ཕ་ཡུལ་ནི་ཉི་ཟླའི་ཚབ་ཡིན།


ཕ་ཡུལ་ནི་ཉི་ཟླའི་ཚབ་ཡིན།


  རྣལ།(ལྷུག་རྩོམ།)


[ཁ་བྱང་གི་འགྲེལ།]  ཁ་བ་འབབ་ཚར་རྗེས་ཉི་མ་ཤར།  ཉི་འོད་ཀྱིས་ནམ་མཁའ་དྭངས་བར་བྱས།


      དེ་རིང་ཕ་ཡུལ་ནས་དགུང་གི་ཉི་ཟླ་མཇལ་ཞིང་དྭངས་ཤིང་གཙང་བའི་ཆུ་བོ་མཐོང་སོང་།  ངའི་སེམས་སུ་ལོ་དང་ཟླ་བ་རེ་རེས་བར་སྲུབས་སུ་རྩྭ་ཐང་ནས་མེ་ཏོག་མཇལ་བ་རྨིས་ཤིང་།  བར་སྣང་ནས་སྦྲང་མ་འཕུར་བ་ཚོར།   ང་ནི་བྱིས་པ་ཞིག་དང་འདྲ་བར་སྐབས་རེར་ཕ་ཡུལ་གྱི་རྩྭ་ཐང་ལ་ལྡིང་སྐོར་བརྒྱབས་ཀྱང་།   སྐབས་རེར་ནམ་མཁའི་བར་སྣང་གི་ཉི་ཟླ་ལ་ཐིག་ཚད་བརྡབས།   མ་བསྒྲིབས་བྱིས་བློ་དྭངས་མོ་སྟོན་ཁའི་མཚན་མོ་བཞིན་དུ་དྭངས་ཤིང་གསལ་བས། དེའི་ཕ་ཡུལ་ལ་བཅངས་པའི་དུངས་སེམས་ངོ་མ་དེ་ལྷད་མེད་ཡིན་ཙང་།  ངའི་སེམས་ཀྱི་བརྩེ་འདང་ངོ་མ་དེ་ཡང་དེ་དང་འདྲ་འདྲ་ཡིན། 

     ཕ་ཡུལ་ལགས།  ད་དུང་ལོ་རྒྱུས་ཀྱི་གླེགས་བམ་གྱི་གསེང་དུ་འགྱིང་བའི་ཁྱེད་ཀྱི་སྟེང་དུ་བྱུང་མྱོང་བའི་ཆག་ཀྲུམ་གྱི་གས་ཁ་རེ་རེ་དང་། བདེ་ལེགས་ཀྱི་ལོག་ཏོག་སྨིན་པ་སོགས་ཀྱི་བརྗེད་དཀའ་བའི་གསེར་གྱི་ཡིག་འབྲུ་རེ་རེ་མཐོང་ཐེངས་རེས།  ངའི་སེམས་སུ་ལན་རེར་སེམས་ཕམ་གྱི་མིག་ཆུ་འཐོར་ཡོང་ཞིང་། ལན་རེར་ཡང་སྙིང་སེམས་ཕམ་གྱི་མིག་འབོར་འགྲོ་ཞིང་།  དེ་ལས་ལྡོག་སྟེ་རེ་བའི་ས་བོན་གྱི་དྲོད་ཁོལ་འདུས་ཤིང་དགའ་སྤྲོའི་ཡོ་ལང་གི་འཛུམ་ཆུང་དམུལ་དམུལ་འཚེར། 

     ཕ་ཡུལ་ལགས།   ད་དུང་དུས་ཚོད་ཀྱི་ཐག་སྒྲའི་ཁྲོད་ན་ལྷིང་འཇགས་ཀྱི་མཚན་མོའི་རོལ་དབྱངས་ཀྱི་རྒྱུད་སྐུད་ཀྱི་དབྱངས་རྟ་རེ་རེས།  ཅི་ཞིག་མ་ཐོབ་འདྲ་བའི་སྐྱོ་གླུ་གདུང་དབྱངས་ལས་གྱེར་ཞིང་།   ཐོབ་སོང་བའི་དངོས་པོ་གང་ཞིག་ལ་རྒྱུ་སྐར་གྱི་རྒྱན་ཆར་བཏགས་དགོས་པ་རྒྱུད་སྐུད་ཀྱི་དབྱངས་རྟ་རེ་རེས་དྲན་གསོའི་ཚུལ་དུ་མེ་ཏོག་ཕུལ་ཡང་སྲིད།  ལག་པ་ཐུང་ངུ་དེས་མཚན་མོའི་ཟླ་བ་ལ་ལག་མཛུབ་ཀེར་ཞིང་།   མིག་ཟུང་དྭངས་མོ་ཡང་དེ་ལ་ཅེར་བཞིན་ཕ་ཡུལ་གྱི་གཞོན་པ་ཡང་དེ་དང་འདྲ་འདྲ་ཡིན་ཟེར་ལོས་སྲིད།   ངེད་ཅག་ཁྱེད་ལ་མཁོ་བའི་རེ་སྨོན་གྱི་གཞོན་པ་ཡིན་ལ་ངེད་ཅག་ཁྱེད་ལ་མཁོ་བའི་གྱེས་བྲལ་གྱི་སྐྱོ་གདུང་ཡིན།

     ཕ་ཡུལ་ལགས།  བདག་སེམས་གཙང་པོ་ཡིན་ན་ཁྱེད་ལ་དྭངས་གཙང་གི་མཆོད་ཆབ་ཕུལ་ངེས་ལ།  བདག་སེམས་སྤྲིན་པ་ཡིན་ན་ཁྱེད་ལ་མཁའ་དབུགས་གསར་པ་ཞིག་ལ་དབུག་རྔུབ་འབྱིན་ཕྱིར་དུ་ཆར་ཆུ་ཕབ་ངེས།  རེ་བ་དང་སྨོན་ལམ་སྟོང་གིས་གྲུབ་པའི་ས་གཙང་ཆུ་གཙང་གི་ཕ་ཡུལ་འདི་ལ་ཧམ་སེམས་ཅན་སུ་ཞིག་གིས་བདག་པོ་རྒྱག་འདོད་ལ།  གཡོ་སྒྱུ་ཅན་སུ་ཞིག་གིས་སླུ་ཁྲིད་བཏང་འདོད།  ཁྱེད་ཅག་སྐུ་ཚེ་རིང་།  ཕ་ཡུལ་འདི་ལ་ཧམ་སེམས་བཅངས་མི་དགོས་ཤིང་།  ངེད་ཅག་ལ་སླུ་ཁྲིད་བཏང་མི་དགོས་ཤིང་བཏང་ཡང་མི་ཐུབ།  རྒྱུ་མཚན།  མེས་པོ་དག་གིས་ཤུལ་བཞག་གི་གཅེས་ནོར«དབྱངས་གསལ་»གྱི་འོད་སྣང་ངེད་ཅག་ལ་ཁྱབ་ཡོད་ཀྱང་།  དེས་སྙིང་སྟོབས་དང་ཕུགས་བསམ་ལ་རྒྱ་དག་རང་རྒྱུད་ལ་ཕྱུགས་ཡོད་པས་སོ།།   ཕ་ཡུལ་ནི་ཉི་ཟླའི་ཚབ་ཡིན་པས་ཉི་ཟླའི་འོད་སྣང་ངེད་ཅག་ལ་ཡོད།  ཕ་ཡུལ་ནི་ངེད་ཅག་གི་ལོ་རྒྱུས་ཡིན་པས་ལོ་རྒྱུས་ནི་རང་སེམས་ན་གསལ་ལམ་མེར།

   ཕ་ཡུལ།  ཕ་ཡུལ་ལགས།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/5/11 བལྟ་ཀློག (18923)