རྗེས་དྲན་སྙན་རྩོམ་མཉམ་བྲིས་མ།

རྗེས་དྲན་སྙན་རྩོམ་མཉམ་བྲིས་མ།


ངག་གི་མཆོད་པ།

ཞྭ་ནག་པ།

སེམས་ཆོས་བརྒྱད་དུ་ཆགས་པ་མེད་ཅིང་།།
ལུས་ཉོན་མོངས་ཀྱིས་སྒྲིབ་པ་མེད་པའི།།
ས་ལི་ཁོག་གི་སྤྲང་པོ་དབྱིག་དྲུད།།
ཆོས་བདུད་རྩི་ཡི་ཡིད་ཀ་ཚིམས་ཤིང་།།
ལུས་ཏིང་འཛིན་གྱི་བདེན་པ་རྟོགས་ཏེ།།
རྗེ་བྱ་བྲལ་བ་ཆོས་དབྱིངས་ཁྱབ་བརྡལ།།
གནས་ངེས་མེད་ཅིག་གང་དུ་ཕེབས་སོང་།།

                 ༢༠༡༩-༥-༧ཉིན་བྱ་བྲལ་བ་ཆོས་དབྱིངས་ཁྱབ་བརྡལ་གྱི་འདས་མཆོད་ཁར་ཁོང་གི་ཆོས་འབྲེལ་ཙམ་ཡང་ཐོབ་མ་མྱོང་བ་ཞྭ་ནག་པར་འབོད་པས་ཤར་མར་བྲིས།

ཐལ་རྡུལ་ནང་གི་ཕུང་པོ་གཙང་མ།

 སྒོ་ཡོལ།  དཀར་མཛེས།

ད་ལྟ་པིར་གྱིས་འབྲི་དགོས་ཚེ   
ཁྱེད་ཀྱི་དྭངས་གཙང་གི་གཟུགས་བཞི
ནག་ནོག་ཅིག་ལས  དངོས་གནས་འབྲི་བར་ཁག

རྩྭ་ཐང་གི  ངོས་ཆ་ཚང་དུ  
མི་གཤིས་ཀྱི་མཛེས་པ་བཤམ་དགོས་ཚེ
དེ་ནི་དེ་ལས་ཀྱང་ཁག་སྟེ  ཁྱེད་ནི་ཁྱོན་ནས་མཛེས་པར་སྣང

ད་ལྟ   ཁྱེད་ཀྱི་མི་ཚེས་ནང་གི་ཐལ་རྡུལ་འདྲེས་མའི
ན་ཚོད་ཀྱི་བྱུང་བ་ཞིག   ཡང་ཡང་འབྲི་དགོས་ན
ངས་ནི་ཁྱེད་ཀྱི་རྐང་འོག་གི་ས་རྡུལ་ཉུང་ཉུང་ཙམ་ལས
ཅི་ཡང་ཟིན་ཐབས་བྲལ

ད་ལྟ  ཁྱེད་རང་མུན་པ་དང་གཏན་དུ་གྱེས་ཏེ
ཐག་རིང་གི་དབྱར་ཀ་ལྟ་བུ་ཞིག་ཏུ་འཕུར་སོང་བར་སེམས


མི་ལ་གཉིས་པར་གྲགས་པའི་བྱ་བཏང་བ་མཁན་པོ་ཆོས་དབྱིངས་ཁྱབ་བརྡལ་གྱི་འདས་མཆོད་ལ་རྗེས་དྲན་ཙམ་དུ་བྲིས་པ་དགེའོ།།

2019/5/8 ཉིན།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/5/8 བལྟ་ཀློག (4298)