མཚོ་བྱུང་ལྷ་མོར་བསྟོད་པ་ཀ་ཕྲེང་བྱིན་རླབས་མྱུར་འཇུག


མཚོ་བྱུང་ལྷ་མོར་བསྟོད་པ་ཀ་ཕྲེང་བྱིན་རླབས་མྱུར་འཇུག

ཐེ་བོ་དཀོན་སེང་།

ཀ་དག་བདེ་ཆེན་ཆོས་སྐུའི་མཁའ་དབྱིངས་ལས།།
ཁ་སྦྱོར་བདུན་ལྡན་དབང་མོའི་སྐུར་བཞེངས་ཏེ།།
ག་ལེར་ཆོས་ཀུན་མཁྱེན་པའི་རྣམ་དཔྱོད་ཀྱིས།།
ང་རྒྱལ་ལ་སོགས་སྤྲོས་ཀུན་གཅད་དུ་གསོལ།།
ཅ་དག་བརྒྱད་ཟུང་ལང་ཚོས་ཆེར་སྒེག་ཅིང་།།
ཆ་ལུགས་མཛེས་པས་གཞན་གྱི་ཡིད་འཕྲོག་མ།།
ཇ་ཡུན་ཙམ་ལ་ཐུགས་རྗེས་མི་འདོར་བས།།
ཉ་གང་ཟླ་ལྟར་ཤེས་རབ་སྤེལ་བར་མཛོད།།
ཏ་ཐ་ག་ཏའི་གསུང་གི་སྒྱུ་འཕྲུལ་མ།།
ཐ་མལ་བདག་གི་ངག་རིག་སྨྲ་བའི་ལྷ།།
ད་ལྟ་ལྷ་མོའི་རྣམ་པར་རོལ་བ་མོས།།
ན་རྒའི་སྡུག་བསྔལ་གཡང་ལས་བསྐྱབ་ཏུ་གསོལ།།
པ་ཏྲའི་རིས་བཞིན་སྒེག་པའི་དབྱངས་ཅན་མས།།
ཕ་རོལ་ཀུན་མཁྱེན་ས་རུ་འདྲེན་མཛད་པས།།
བ་ལྟར་རྨོངས་པའི་བདག་ཅག་འགྲོ་བ་ཀུན།།
མ་དག་འཁོར་བའི་མཚོ་ལས་སྒྲོལ་བར་མཛོད།།
ཙ་རིའི་སྨྱུག་ལྟར་ལྡེམ་པའི་གཟུགས་མཛེས་མ།།
ཚ་ཟེར་གཉེན་བཞིན་ཀུན་གྱི་ཡིད་འོང་མ།།
ཛ་ཡི་ཏིང་འཛིན་གཞོམ་པའི་ཟུར་མིག་མ།།
ཝ་ལེར་བདག་ལ་ཞལ་ངོས་བསྟན་དུ་གསོལ།།
ཞ་ཉེ་ལྟར་མཉེན་ཕྱག་སོར་གཡོ་བ་ཡིས།།
ཟ་ཟའི་པི་ཝང་སྙན་པོར་དགྲོལ་མཁས་མར།།
འ་འུར་ཙམ་མིན་སྙིང་ནས་བསྟེན་བྱེད་ན།།
ཡ་མཚན་གཞུང་ལུགས་སྨྲ་བའི་སྤོབས་པ་སྩོལ།།
ར་རོ་བདེ་སྟོང་ཚོར་བས་རབ་མྱོས་པས།།
ལ་ལར་གཉིས་སྦྱོར་ཕྱག་རྒྱ་སྟོན་མཛད་མས།།
ཤ་ཚུགས་མི་རུ་བཟུང་ཡང་བླུན་རྨོངས་བདག།
ས་བཅུ་ལམ་ལྔ་བགྲོད་པའི་གཏན་གྲོགས་མཛོད།།
ཧ་ལམ་སྲིད་པ་གསུམ་ན་འགྲན་བྲལ་བའི།།
ཨ་འཐས་སྒྲིབ་པ་དག་པའི་མཛེས་མ་ཁྱེད།།
ཧ་ཅང་དད་ཞེན་ཕྱག་རྒྱས་འཁྱུད་བཞིན་དུ།།
ཨ་དོན་ཟུང་འཇུག་བདེ་བ་མྱུར་འཐོབ་ཤོག།
ཨི་སོགས་ངག་རིག་སྨྲ་བའི་ལྷ་མོ་ཁྱེད།།
ཨུ་མ་ལས་ཀྱང་ལན་བརྒྱར་སྒེག་པ་མོ།།
ཨེ་མ་གསང་བའི་ལྕམ་མོ་དུས་ཀུན་ཏུ།།
ཨོ་ལོའི་མགྲིན་པའི་ཁྱིམ་དུ་བཞུགས་ཤིག་ཀྱེེ།།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/5/11 བལྟ་ཀློག (3541)