ་བརྗེས་ཟིན་པའི་གཞིས་བྱེས་པ་ངས།

ཚེ་སྲོག་ཞེས་པའི་འོད་སྣང་དེ་ལ་རྡོ་རྗེ་བྲག་རིའི་དམ་བཅའ་བརྐོས་ནས་ཡོད།

ནམ་ཞིག་གི་སང་ཉིན་ལ་ངས་ལང་ཚོ་དེ་ཕུགས་འདུན་གྱི་ཆེད་དུ།


རྩོམ་པ་པོ་མཚམས་སྦྱོར་མདོར་བསྡུས།

       ཅོ་བྱང་སྐར་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཤར་ཅོ་ནེ་ས་ཆའི་ཆོས་དཔལ་གཉིས་ཀྱི་ཞིང་ས་ཏེ། ཉིན་པ་སྡེ་བ་ནས་ཀ་མད་སུམ་ཅུའི་དབྱངས་རྟ་ཐོག་མ་མི་ཡུལ་དུ་བསྒྲགས། སྤྱི་ལོ་2012ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་སུ་མི་རྐྱང་རྟ་རྐྱང་གིས་ཁྲི་འདུ་སྤོས་ལྡན་གྲོང་ཁྱེར་དུ་འཁྱམས་ནས་མི་ཚེའི་གདམ་ག་ཐོག་མ་རང་གིས་བཙལ་ཞིང་། ད་ལྟ་གསར་འགོད་པའི་ལས་ཀ་གཉེར་བཞིན་ཡོད་ལ་ཞོར་ཏུ་བཤད་འདོད་པའི་སྐད་ཆ་དག་ཡི་གེར་ཕབ་བཞིན་ཡོད།

     རང་གི་དགའ་ཕྱོགས་ཀྱི་མཐའ་འཁྱོངས་ཕྱིར་མི་ལོ་བཅུ་ཙམ་ལ་སྦྱངས་རྩོམ་གྱི་ལམ་དུ་ཞུགས་ཤིང་། སྔ་ཕྱིར་ཟླ་ཟེར་དང་མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ། གངས་དཀར་རི་བོ་དང་མི་རིགས། ཤྭ་སྐྱ་དུས་དེབ་གཙོ་བྱས་སྤྱི་དེབ་དང་སྒེར་དེབ། ཚགས་པར་དང་དྲ་ངོས་སོགས་སུ་རང་གི་བཤད་འདོད་པའི་སྐད་ཆ་གང་མང་བཀོད་མྱོང་། 2016ལོར་གངས་དཀར་རི་བོ་ཡི་ཕུལ་བྱུང་རྩོམ་པ་པོར་བདམས་ཐོན་བྱུང་ལ་2015ལོར་མཚོ་སྔོན་བོད་ཡིག་ཚགས་པར་ཁང་གིས་རྒྱ་མཚོ་བརྡ་འཕྲིན་རྟགས་མའི་སྤྱོད་ལམ་དང་ཁྲིམས་ལུགས་ཞེས་པའི་ཁ་བྱང་གཅིག་པའི་འབོལ་རྩོམ་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཡང་ཐོབ་མྱོང་།

     ཁོ་བོས་དུས་གཏན་དུ་རྩོམ་རིག་ཅེས་པ་དེ་ནི་རང་གིས་བཤད་འདོད་པའི་སྐད་ཆ་དེ་ཡིན་པར་འདོད་ཡོད་ལ། རང་གི་རྣམ་དཔྱོད་ལས་འཁྲུངས་པའི་ཚོར་ཤེས་དང་འཚོ་བ་དངོས་ལས་ཐོན་པའི་དགའ་སྐྱོ་ཆགས་སྡང་སོགས་ཡི་གེར་བྲིས་ནས་མུ་མཐུད་དུ་བཤད་རྩིས་ཀྱང་ཡོད། །


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/5/4 བལྟ་ཀློག (2897)