ཡོ་ག་ནད་རིགས་ཀུན་འཇོམས་ཀྱི་དེབ་གསར་འགྲེམ་སྤེལ་མཛད་སྒོ་ལ་སྤྱི་ཚོགས་ཀྱིས་གདེང་འཇོག་ཆེན་པོ་ཐོབ།


ཀུན་དགའ་རྒྱལ་མཚན་གྱིས་བརྩམས་པའིཡོ་ག་ནད་རིགས་ཀུན་འཇོམསཀྱི་དེབ་གསར་འགྲེམ་སྤེལ་མཛད་སྒོ།

གསར་འགོད་པ།  བོད་ཀྱི་བྲིན་རྩོམ་ཚང་།

གཅིག  ཆེད་ཞུའི་སྐུ་མགྲོན།

        དེ་ཡང་ཆེད་ཞུའི་སྐུ་མགྲོན་ས་དགེ་བཀའ་རྙིང་བོན་དང་བཅས་པའི་གྲུབ་མཐའ་རིས་སུ་མ་ཆད་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན། གཙང་རིགས་སྐལ་བཟང་རྣམ་འདྲེན། སྤྲུལ་སྐུ་རྒྱ་མཚོ། སྤྲུལ་ཚེ་རིང་རྡོ་རྗེ། རབ་སྒང་ཆོས་དར་རྒྱ་མཚོ། རྨེ་གྲྭ་ཚེ་རིང་བསམ་འགྲུབ། ཁཱ་ཤེས་རབ་རྒྱ་མཚོ། ཁྲོཾ་ཐར་མཁན་པོ་འཇམ་བློ།  ཨ་སྐྱབས་རྒྱལ་སྲས་སྐུ་ཕྲེང་ལྔ་བ། འཇུ་ནམ་མཁའི་ནོར་བུ། ལྷ་བཟོ་ཨ་འཇམས། ལྷ་བཟོ་ཨ་ཆུང་། མཁན་པོ་ཚེ་རིང་ནོར་བུ། མཁས་གྲུབ་ཉི་མ། ཀུན་བཟང་ཚོགས་འཕེལ་སོགས་དང་། བོད་ཀྱི་རྩོམ་པ་པོ་གྲགས་ཅན་དང་དགེ་རྒན་ཆེན་མོ་མི་སྣ་གལ་ཆེན་སྡེ་རོང་ཚེ་རིང་དོན་འགྲུབ། རྒན་བྱམས་པ་རྡོ་རྗེ། ཅོ་ནེ་ཡུམ་ཚེ་རིང་། རྒན་དཀོན་མཆོག་བསྟན་འཛིན། ཡུལ་ཤུལ་ཚེ་དབང་བཀྲ་ཤིས།  ལྷ་བཟོ་ལེགས་སྨོན་དང་ལྷ་རྩེ་འཕགས་པ། འཇུ་ཚེ་རིང་མགོན་པོ། སྐུ་ཞབས་ཀུན་དགའ། ཨ་སྒང་ཡར་རྒྱས།  མདོ་འཛིན་པ་སྒྲོལ་མ་དང་མཚོ་མོ་སྐྱིད་བཅས། མ་ཚད་དེང་རབས་ནང་ཆོས་རོལ་དབྱངས་པ་གྲགས་ཅན་འཇམ་དབྱངས་ལགས་དང་། སྒྲོལ་མ་ལགས་དབྱངས་ཤག་རོལ་ཚོགས། མགོན་པོ་དྲག་རྩལ་ཁང་། ད་དུང་གདན་ཞུའི་གླུ་བ་གླུ་མ་ཞབས་བྲོ་བ་བཅས་ཡུལ་དངོས་ཀྱི་སྐུ་མགྲོན་སུམ་བརྒྱ་ལྷག་དང་ཐད་གཏོང་ལ་ལྟ་མཁན་ཁྲི་ཕྲག་མང་བོ་དང་བཅས། སྤྱི་ལོ2019ཟླ5ཚེས9ཉིན་གྱི་ཕྱི་དྲོ་དུས་ཚོད245སྟེང་ཁྲིན་ཏུའུ་ཁྲི་ཀ་རྒྱལ་སྤྱིའི་མགྲོན་མཁར་ཆེན་མོའི་ཚོགས་ཁང་ནས་འཚོགས་འདུ་དངོས་སུ་དབུ་ཚུགས། 


དགེ་རྒན་དང་མཁན་སྤྲུལ་རྣམས་ཀྱིས་དཔེ་དེབ་དབུ་འབྱེད་ཀྱི་རྟེན་འབྲེལ་གནང་བ།


    མདོ་འཛིན་པ། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མདོ་འཛིན་པ། བོད་ཀྱི་གཞས་མ་གྲགས་ཅན་ཨ་ཅེ་འབྲོག་མོ་སྒྲོན་པེ་དང་། སི་ཁྲོན་མཆོག་བསམ་པའི་དོན་འགྲུབ་ཚོང་དོན་ཚད་ཡོད་མཐུན་གཉེར་ཁང་གི་འགན་འཛིན་པ། བོད་ཀྱི་མདོ་འཛིན་པ་གྲགས་ཅན་བསམ་པའི་དོན་འགྲུབ 


གཉིས།  ཚོགས་འདུའི་མཛད་རིམ།

   ཐོག་མར་མདོ་འཛིན་པ་རྣམ་གཉིས་ཀྱིས་ཤིས་ཚིག་སྔོན་དུ་བཏང་སྟེ་དེབ་གསར་གྱི་མཛད་རིམ་ངོ་སྤྲོད་རགས་བསྡུས་གནང་བ་དང་། དེ་ནས་ཆེད་ཕེབས་ཀྱི་སྐུ་མགྲོན་གལ་ཆེན་དག་རེ་རེ་བཞིན་ཆེ་བརྗོད་དང་བཅས་ངོ་སྤྲོད་བྱས། དེ་རྗེས་སྡེ་རོང་ཚེ་རིང་དོན་འགྲུབ་དང་སྤྲུལ་རྒྱ་མཚོ་མཁན་རྣམ་འདྲེན་སོགས་དགེ་རྒན་དང་མཁན་སྤྲུལ་བཅུ་ཙམ་གྱིས་དངོས་གཞིའི་དཔེ་དེབ་དབུ་འབྱེད་ཀྱི་རྟེན་འབྲེལ་གནང་། དེ་ནས་གདན་ཞུའི་སྐུ་མགྲོན་གལ་ཆེན་རྣམས་ལ་བཀྲ་ཤིས་ལྷ་དར་རེ་དང་དཔེ་དེབ་སྤུས་ལེགས་རེ་རེ་གཟིགས་འབུལ་ཞུས། དེ་རྗེས་སྒྲོལ་མ་ལགས་དབྱངས་ཤག་གི་རོལ་ཚོགས་ཀྱིས་གནའ་ཡི་རོལ་ཆས་དང་དེང་གི་གླུ་གཞས་ཀྱི་སྙན་མོས་ལེགས་སྐྱེས་ཕུལ། དེའི་འཕྲོ་ནས་བླ་སྤྲུལ་དགེ་རྒན་རྩོམ་པ་པོ་ཆེད་མཁས་པ་སོགས་སྐུ་མགྲོན་གལ་ཆེན་བཅུ་གསུམ་གྱིས་རིམ་བཞིན་ཡོ་གའི་རིག་གནས་དང་དེབ་གསརཡོ་ག་ནད་རིགས་ཀུན་འཇོམསདང་འབྲེལ་བའི་གསུང་བཤད་ཟབ་བརླིང་གནད་དུ་ཁེལ་བའི་བཀའ་སློབ་རིན་ཐང་ཅན་མང་དུ་བསྩལ། བར་སྐབས་ཀྱི་ངལ་གསོའི་སླད་དུ་དེང་རབས་ནང་ཆོས་རོལ་དབྱངས་པ་གྲགས་ཅན་འཇམ་དབྱངས་ལགས་ཀྱིས་སངས་རྒྱས་སྨན་བླའི་གཟུངས་སྔགས་དབྱངས་སུ་གྱེར་བ་དང་།   རྫོགས་ཆེན་གཞས་པ་སྐལ་བཟང་རྣམ་གྲོལ། རོལ་མོ་བ་ཨ་ཁྲོ་འཆི་མེད། ན་གཞོན་གླུ་མ་གདུགས་དཀར་སྐྱིད་སོགས་ཀྱིས་གླུ་གཞས་རྡུང་ལེན་གྱིས་མཆོད་པ་ཕུལ། མཇུག་ཏུ་མཉམ་པར་སྒྲོན་རྗེས་ཡུལ་དངོས་ཀྱི་སྐུ་མགྲོན་ཐམས་ཅད་ལ་དེབ་སྤུས་ལེགས་རེ་དང་ཁ་བཏགས་རེ་སྐྱེས་སུ་ཕུལ། སྐུ་མགྲོན་ཡོངས་ཀྱིས་དགོང་མོའི་གསོལ་སྟོན་ལྷན་ཅིག་ཏུ་རོལ་ཏེ་མགོ་བཀྲ་ཤིས་དང་མཇུག་བདེ་ལེགས་ཀྱི་ངང་ནས་འཚོགས་འདུ་ཡོངས་སུ་མཇུག་གྲོལ།


གསུམ།  གཏམ་བཤད་གནང་མཁན།

གཏམ་བཤད་མཁན། 

བླ་རུང་ཆོས་ཀྱི་གྲོང་ཁྱེར་གྱི་མཁན་པོ་བོད་ཀྱི་རྩོམ་པ་པོ་གྲགས་ཅན་གཙང་རིགས་སྐལ་བཟང་རྣམ་འདྲེན།

གཏམ་བཤད་ཁ་བྱང་།

 བདེ་ཐང་།

ནང་དོན་གནད་བསྡུས།

      ཐོག་མར་ཀུན་དགའ་རྒྱལ་མཚན་གྱི་དེབ་གསར་ཡོ་ག་ནད་རིགས་ཀུན་འཇོམས་མི་ཡུལ་འདིར་འཁྲུངས་པར་རྟེན་འབྲེལ་ཞུ་བ་དང་། དེབ་འདི་ཡིན་ན་རྩོམ་པ་པོ་ཁོང་གིས་དཀའ་ལས་གང་མང་བརྒྱུད་ནས་ཁ་བཤད་ཙམ་མིན་པར་དངོས་སུ་ཆེད་སྦྱང་དང་ཉམས་མྱོང་གིས་བྲིས་པ་ཞིག་ཡིན་ལ། ཁོང་ཡིན་ན་ཡོ་གའི་ཆེད་མཁས་པ་དང་དེབ་འདི་འདྲ་འབྲི་བའི་ཆ་རྐྱེན་ལྡན་པ་རེད་ཅེས་བཤད་ཆོག ངས་ཀྱང་དེབ་འདི་ཚར་ཁ་ཤས་བཀླགས་པའི་ཁྲོད་ནས་དེབ་འདིའི་བརྗོད་བྱ་དང་བརྗོད་བྱེད་ཆ་མཚུངས་པ་འགྲིག་པ།  ནང་དོན་གྱི་ཆ་ནས་ཕུན་སུམ་ཚོགས་པ་ཞིག་ཏུ་མཐོང་སོང་། དེབ་འདི་ཡིན་ན་བདེ་ཐང་དང་ཐད་ཀར་འབྲེལ་བ་ཡོད་པ་རེད། བདེ་ཐང་ནི་འཇིག་རྟེན་གྱི་ཡོད་ཚད་གཅིག་ཏུ་བསྡུས་པའི་བདེ་སྐྱིད་དེ་ཡིན། དེབ་འདིའི་ནང་དུ་ནད་རིགས་སྔོན་འགོག་དང་གཙང་སེལ་བྱེད་པའི་ཐབས་ལམ་བསྟན་ཡོད་པ་རེད། དེ་བས་དེབ་འདིས་འགྲོ་བ་མི་ཡོད་དོ་ཅོག་གི་ལུས་སེམས་ལ་བདེ་ཐང་བསྐྲུན་ཐུབ་པའི་ཡིད་ཆེས་དང་སྨོན་འདུན་ཞེས་པ་ཡིན་ཞེས་གསུངས།


གཏམ་བཤད་གནང་མཁན།

བྱམས་བརྩེ་ཐེབས་རྩ་ཚོགས་པའི་ཚོགས་གཙོ་བོད་ཀྱི་མི་སྣ་གལ་ཆེན། སྤྲུལ་སྐུ་རིན་པོ་ཆེ་རྒྱ་མཚོ།

གཏམ་བཤད་ཁ་བྱང་། 

ཡོ་ག་དང་འབྲེལ་བའི་འཕྲོད་བསྟེན་གྱི་སྐོར།

ནང་དོན་གནད་བསྡུས།

       དེབ་གསར་གྱི་མཛད་སྒོར་རྟེན་འབྲེལ་ཞུ་བ་དང་འབྲེལ། ཡོ་ག་འདི་ཡིན་ན་མི་རིགས་རང་གི་ཆོས་ལུགས་དང་མཐུན་པ། དུས་རབས་འདིའི་ཁ་ཕྱོགས་དང་མཐུན་པ།མ་འོངས་པའི་འཕེལ་ཕྱོགས་དང་མཐུན་པ་སྟེ་མཐུན་པ་གསུམ་གྱི་སྟེང་ནས་གསུངས། ཆོས་ལུགས་ཀྱི་ནང་དུ་གཙོ་བོ་འགྲོ་མིའི་ལུས་སེམས་བདེ་བའི་ཐབས་བསྟན་ཡོད་པ་དང་། ཡོ་ག་འདིས་ཀྱང་འགྲོ་བ་མིའི་ལུས་བདེ་བ་དང་ཡིད་བརྟན་པའི་ཐབས་ལམ་བསྟན་ཡོད་པ་རེད། དེང་གི་ཡོ་ག་འདི་བོད་རང་གི་ཆོས་ལུགས་ཀྱི་ནང་ནས་རྩ་རླུང་འཁོར་འཕྲུལ་འཁོར་དང་མཐུན་པའི་ཆ་མང་བོ་ཡོད་པ་རེད། རྒྱ་གར་གྱི་ཡོ་གའི་རིག་གནས་འདི་གསར་གཏོད་དང་དར་སྤེལ་གཏོང་མཁན་གཙོ་བོ་དེ་མ་ཧཱ་གྷནྡི་ཡིན་པ་དང་། ཁོང་གིས་ཡོ་ག་འདི་རང་གི་ཆོས་ལུགས་དང་མི་རིགས་ལས་ཀྱང་གལ་ཆེ་བར་ནན་ཏན་གྱིས་གསུངས་མྱོང་བ་རེད། དེ་ཕྱིར་ད་བར་དུ་ཡོ་གའི་རིག་གནས་འདི་རྒྱུན་འཛིན་དང་དེ་ལ་རྗེས་སུ་འཇུག་མཁན་འཛམ་གླིང་གི་འཁྲབ་སྟོན་པ་དང་སྒྱུ་རྩལ་པ་སོགས་མི་སྣ་གྲགས་ཅན་མང་དུ་བྱུང་ཡོད་པ་རེད། དེང་སྐབས་རྒྱ་གར་གྱི་སྲིད་འཛིན་གྱིས་ཀྱང་ཡོ་ག་བསླབས་ནས་གཞན་ལ་སྤེལ་ཏེ་ཡོ་ག་འདི་བརྒྱུད་ནས་རྒྱ་གར་གྱི་རིག་གནས་དར་རྒྱས་སུ་གཏོང་བཞིན་ཡོད་ན། ང་ཚོས་ཅིས་ཀྱང་ཡོ་ག་འདི་བེད་སྤྱད་ནས་ནང་ཆོས་དང་གསང་སྔགས་ཀྱི་རྩ་རླུང་སོགས་རྒྱལ་ཁབ་དང་མི་རིགས་མང་བོ་སྤེལ་ཏེ་མི་མང་བོ་ཞིག་ལ་ནང་སེམས་ཀྱི་བདེ་སྐྱིད་ངོས་འཛིན་ཐེབས་པའི་ཐབས་ཤེས་བཙལ་དགོས་པ་རེད་ཅེས་གསུངས་སོང་།

  གཏམ་བཤད་གནང་མཁན།

སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས། སི་ཁྲོན་བོད་བརྒྱུད་ནང་བསྟན་ལས་སྒྲུབ་ཨུ་ཡོན་ལྷན་ཁང་གི་ལས་སྒྲུབ་མི་སྣ་མཁན་པོ་ཚེ་རིང་ནོར་བུ།

གཏམ་བཤད་ཁ་བྱང་། 

ཡོ་ག་དང་ལུས་སེམས་སྐོར།

ནང་དོན་གནད་བསྡུས།

       དེབ་འདི་རྩོམ་པ་པོ་ཁོང་གིས་མི་རིགས་གཞན་པའི་རིག་གནས་ཤིག་བོད་རང་གི་སྐད་ཡིག་ཏུ་བསྒྱུར་ནས་གོ་སླ་ཉན་བདེ། རྩ་བ་དང་འགྲེལ་བ་རི་མོ་ཡོད་པ་འཕྲོད་སྟེན་དང་བདེ་ཐང་ལ་ཕན་པའི་དེབ་ཅིག་བཟོས་འདུག

ང་ཡིན་ན་བོན་པོའི་རིག་གཞུང་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན། བོན་པོ་དང་བོད་ཀྱི་རིག་གཞུང་མང་བོ་དང་ལྷག་ཏུ་གསང་སྔགས་དང་རྫོགས་ཆེན་གྱི་ནང་དུ་ལུས་ངག་ཡིད་གསུམ་གྱི་བདེ་ཐང་དང་འཕྲོད་བསྟེན་གྱི་སྐོར་མང་བོ་ཡོད་པ་རེད། ཡིན་ཡང་མི་མང་བོ་ཞིག་གིས་དེ་དག་སྔགས་དང་རྫོགས་ཆེན་ལྟ་བུའི་ཟབ་ཆོས་ཁྱད་པར་ཅན་དུ་བཟུང་ནས་ཚད་ངེས་ཅན་ལ་ཐོན་པའི་བླ་གྲྭ་དང་སྒོམ་པ་བས་སྦྱང་རྒྱུ་ཞིག་ཡིན་པར་གོ་ནས་གསང་རྒྱ་བྱས་ཏེ་སྤྱི་ཚོགས་དང་འཛམ་གླིང་དུ་དེ་འདྲའི་ཁྱབ་རྒྱ་ཆེན་པོ་སོང་མེད་པ་དེ་འདྲ་རེད་སྙམ་ཡོད་ཅེས་གསུངས། ཆེད་ལས་དང་ཆེད་ལས་མ་ཡིན་པའི་རྒྱ་མི་མང་བོ་ཞིག་གིས་ཡོ་ག་སྦྱོང་མཁན་དང་ཡོ་ག་ལ་བརྟེན་ནས་འཚོ་བ་རོལ་མཁན་གཞན་ལ་ཡོ་གའི་སྟེང་ནས་ཞབས་ཞུ་བྱེད་མཁན་གང་མང་འདུག ཁོང་ཚོ་དང་མཉམ་དུ་གོ་བསྡུར་བྱས་པ་ན་ང་ཚོའི་ནང་ཆོས་ཀྱི་ནང་གི་ལུས་སྦྱོང་དང་སེམས་སྦྱོང་རྩ་རླུང་སོགས་དང་འདྲ་མཚུངས་ཡིན་ས་མང་བོ་འདུག དེ་ཡིན་ན་ང་ཚོའི་རིག་གནས་འདི་ལྟར་ཁྱབ་བརྡལ་དུ་འགྲོ་མ་ཐུབ་པ་ཅི་ཡིན་སྙམ་པའི་དྲི་བ་ཞིག་ཡོང་གི་འདུག དེ་བས་ཡོ་ག་དང་རྩ་རླུང་སོགས་ཟུང་འབྲེལ་གྱིས་མགོ་མཇུག་ཡོད་པ་རྒྱུན་འཁྱོངས་ཡོད་པ་ཆེད་ལས་ཀྱི་སྟེང་ནས་རིམ་བཞིན་ང་ཚོའི་ཆོས་ལུགས་འདི་རྒྱལ་ཕྱི་ནང་གང་སར་ཁྱབ་བརྡལ་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། མ་ཟད་ཁྱེད་ཚོ་ཡོ་གའི་ལས་རིགས་སྒྲུབ་མཁན་ཚང་མ་མཉམ་འབྲེལ་གྱི་འཁོར་ཡུག་ཅིག་བསྐྲུན་རྒྱུ་དེ་ཡང་རེ་བ་ཞུས་པ་ཡིན་ཞེས་གསུངས།

 གཏམ་བཤད་གནང་མཁན། 

ཁམས་པ་བརྙན་འཕྲིན་ཁང་གི་མདོ་འཛིན་པ་བོད་ཀྱི་མི་སྣ་གྲགས་ཅན་རྒན་བྱམས་པ་རྡོ་རྗེ།

གཏམ་བཤད་ཁ་བྱང་། 

དཀའ་བ་རྣམ་གསུམ།

ནང་དོན་གནད་བསྡུས།

       དེ་རིང་ནི་བོད་རབ་བྱུང་བཅུ་བདུན་པའི་ས་མོ་ཕག་གི་ལོའི་བོད་ཟླ་གསུམ་པའི་ཚེས་ལྔ་རེད།  རེས་གཟའ་ཕུར་བུ། ལེགས་པ་རྒྱལ་འཛོམས་ཀྱི་བཀྲ་ཤིས་པའི་ཉིན་མོ་ཞིག་ལ་ཁེལ་འདུག་པས་དེབ་གསར་འདི་དང་མཛད་པ་པོ་ལ་བཀྲ་ཤིས་བདེ་ལེགས་ཞུ།   ལོ་ངོ་ཉི་ཤུའི་སྔོན་ལ་ཁོང་གིས་བྲིས་པའི་ཚིགས་བཅད་ཅིག་སྟེ།  རིག་པ་དཔེ་ཐོག་ཡོད་ཀྱང་ལག་ལེན་དཀའ། །ལ་རྒྱ་ཁ་ལ་ཡོད་ཀྱང་སེམས་ལ་དཀའ། །སྦྱོང་འདོད་སེམས་ལ་ཡོད་ཀྱང་སྦྱང་ཐབས་དཀའ། ། དཀའ་བ་གསུམ་གྱི་རྒྱ་ལས་བྲལ་བར་ཤོག །ཅེས་པ་དང་འབྲེལ་ནས་དེང་གི་དཔེ་དེབ་ཀྱི་ཕྱིར་འཚོང་གི་དཀའ་ལས་དང་ཁེ་ཕན་ཉུང་བ་སོགས་ཀྱི་སྟེང་ནས་རགས་ཙམ་གསུངས་བྱུང་།

གཏམ་བཤད་གནང་མཁན། 

སི་ཁྲོན་སློབ་ཆེན་གྱི་འབུམ་རམས་པ་ཕྱི་མ་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཅོ་ནེ་ཡུམ་ཚེ་རིང་།

གཏམ་བཤད་ཁ་བྱང་། 

ཡོ་ག་ནད་རིགས་ཀུན་འཇོམས་ཀློག་པའི་མྱོང་ཚོར།

ནང་དོན་གནད་བསྡུས།

       ཐོག་མར་དེབ་འདི་དང་བརྒྱུད་དེ་རྩོམ་མཁན་ཀུན་དགའ་རྒྱལ་མཚན་ངོ་ཤེས་ཚུལ་དང་དེབ་འདི་རྒྱ་ཡིག་ལ་བརྒྱུར་བའི་སྐོར་ནས་གསུང་བཤད་གནང་།   ཁོ་བོ་ལྟར་ན་ཕྱིའི་རིག་གནས་ནང་ལ་བསྒྱུར་བ་མ་གཏོགས་ནང་གི་རིག་གནས་ཕྱི་ལ་བསྒྱུར་རྒྱུ་ཇེ་ཉུང་དུ་བཏང་ཡོད་པ་དང་མ་ཟད་དེའི་ཐད་ནས་མང་པོ་ཞིག་ལ་ཕོག་ཐུག་བཟོས་མྱོང་།  ཡིན་ནའང་དེབ་འདི་གཞན་དང་མ་འདྲ་བའི་ཁྱད་ཆོས་ཡོད་པས་ཡོ་གའི་རིག་གནས་ལ་སྦྱང་བ་བྱས་ཏེ་མ་འོངས་པ་ན་བསྒྱུར་འཆར་ཡིན་རབས་དང་།  དེབ་འདི་ནི་རྩ་ཚིག་དང་དེའི་འགྲེལ་བ་ཅན་དུ་གྲུབ་ཡོད་པས་འདི་ནི་གཞུང་ལུགས་རང་བཞིན་ཅན་གྱི་དེབ་ཅིག་རེད་ཟེར་ནའང་ཆོག  མ་ཟད་དེབ་འདིའི་ནང་གི་རི་མོ་དག་ནི་བོད་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པ་ཞིག་རེད།    ད་དུང་ཁྱད་ཆོས་ཤིག་ཡོད་པ་ནི་དེབ་འདི་ནི་ད་ལྟའི་དུས་ལ་མཁོ་གལ་ཆེ་བའི་རིག་གནས་གསར་བ་ཞིག་ནང་འདྲེན་བྱེད་ཐུབ་འདུག  མ་འོངས་པ་ན་ཡོ་ག་རིག་གནས་འདི་མ་ལག་རང་བཞིན་དང་འཐུས་ཚང་ཅན་དུ་བཏང་སྟེ་རྩོམ་པ་པོ་ཁོང་བོད་ཀྱི་ཡོ་ག་རིག་གནས་ཀྱི་མཁས་པ་ཆེན་པོ་ཞིག་ཏུ་འགྱུར་བར་རེ་བ་དང་བཅས་གཏམ་བཤད་ཧ་ལས་པའི་ཡག་པོ་གནང་།

 གཏམ་བཤད་གནང་མཁན། 

སི་ཁྲོན་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དཀོན་མཆོག་བསྟན་འཛིན།

གཏམ་བཤད་ཁ་བྱང་། 

ཡོ་ག་ནད་རིགས་ཀུན་འཇོམས་ལ་ཐུན་མོང་དུ་སྤྱོད་ཆོག་པའི་ཁྱད་ཆོས་ཇི་ལྟར་མངའ་བ།

ནང་དོན་གནད་བསྡུས།

       བོད་ཀྱི་རིག་གནས་གལ་ཆེན་ཡིན་ཚུལ་དང་འདི་ཕྱི་ཡིག་མང་པོར་བསྒྱུར་བའི་ཉེན་ཁ་སོགས་གསུངས་པ་དང་། ཡོ་གའི་དགེ་མཚན་སྟེང་ནས་དེབ་འདིའི་ཁྱད་ཆོས་རྣམ་པ་དྲུག་གི་སྒོ་ནས་གསུངས།  མ་འོངས་པ་ན་ཡོ་གའི་རིག་གནས་ཕོ་མོ་ཁྱད་མེད་རྒན་གཞོན་བར་མེད་ཀྱིས་ཡོ་གའི་རིག་གནས་ལ་དོ་སྣང་བྱས་ཏེ་ལུས་སེམས་བདེ་ཐང་ཡོང་བའི་སྨོན་ཞུས།

གཏམ་བཤད་གནང་མཁན། 

ཁྲིན་ཏུའུ་ལེགས་སྨོན་ཐང་ག་སྒྱུ་རྩལ་ལྟེ་གནས་ཀྱི་ཚོགས་གཙོ་བོད་ཀྱི་རི་མོ་བ་གྲགས་ཅན་ལེགས་སྨོན།

གཏམ་བཤད་ཁ་བྱང་། 

རི་མོའི་ཁྱད་ཆོས་བརྗོད་གཞིའི་ཐོག་ནས་རོབ་ཙམ་གླེང་བ།

ནང་དོན་གནད་བསྡུས།

      ཁོང་ལས་བྲེལ་གྱི་དབང་གིས་མཛད་སྒོ་མང་བོར་ཞུགས་པར་དེ་ཙམ་མི་སྤྲོ་ཡང་། དེ་ཐེངས་ཡོ་གའི་རིག་གནས་དང་དེ་དང་འབྲེལ་བའི་དེབ་གསར་འདི་གལ་ཆེ་བ་ཞིག་ཏུ་མཐོང་ནས་ཆེད་དུ་མཛད་སྒོ་འདིར་ཡོང་ཚུལ་དང་། ཁོང་གི་ཆེད་ལས་ཐང་གའི་རི་མོ་དང་འབྲེལ་ནས་བོད་ཀྱི་རི་མོའི་རིག་གནས་སྐོར་རགས་ཙམ་གླེང་སྟེ་དེབ་འདིའི་ནང་གི་རི་མོ་ཡང་ཧ་ཅང་ཁྱད་ཆོས་ལྡན་ཚུལ་སོགས་གསུངས་སོང་།

གཏམ་བཤད་གནང་མཁན། 

ཧི་མ་ལ་ཡའི་རིགས་མཛོད་ཁང་གི་འགན་འཛིན་གཞོན་པ་བོད་ཀྱི་རྒྱུན་ཤེས་རྩོམ་པ་པོ་རྨེ་གྲྭ་ཚེ་རིང་བསམ་འགྲུབ།

གཏམ་བཤད་ཁ་བྱང་། 

ཡོ་གའི་རིག་གནས།

ནང་དོན་གནད་བསྡུས།

       ང་ཚོ་སུ་དང་སུ་ཞིག་ཡིན་རུང་མི་ཚེའི་དམིགས་ཡུལ་གང་ཡིན་ཟེར་བའི་དྲི་བ་འདི་འདྲ་ཞིག་འོང་བའི་དབང་དུ་བཏང་ན་ལན་མང་པོ་ཞིག་ཡོད་སྲིད།  རེད་དེ་དེ་སྔོན་ཕྱོགས་གསུམ་ཙམ་ནས་འོང་གི་འདུག སྤྲོ་སྣང་ལྡན་པའི་སྒོ་ནས་འཚོ་བ་རོལ་རྒྱུ་དེ་ཡིན།    རླབས་ཆེན་གྱི་ལས་ཀ་ཤིག་སྒྲུབ་རྒྱུ་དེ་ཡིན།     ཁེ་བཟང་མང་པོ་ཞིག་རག་རྒྱུའི་ཆེད་ཡིན།      རེད་དེ་ཚང་མ་རང་ཉིད་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་ཐུབ་པའི་ཆེད་དུ་སོང་ཕྱིན་རྩ་བ་དེ་ལུས་སེམས་ཀྱི་འཕྲོད་བསྟེན་ཡག་པོ་ཞིག་འོང་རྒྱུ་དེ་གལ་ཆེན་པོ་རེད།    བོད་ཀྱི་སྤྱི་ཚོགས་སྟེང་གི་མི་མང་པོ་ཞིག་མཐོ་དགའ་ཆེ་བ་ཡིན་ཕྱིར་ང་ཚོ་ལ་ངོམ་ཆོག་པའི་མཚན་ཉིད་རིག་པ་ཡོད་ཅེས་ལབ་རྒྱག་པ་ལས་འཕྲོད་བསྟེན་ལྟ་བུའི་ཡིག་འབྲུ་གཉིས་ལ་དོ་སྣང་བྱེད་པར་མི་དགའ་བ་རེད་ཅེས་དང་། རོ་མའི་རྒྱལ་ཁབ་ཀྱི་གཏམ་བརྒྱུད་ཅིག་ལས་འཕྲོས་ཏེ་ང་ཚོས་འཕྲོད་བསྟེན་དང་ཡོ་ག་ཟེར་བའི་ཐ་སྙད་འདི་དག་ལ་བསམ་གཞིགས་བྱས་ན་རང་གི་མི་ཚེ་དང་འཚོ་བ་ལ་ཐད་གར་འབྲེལ་བ་ཡོད་པའི་གདམས་ངག་མང་པོ་ཞིག་རྙེད་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས།   

གཏམ་བཤད་གནང་མཁན།

སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་གཙོ་འཛིན་ཁྲོཾ་ཐར་མཁན་པོ་འཇམ་བློ།

གཏམ་བཤད་ཁ་བྱང་།

རྣལ་འབྱོར་ཡོ་ག་དང་འབྲེལ་བའི་སྐོར།

ནང་དོན་གནད་བསྡུས།

       དཔལ་གསང་བ་འདུས་པ་དང་། འཇིག་རྟེན་གསུམ་རྒྱལ་གྱི་རྟོག་པའི་འགྲེལ་པ། དཔལ་སྡོམ་པའི་རྒྱུད་ཕྱི་མ་སོགས་ཀྱི་ལུང་ལ་ཁུངས་གཏུག་ནས་ཡོ་གའི་སྒྲ་བཤད་དང་གསང་སྔགས་ལུགས་ཀྱི་ཡོ་ག་དང་རྣལ་འབྱོར་རྩ་རླུང་འཕྲུལ་འཁོར་འཕྲིན་ལས་སོ་གཉིས། རླུང་རོ་དགུ་ཕྲུག  སྟེང་འོག་གི་རླུང་འཐེན་སོགས་ཀྱི་སྟེང་ནས་གསུང་བཤད་ཟབ་ཁྱད་ཅན་གནད་ལ་ཁེལ་བ་མང་བོ་གསུངས་པ་དང་། དེ་དག་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ཁྲིད།  རིམ་པ་གཉིས་ཀྱི་ཉམས་ལེན་བཅས་ལ་བརྟེན་ནས་ལག་ལེན་ལ་འདེབས་དགོས་པ་རེད། དེའི་སྟབས་ཀྱིས་གསང་རྒྱ་དང་བཀའ་རྒྱས་བཏབ་སྟེ། དམངས་ཁྲོད་དུ་དར་ཁྱབ་ལ་མ་སོང་བ་རེད་མ་གཏོགས་རྣལ་འབྱོར་ཡོ་ག་དང་འབྲེལ་བའི་སྐོར་རྐྱང་པ་ལ་ཉུང་མཐའ་ཡིན་ན་གླེགས་བམ་སྟོང་ཕྲག་གཉིས་ཙམ་ཡོད་རྒྱུ་རེད་ཅེས་ང་རང་བོད་ཀྱི་དཔེ་རྙིང་འཚོལ་སྡུད་པ་ཞིག་ཡིན་པའི་ཆ་ནས་བཤད་ཕོད་ཅེས་དང་། དེ་ལྟར་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་པའི་རིག་གནས་འདི་དང་། དེང་རབས་འཛམ་གླིང་གང་སར་ཁྱབ་རྒྱ་ཆེ་བའི་ཡོ་ག་ཞེས་གྲགས་པ་འདི་ཉིད་སྙིགས་དོར་བཅུད་ལེན་དང་། གནའ་དེང་ཟུང་འབྲེལ་གྱི་ལམ་ནས་སོང་ན་གྲུབ་འབྲས་རྒྱ་ཆེན་པོ་ཐོན་ངེས་པས་ཚང་མས་དེ་ལྟར་ཐུགས་ལ་ངེས་རོགས་ཞུ་ཞེས་གསུངས་སོང་།

གཏམ་བཤད་གནང་མཁན།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་ཐོན་མིའི་སློབ་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ། བཙན་པོའི་མགར་གྱི་དྲ་བའི་དྲ་བདག་སྐུ་ཞབས་ཁཱ་ཤེས་རབ་རྒྱ་མཚོ།

གཏམ་བཤད་ཁ་བྱང་།

ཡོ་ག་ལ་ང་ཚོས་སློབ་སྦྱོང་བྱ་འོས།

ནང་དོན་གནད་བསྡུས།

    ཡོ་ག་ལ་ང་ཚོས་སློབ་སྦྱོང་བྱ་འོས་པའི་རྒྱུ་མཚན་དང་སྦྱར་ཏེ་ཡོ་ག་འཛམ་གླིང་ཤར་ནུབ་ཏུ་དར་བའི་གསར་འགྱུར་འགའ་དང་སྦྲགས་ཏེ་ཡོ་ག་ནད་རིགས་ཀུན་འཇོམས་ཟུར་ཙམ་གླེང་བ་འདི་ལྟར།

2015ལོར་རྒྱ་གར་གྱི་སྲིད་འཛིན་མའོ་ཏིས་ཟླ་6པའི་ཚེས་21ཉིན། ཞིན་ཏི་ལིའུ་གོང་མའི་སྲང་ཆེན་ནས་མི་ཁྲི་3.7དང་མཉམ་དུ་ཡོ་ག་སྦྱངས་པར་གསར་ལམ་ཁག་ནས་མཉམ་འཇོག་ཆེན་པོ་བྱས་པ་རེད། སྲིད་འཛིན་གྱིས་མགོ་འཛིན་མཛད་དེ་ཡོ་ག་འཁྲབ་སྟེ་ཅི་ཉི་སིའི་ཟིན་ཐོ་གསར་པ་བསྐྲུན།

2016ཟླ་6ཚེས་20ཉིན་ཨ་རིའི་ཉིའུ་ཡོད་སྐབས་དོན་ཚགས་པར་ཐང་ཆེན་དུ་མི་ཁྲི་ཕྲག་མང་བོས་ཡོ་ག་སྦྱངས་ནས་དབྱར་ཉི་ལྡོག་པར་བསུ་བ་ཞུ་བའི་བྱེད་སྒོ་སྐབས་བཅུ་བཞི་པ་སྤེལ་ཞིང་སྲིད་འཛིན་མང་པོ་ཡང་སྔ་རྗེས་སུ་མཉམ་ཞུགས་བྱས་ཡོད་ཟེར།

     2016ལོའི་ཟླ་བ་10པའི་ཚེས་9ཉིན། ཧྥ་རན་སིའི་ཕེ་རིས་གྲོང་ཁྱེར་དུ། ཡོ་ག་ལ་དགའ་མོས་ལྡན་པའི་མི་སྟོང་གཉིས་མཉམ་དུ་འཛོམས་ནས་ཡོ་ག་སྦྱངས་ཏེ་དབུལ་ཕོངས་རྒྱལ་ཁབ་ཀྱི་སྙིང་ནད་ཕྱི་ནད་ཚན་ཁག་ཏུ་ནད་བཅོས་བྱེད་བཞིན་པའི་བྱིས་པར་ཞལ་འདེབས་ཕུལ།

2016ལོའི་སྤྱི་ཟླ་10པའི་ཚེས་26ཉིན། ཨ་རིའི་ཅིའུ་ཅིན་ཧྲན་གྱི་ལོ་31ཅན་གྱི་བུད་མེད་Amy Maloonཅིག་གིས་ཆུང་དུས་ནས་ཡོ་ག་ཆེད་སྦྱོང་བྱས་ཏེ་ཡོ་གའི་དགེ་རྒན་ཞིག་ཏུ་གྱུར་པར་མ་ཟད། ཁོ་མོ་འཛམ་གླིང་གི་རྒྱབ་ཁབ་26ལ་ཕྱིན་ནས་ཡོ་ག་སྦྱངས་ཤིང་ས་གནས་སོ་སོར་ཡོ་གའི་རིག་གནས་ཁྱབ་སྒྲོག་བྱས།

       2017ལོའི་སྤྱི་ཟླ་6ཚེས་21ཉིན་ནི་རྒྱལ་སྤྱིའི་ཡོ་གའི་ཉིན་མོ་ཡིན་པ་རེད།  ནེ་པ་ལ་རྒྱལ་ཁབ་ཀྱི་རྒྱལ་ས་ཀ་ཏི་མན་རྡུ་གྲོང་ཁྱེར་དུ།  ཆར་པ་སིམ་སིམ་འབབ་བཞིན་ཡོད་ཀྱང་།  ཡོ་ག་སྦྱོང་བར་དགའ་བའི་མང་ཚོགས་རྣམས་ཀྱིས་ཡོ་ག་སྦྱོང་བཞིན་ཡོད་པར་མ་ཟད་བལ་ཡུལ་སྲིད་འཛིན་ཏེ་ཝུ་ཕ་རྒྱལ་སྤྱིའི་ཡོ་གའི་ཉིན་མོའི་བྱེད་སྒོར་ཞུགས།

2017ལོར་བསྡོམས་རྩིས་བྱས་པ་ལྟར་ན་འཛམ་གླིང་དུ་ཡོ་ག་སྦྱོང་མཁན་དུང་ཕྱུར་༢༠ལྷག་ཡོད་པར་བཤད་འདུག

     2018ལོར་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་བདུན་པའི་ལུས་རྩལ་འགྲན་ཚོགས་དང་སྐབས་གཉིས་པའི་དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་ཚོགས་ཆེན་ཐོག་ཡོ་ག་ལུས་རྩལ་དེ་འགྲན་ཞུགས་རྣམ་གྲངས་ཤིག་ཏུ་བརྩིས་ནས་ལུས་རྩལ་ཚོགས་ཆེན་དེའི་ནང་ཚུད་ཡོད་པ་དང་། ཞིང་ཆེན་ཡོ་ག་ལུས་རྩལ་མཐུན་ཚོགས་རྒྱ་ཆེར་བཏང་བ་དང་། ཡོ་ག་ལུས་སྦྱོང་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་པ་དང་བསྟུན་ནསརིམ་བཞིན་ཞིང་ཆེན་ཡོངས་སུ་དར་བ་རེད། དེ་རྒྱ་ཆེའི་གྲོང་མིས་ལུས་སྦྱོང་ལུས་གསོ་བྱ་རྒྱུའི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད་ཟེར། ལྷག་པར་དུ་སྐྱེས་མ་རྣམས་ཡོ་ག་ལས་སྦྱོང་དེར་སྤྲོ་སེམས་ཆེན་པོ་ཡོད་པ་རེད། རགས་རྩིས་བྱས་པ་ལྟར་ན་ལོ་རེར་མཚོ་སྔོན་ཞིང་ཆེན་གྱི་ཡོ་ག་ལུས་སྦྱོང་ལུས་རྩལ་ཁྲོད་ཞུགས་མཁན་མི་འབོར་ཁྲི་ཙམ་ཡོད་ཟེར།

ང་ཚོའི་ས་ཁུལ་དུ་ཆ་བཞག་ནས་བཤད་ན།  རྔ་བ་རྫོང་སྣང་ཞིག་དགོན་ཆེན་གྱི་ཨ་དཀར་པའམ་འཆི་མེད་བློ་གྲོས་ཞུ་བ་ཁོང་གིས་ཀྱང་འཛམ་གླིང་གི་གང་སར་བོན་གྱི་རྫོགས་ཆེན་རྩ་རླུང་གཙོ་བོར་བྱས་ཏེ་ཡོ་གའི་རིག་གནས་འཛམ་གླིང་དུ་ཁྱབ་སྤེལ་བྱེད་བཞིན་ཡོད་པ་དང་།   ད་དུང་རྔ་བ་རྫོང་བསུ་བ་ན་ཡང་དམ་ཆོས་ཉི་མ་ཟེར་བ་ཞིག་ཡོད། ཁོ་ནི་འཛམ་གླིང་སྟེང་གི་སྐད་གྲགས་ཆེ་བའི་ཧེ་ལོ་བའི་གློག་བརྙན་འཁྲབ་སྟོན་པ་དག་དང་མཉམ་འབྲེལ་གྱིས་ལས་ཀ་མང་བོ་ཞིག་སྒྲུབ་མཁན་ཡིན་ལ་ཡོ་གའི་ཕྱོགས་ལ་ནུས་པ་རླབས་ཆེན་ཐོན་ཡོད་པ་ཞིག་ཀྱང་ཡིན། ཁམས་ཕྱོགས་དང་ས་ཆ་གཞན་དུ་ཡང་མི་ཉག་ཀརྨ་ཚེ་རིང་དང་། བློ་བཟང་སྟོབས་ལྡན།  པདྨ་བཀྲིས་སོགས་བོད་ཀྱི་ཡོ་གའི་ཕྱོགས་ལ་ཆེད་སྦྱོང་དང་ནུས་པ་ཐོན་མཁན་ཧ་ཅང་མང་བོ་ཞིག་ཡོད་པ་ནི་ཧ་ཅང་དགའ་འོས་པའི་དོན་བཟང་ཞིག་རེད།

དེང་རབས་དངོས་ལུགས་གསོ་རིག་གིས་འདིའི་ཐད་ཞིབ་འཇུག་བྱས་པའི་ད་ལྟའི་གྲུབ་དོན་ལ་གཞིགས་ན། ཡོ་ག་དང་དབུགས་སྦྱོང་གིས་སེམས་ངལ་(anxiety)དང་། གྲུམ་བུའི་ན་ཚ།(arthritis) དབུགས་འཚང་བ།(asthma)   རྒྱབ་ན་བ། ཁྲག་ཤེད། དཔུང་ལག་གི་ནད་གཞི། ཤ་ཐང་ཆད་པའི་ནད་གཞི། སྐྱོ་ཤས་ཆེ་བ། གཅིན་པ་མངར་འགྱུར་གྱི་ནད་གཞི། ཀླད་སྐྱོན། མགོ་ན་བ་དང་། སྙིང་གི་ན་ཚ་སོགས་ལ་ཁྱོན་ཡོངས་ནས་སྟངས་འཛིན་དང་གསོ་བཅོས་བྱེད་ཐུབ་པ་མ་ཟད། དེང་རབས་གསོ་རིག་གིས་བཅོས་དཀའ་བའི་མཁལ་མ་དང་མཆིན་པའི་ནད་རིགས་ཡོངས་རྫོགས་ལ་ཕན་པ་མ་ཟད། དེང་རབས་རྒྱ་གར་གྱི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོར་འབོད་པའི་སྭམི་རཱམ་ཌེ་བི་མཆོག་(Yogi Raj Swami Ramdevji ) གི་བསྟི་གནས་སུ་ཡོད་པའི་ཡོ་གཱ་དང་ཚན་རིག་ཞིབ་འཇུག་ཁང་གིས་དྲག་བསྐྱེད་བྱུང་བའི་ནད་པ་སྟོང་ཕྲག་མང་པོའི་དཔང་རྟགས་ཡོད་པ་དེ་འདྲ་རེད།

ཡོ་ག་ནད་རིགས་ཀུན་འཇོམས་ཟུར་ཙམ་གླེང་བ།


2016/2019ལོའི་བར་དུ་བོད་གངས་ཅན་སྟོད་སྨད་བར་གསུམ་དང་ནང་སྒོས་རྒྱལ་ནང་སོགས་སུ་ཨ་འཛི་ཀུན་དགའ་རྒྱལ་མཚན་མཆོག་གིས་ཡོ་གའི་སློབ་ཁྲིད་ཐེངས་73སྤེལ་ཏེ་འགྲོ་དོན་བླ་མེད་བསྐྱངས་ཤིང་། ལྷག་ཏུ་སློབ་གྲྭ་གཉིས་དང་བཙུན་མའི་བཤད་གྲྭ་བཅས་ལ་མཐུན་རྐྱེན་ཆ་ཚང་སྦྱོར་བཞིན་པ་ནི་ངོ་མ་དགའ་འོས་པ་དང་བསུབ་ཏུ་མེད་པའི་མཛད་རྗེས་ཤིག་རེད་འདོད།

སྤྱིར་ང་ཚོར་ཡོད་པ་ནི་བཀའ་གདམས་གོང་མ་རྣམས་ཀྱིས་དུས་རྒྱུན་བདུད་རྩི་འབེབ་སྦྱངས་བྱས་ཏེ་བླ་མ་རྡོ་རྗེ་སེམས་དཔའི་སྐུ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་ཏེ་སྡིག་སྒྲིབ་སྦྱོང་བར་བསྒོམ་པའི་ཉམས་ལེན་ཡོད་པ་བཞིན་ཡོ་ག་ནད་རིགས་ཀུན་འཇོམས་འདིས་ཀྱང་ལུས་སེམས་གཉིས་ལ་ཐོབ་པའི་ཁེ་ཕན་གང་ཡིན་ཡང་སེམས་བསྐྱེད་ཕུན་སུམ་ཚོགས་པས་ཐོག་དྲངས་ཏེ་འགྲོ་ཀུན་སྡུག་བསྔལ་ལས་སྒྲོལ་བར་རེ་བ་དང་ཡིད་ཆེས་ཡོད།འདིར་སློབ་སྦྱོང་བྱས་པ་ཡིན་ན།ཁྲིན་ཏུའུ་ལྟ་བུར་མཚོན་ནའང་སྤྱི་གླིང་དུ་ལོ་ལོན་རེ་འགས་ཉ་འཛིན་པ་དང་བྱ་བྱེའུ་གསོ་བ།ཁྱི་ཕག་ཁྲིད་པ།བྲོ་རྡུང་བ་སོགས་དགའ་བ་ཡིན་ཡང་དེ་དགེ་བའི་ངོ་བོར་བསྒྱུར་ཐུབ་པ་ཡིན་ན་འདི་སྐྱིད་ཕྱི་སྐྱིད་ཡིན་པས་གྲོང་ཁྱེར་བོད་པ་ཚོ་དེ་དག་གི་རྗེས་སུ་འབྲང་མི་དགོས་པས་ལྷག་ཏུ་བཀའ་དྲིན་ཞུས་པ་ཡིན།

ཡོ་ག་ནད་རིགས་ཀུན་འཇོམས་འདི་ལ་ཞིབ་ཏུ་ཀླགས་དུས་ངོ་མ་དགའ་ཚོར་ཆེན་པོ་སྐྱེས་སོང་། རྒྱུ་མཚན་ནི་འགྲོ་བའི་ཁམས་དང་བསྟུན་པའི་སྡུག་བསྔལ་སེལ་སྟངས་ཡག་ཤོས་ཤིག་དམ་པ་གོང་མའི་གསུང་ཟིན་དང་ཤར་ནུབ་ཀྱི་རིག་པའི་ལམ་ནས་བརྡར་ཤ་བཅད་དེ་རི་མོ་དང་ཚིག་བཅད་ལྷུག་སྤེལ་མའི་ལམ་ནས་ངོ་སྤྲོད་ཞིབ་རྒྱས་གནང་བ་ནི་ང་ཚོ་ལས་དང་བོ་པ་ཚོར་མཚོན་ན་ཡོ་ག་དབུགས་སྦྱོང་གི་ཐབས་ལམ་ཡག་པོ་ཞིག་རག་པ་རེད་འདོད། དཔེ་ཆ་འདི་ཧ་ཅང་འཐུས་ཚང་བ་ཞིག་རེད་ཅེས་སྨྲ་མི་སྤོབས་ཀྱང་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་མཐོང་ཡོད།ཡང་ཡང་བལྟས་ཀྱང་སུན་པོ་བཟོ་མི་དགོས་ཤིང་ཉི་མ་རེ་རེ་བཞིན་བསླབ་ཚན་རེ་རེ་ཉམས་ལེན་བྱེད་ཞོར་ཞིབ་ཏུ་མཇལ་ཡང་དཔེ་མཁྱུད་སོགས་མན་ངག་གུད་དུ་སྦས་པ་མ་ཡིན་པར་ང་ཚོའི་ཚེ་སྲོག་གི་རྒྱུན་བསྲིངས་བྱེད་མཁོ་འདོན་བྱས་པའི་དེབ་འདི་ནི་ལེགས་བཤད་སྒོར་སྐྱེལ་ལྟ་བུའི་རིན་ཐང་དང་།ཡོ་གའི་བརྗོད་སྙིང་གཟུགས་ཅན་དུ་འཕོས་ཏེ་ང་ཚོ་ལས་དང་པོ་བར་འཚོ་ཚིས་བྱམས་གཟིགས་གནང་བ་ཡིན་པས་ཆེད་དུ་རྩོམ་པ་པོ་ཁོང་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུ་འདོད་ཡོད། ལྷག་ཏུ་ཡོ་ག་ནད་རིགས་ཀུན་འཇོམས་འདི་ལ་སློབ་སྦྱོང་དང་ཉམས་ལེན་བྱས་པ་ཡིན་ན་ང་ཚོའི་ལུས་སེམས་བདེ་བར་གནས་ཐུབ་པར་འདོད་ལ།དབུགས་རྩལ་སྦྱོང་བ། སྒོམ་རྒྱག་པ་བཅས་ཀྱིས་ལུས་སེམས་ཞི་བར་(ནད་སོགས་འཇོམས་པར་)བྱེད་ཐུབ་པ་དང་། སྙིང་དང་ཁྲག་འཁོར་སྐྱོད་ཀྱི་བདེ་ཐང་མཐོར་འདེགས། ན་ཟུག་འཇོམས་པ་དང། ན་ཚོད་གཞོན་པའི་ལང་ཚོ་རྒྱུན་འཛིན་དང་གཞོན་སྣང་སྐྱེད་ཐུབ་པའི་ཉམས་ལེན་ཡག་ཤོས་ཤིག་ཏུ་འདོད་པས་དཔེ་དེབ་འདི་མཐོང་ཐོས་དྲན་རག་གིས་ཉམས་ལེན་བྱེད་མཁན་ཡོངས་ལ་སྤྲོ་སྣང་དང་བདེ་ཐང་དུས་མཉམ་དུ་བསུ་ཐུབ་པར་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་བ་ཡིན། བཀྲ་ཤིས་བདེ་ལེགས། ཞེས་གསུངས་སོང་།


གཏམ་བཤད་གནང་མཁན།

བོད་ཀྱི་མདོ་འཛིན་པ་དང་ཨ་ཅག་འཕགས་མའི་ཚོགས་གཙོ་སྒྲོལ་མ།

གཏམ་བཤད་ཁ་བྱང་།

ཡོ་ག་དང་འབྲེལ་བའི་བུད་མེད་ཀྱི་བདེ་ཐང་གླེང་བ།

ནང་དོན་གནད་བསྡུས།

     སྒོམ་དང་ཡོ་ག་སྦྱང་བར་རྒྱུས་ལོན་བྱེད་པའི་བརྒྱུད་རིམ་དང་དངོས་སུ་སྦྱོང་བའི་ལས་སྐལ་སྐོར།ཐོག་མར་དགོན་སྡེ་སོགས་སུ་ཆས་ནས་བོད་ཀྱི་རིགས་སྦྱོང་ཞོར་སྒོམ་རྒྱག་སྐོར་ནས་རྒྱུས་ལོན་ཐོབ་པ། དེ་ནས་ཨ་རུར་སོང་ནས་སྒོམ་རྒྱག་པའི་གོ་སྐབས་ཐོབ་པ་དང་། རྗེས་སུ་དགེ་རྒན་ལ་བརྟེན་ནས་ཡོ་ག་དངོས་སུ་སྦྱང་ཚུལ་དང་། དཔེ་དང་སྦྱར་ནས་ཡོ་ག་རླུང་སྦྱོང་གིས་མི་མང་པོའི་བཅོས་ཐབས་མེད་པའི་ནད་གསོ་ཐུབ་པའི་སྐོར་གླེང་བ། འཚོ་བའི་ཁྲོད་དུ་དངོས་སུ་བྱུང་བའི་དཔེ་མཚོན་རང་བཞིན་དོན་དག་ཏེ་དཔེར་ན་མཁན་པོ་ཞིག་ལ་མཆིན་ནད་ཚབས་ཆེན་བྱུང་བས་རླུང་སྦྱོར་སྦྱོང་པ་དང་དུས་ཡུན་རིང་ཙམ་འགོར་རྗེས་ནད་སངས་དྲག་བྱུང་བ་ལ་སོགས་ཀྱི་བདེན་དོན་གླེང་ནས་ཡོ་གའི་ཕན་ནུས་ལ་ར་སྤྲོད་བྱས་པ། ཡོ་གའི་ཕན་ནུས་དང་བུད་མེད་ཀྱི་བདེ་ཐང་སྐོར། ཡོ་ག་སྦྱོང་ན་ནད་རིགས་མང་པོར་སངས་དྲག་ཐུབ་པ་མ་ཟད་མོ་ནད་སོགས་ལ་ཕན་ནུས་ཆེན་པོ་ཐོབ་ཀྱིན་ཡོད་དེ།  གཙོ་བོ་ནི་གཉིད་ཁུག་པ།   བློ་བརྟན་པོར་གནས་ཐུབ་པ།          ཁྲག་གི་འཁོར་རྒྱུགས་ལ་ཕན་པ། ཚོ་མི་བསོགས་པ།      མི་བཟང་པོའམ་གཤིས་རྒྱུད་འཇམ་པོར་ཆགས་པ། སེམས་ལྷོད་པོ་གནས་ཐུབ་པ་དང་གཞན་བུད་མེད་ཀྱི་བདེ་ཐང་ལ་ཡང་ཕན་པས་ཁོང་མོ་དང་སྐྱེས་མ་གཞན་འགས་ཚོགས་པ་བཙུགས་ནས་བུད་མེད་ལ་ཡོ་ག་བསླབ་པ་དང་མོ་ནད་ཀྱི་ནད་རིགས་མང་པོ་སངས་དྲགས་ཐོབ་པའི་སྐོར་གླེང་བ།ཡོ་ག་སྦྱོང་བའི་སྔོན་འགྲོ་དང་དེའི་སྐོར་གྱི་གཟབ་བྱ། ཡོ་ག་སྦྱོང་དུས་ཐིག་མར་ཆོས་དབྱངས་ལ་ཉན་པ་དང་སེམས་ལྷོད་པོར་གནས་དགོས་པ།  ནམ་རྒྱུན་ཡོ་ག་སྦྱོང་བའི་དུས་ཚོད་མཉམ་ན་ལྷག་ཏུ་བཟང་བ།  ཡོ་ག་སྦྱོང་དུས་མི་སོ་སོའི་གནས་ཚུལ་ལ་བསྟུན་ནས་སྦྱོང་པ་དང་ཚད་ལྡན་ལྟར་སྦྱོང་མ་ཐུབ་ཚེ་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་སྲིད་པས་གཟབ་དགོས།དེ་མ་ཟད་ཡོ་ག་སྦྱོང་རྒྱུ་ནི་ཉིན་གཅིག་ཙམ་གྱི་དོན་ཞིག་མིན་པས་རྒྱུན་སྐྱོང་ཐུབ་དགོས་པ་དང་རང་གིས་ནུས་ཚོད་ཀྱིས་སྦྱོང་དགོས། མཇུག་མཐའི་གཏམ་དང་སྨོན་འདུན། ཡོ་གའི་དེབ་འདི་བརྩམས་མཁན་གྱི་ཀུན་དགའ་རྒྱལ་མཚན་ལགས་ལ་ཐུགས་རྗེ་ཞུ་བ་དང་མཉམ་དུ།འདིར་ཞུགས་སྐུ་མགྲོན་ལྷན་རྒྱས་ཀྱིས་ཡོ་ག་སྦྱོང་བྱེད་ཀྱིས་དེབ་ལེགས་འདི་དང་བསྟུན་ནས་བདེ་ཐང་གི་ཆེད་དུ་རླུང་སྦྱོར་སྦྱོང་བའི་རེ་བ་བཏོན་ཏེ་སྐད་ཆའི་མཇུག་བསྡུས།

གཏམ་བཤད་གནང་མཁན།

ཕུལ་བྱུང་རི་མོའི་སྒྱུ་རྩལ་ལ་མངའ་དབང་འབྱོར་ཞིང་དྲུག་འགྱུར་སྒྲ་དབྱངས་རྒྱ་མཚོས་རྒྱལ་ཁམས་སྙན་པའི་རི་མོའི་སྒྱུ་རྩལ་བ་རྒན་འཕགས་པ།

གཏམ་བཤད་ཁ་བྱང་། 

རི་མོ་ཞིག་གི་བདག་རྐྱེན་ལས་ཡོ་གའི་རིན་ཐང་ཤེས་པ།

ནང་དོན་གནད་བསྡུས།

      ང་ནི་དེབ་འདིའི་ནང་གི་རི་མོ་འབྲི་མཁན་ཡིན།  ངས་འདི་ནས་ཀུན་དགའ་རྒྱལ་མཚན་རིན་པོ་ཆེ་ཁོང་གིས་སྐུ་ཚགས་འོ་བརྒྱལ་ལ་མ་འཛེམས་པར་ལམ་ཐག་རིང་པོ་འདི་བརྒྱུད་ནས་རྒྱ་གར་གྱི་སྲོལ་རྒྱུན་རིག་གནས་ཡོ་ག་ཞེས་པ་དེ་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱས་པར་མ་ཟད་ཀྱི་ཁོང་གིས་འགྲོ་བ་སེམས་ཅན་མང་པོ་ཞིག་ལ་ཕན་རེ་ཨེ་ཐོགས་བསམ་ནས་དེབ་འདིའི་རི་མོ་དང་བཅས་པ་མང་ཚོགས་ལ་བརྡ་འཕྲོད་སླ་བས་དེབ་འདི་ཧ་ཅང་གི་རིན་ཐང་ལྡན་པ་ཞིག་རེད་བསམ་གི་ཡོད།  རི་མོ་དེ་ཚོ་འབྲི་རྒྱུ་འདྲ་ཞིག་ཡིན་ན2016—སྤྱི་ཟླ8པ་ཡས་མས་ཤིག་ནས་འབྲི་མགོ་བརྩམས་ནི་རེད།    ཐོག་དང་པོ་ངེད་གཉིས་ཀས་རི་མོ་དེ་ཚོ་འཆར་བཀོད་བྱེད་སྐབས་ལ་ཡང་འདང་མང་པོ་རྒྱག་དགོས་ས་དང་ངེད་གཉིས་ཀས་རི་མོ་དེ་ཚོ་ཞིབ་འཇུག་བྱེད་དགོས་ས་གང་མང་མང་རེད།དེ་བས་གཞན་པ་ལྷའི་སྐུ་འདྲ་ཞིག་འབྲི་དགོས་ན་ད་མེས་པོ་གོང་མ་ཚོའི་བཀའ་དྲིན་གྱིས་ཐིག་དཔེ་དང་དཔེ་བལྟ་ས་མང་པོ་ཞིག་ཡོད་ནི་རེད།      ཡོ་གའི་རི་མོ་འདི་འདྲ་ཞིག་ཡིན་ན་མ་དཔེ་རེ་ཡོད་ཡོད་གྱི་རེད་དེ།   རང་གི་འཁོར་ཡུག་གི་དབང་གིས་རྒྱ་གར་གྱི་ཡོ་གའི་དགེ་རྒན་རེའི་འདྲ་པར་རེ་མ་གཏོགས་ཅུང་མང་པོ་ཞིག་ལོན་མ་ཐལ།      རི་མོ་འདི་ཡིན་ན་གསར་རྩོམ་བྱས་པ་དང་།   ཀུན་དགའ་རྒྱལ་མཚན་ཁོང་ཚང་གིས་རླུང་སྦྱོར་དེ་ཚོ་གཅིག་རེ་གཉིས་རེ་ཁོ་རང་གི་སྐུ་ལུས་པར་བླངས་པ་དང་རི་མོ་དེ་ཚོ་ཕྱོགས་མགོ་ཙམ་ཞིག་འཆར་འགོད་བྱས་པ་དང་། མ་ཚད་ལོ་རྒྱུས་ཆ་ཚང་སྒྲ་བླངས་ནས་བདག་རང་གིས་ཀྱང་དེ་ཚོ་ལ་བལྟ་ཞོར་མཉན་ཞོར་ལ་འབྲི་ཁུལ་བྱས་པ་ཡིན། བྲི་ཚར་རྗེས་ཡང་ཁོང་ལ་བསྟན་ནས་ཉན་ཡོད་མེད་དེ་ཚོ་ཞིབ་མོ་བལྟ་ཞོར་ངེད་གཉིས་ཀས་བསམ་ཆ་བསྡུ་ལེན་ཟེར་ན་ཆོག་གི་ནུས་ཚོད་ཐུབ་ཚོད་ཀྱིས་ཧ་ལས་པའི་གཟབ་གཟབ་ཅིག་བྱས་ཡོད་བསམ་གི་ཡོད།   མཐར་ངའི་འདི་ནས་རྩོམ་པོ་ཀུན་དགའ་རྒྱལ་མཚན་ཁོང་ལ་ཡང་བཀའ་དྲིན་ཆེ་ཞུ་བ་དང་ཆབས་གཅིག་ཏུ་ཁོང་གི་མཛད་པ་དང་ཕྲིན་ལས་ཡུན་ནས་ཡུན་ཏུ་དར་བའི་བཀྲ་ཤིས་སྨོན་འདུན་ཞུ་ཞེས་གླེང་།

གཏམ་བཤད་གནང་མཁན།

ནང་བསྟན་གློག་བརྙན་གྱི་འཁྲབ་གཞུང་རྩོམ་འབྲི་དང་འཁྲབ་ཁྲིད་པ་གྲགས་ཅན།  ཤར་མི་ཉག་དགོན་ཆེན་གྱི་མཁན་རིན་པོ་ཆེ་ཆོས་དར་རྒྱ་མཚོ།

གཏམ་བཤད་ཁ་བྱང་།

བདེ་ཐང་ནི་རྨང་གཞི་ཡིན།

ནང་དོན་གནད་བསྡུས།

      སྤྱིར་བཏང་མིའི་ཚེ་སྲོག་གི་རབ་བྱུང་དུས་བཀག  མི་ལོ་170ཡར་མར་དང་།   ཞིབ་འཇུག་པས་བཤད་པ་ལྟར་ཡིན་ན་མི་ཞིག་གི་ཚེ་ཚད་130—150ཡར་མར་ཡིན་ཟེར།   ཡིན་ན་ཡང་མི་མང་པོ་ཞིག་ལོའི་ན་ཚོད་ཚད་འདིར་འཚོ་ཐབས་བྱུང་མེད་པ་རེད།   ལྷག་པར་ང་ཚོ་བོད་པ་ཚོ་ལ་མཚོན་ན་ས་ཆའི་གནས་བབ་མཐོ་བ།   དཔལ་འབྱོར་དང་སྨན་བཅོས་ཀྱི་ཆ་རྐྱེན་ཞན་པ།   ལྷག་པར་དུ་འཕྲོད་བསྟེན་གྱི་གོ་རྟོགས་དང་སློབ་གསོའི་ཆུ་ཚད་ཞན་པས།   མི་རྣམས་ཚེ་ཐུང་བ་དང་རྒས་སླ་བ་ནད་མང་བ་སོགས་དཀའ་ངལ་ཧ་ལས་པ་མང་པོ་རེད།   མ་ཚད་བླ་སྤྲུལ་མཁན་གསུམ་དང་ན་གཞོན་ཤེས་ཡོན་པ།   འཇོན་ནུས་ཅན་སོགས་སེར་སྐྱ་མང་པོ་ན་ཚས་མནར་ནས་སྐུ་ཚེ་ཤོར་བ་སོགས་མི་རིགས་དང་ཆོས་རིག་ལ་གྱོང་རྒུད་ཧ་ཅང་ཆེན་པོ་ཞེ་སྡུག་དང་བློ་ཕམ་པའི་གནས་ཚུལ་མཐོང་ཆོས་རེད།   དེའི་དོན་རྐྱེན་གང་རེད་ཟེར་ན།   གནད་དོན་ཕལ་ཆེ་བ་མང་པོ་ཞིག་ལུས་སེམས་ལ་འཕྲོད་བསྟེན་ཡག་པོ་མི་ཤེས་པ་དང་མི་བསྟེན་པས་ལུས་སེམས་ལ་བདེ་ཐང་མེད་པས་རེད།   དེའི་ཕྱིར་ན་འཕྲོད་པ་བསྟེན་རྒྱུ་དེ་ནི།   མིའི་ཚེ་སྲོག་གི་རྨང་གཞི་ལྟ་བུ་ཡིན་པས་ཧ་ལས་པ་གལ་ཆེན་པོ་རེད།   གལ་ཏེ་ཚེ་སྲོག་གི་ཆོས་ཉིད་དང་འབྲེལ་བའི་བདེ་ཐང་གི་གོ་རྟོགས་མེད་ན་བརྩོན་འགྲུས་དང་སྙིང་སྟོབས་ཀྱི་བརྟས་པའི་སྦྱང་འབྲས་ཅི་འདྲ་ཞིག་བཟང་ཡང་རླབས་ཆེན་གྱི་བྱ་བཞག་གང་ཡང་བསྒྲུབ་མི་ཐུབ་པ་རེད།  དེའི་ཕྱིར་ཀུན་དགའ་རྒྱལ་མཚན་ཁོང་གི་མཛད་པའི་ཡོ་ག་ནད་རིགས་ཀུན་འཇོམསཞེས་པའི་དཔེ་དེབ་འདི་མི་རིགས་ཀྱི་འཕྲོད་བསྟེན་དང་།   ཆ་རྐྱེན་སློབ་གསོ་ཇེ་བཟང་།   ན་ཚ་སྡུག་བསྔལ་ཇེ་ཉུང་།   ལུས་སེམས་ཀྱི་བདེ་ཐང་དང་མི་ཡི་སྤུས་ཚད་སོགས་གོང་མཐོར་གཏོང་བྱེད་ཐབས་ལམ་ཡག་ཤོས་ཤིག་རེད།   མདོར་ན་ལུས་པོ་བདེ་ཐང་ཡོད་ན་དེའི་སྟེང་གི་ཆོས་ལུགས་རིག་གནས་ཆབ་སྲིད་དཔལ་འབྱོར་ལ་སོགས་གང་བསྒྲུབས་ཀྱང་འགྲུབ་ལ།  མེད་ན་གང་ཡང་མི་འགྲུབ་པ་ཡིན་པས་ན་༼བདེ་ཐང་ནི་རྨང་གཞི་ཡིན༽།  དེའི་ཕྱིར་ན་དཔེ་དེབ་འདི་མིའི་ཚེ་སྲོག་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་བྱེད་དང་ཚེ་ཐག་རིང་དུ་བསྲིང་ཐབས་ཀྱི་མན་ངག་བཟང་པོ་ཞིག་མཐོང་གི་ཡོད་ཅེས་གསུངས་སོང་། 


 དེང་རབས་ནང་ཆོས་རོལ་དབྱངས་པ་གྲགས་ཅན་འཇམ་དབྱངས་ལགས་ཀྱིས་སངས་རྒྱས་སྨན་བླའི་གཟུངས་སྔགས་དབྱངས་སུ་གྱེར་བ།

ཚོགས་རའི་ཟུར་ཞིག



རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

    ཕྲན་ཀུན་དགའ་རྒྱལ་མཚན་ནི། ཕྱི་ལོ་༡༩༨༧་ས་མོ་ཡོས། ཟླ་བ་༡༠ཚེས༡༠ཉིན་བོད་ཁ་བ་ཅན་གྱི་ཤར་ཕྱོགས་རོང་ཆེན་བཞིའི་ནང་ཚན་ཉག་ཤོད་ཨ་འཛི་རོང་གི་སྨད་ཀྱི་ཆར།  ལྕགས་མདུད་ཨོ་རྒྱུན་གླིང་ལྷ་སྡེ་ཞང་ཡག་ཅེས་པའི་སའི་བྱེ་བྲག་ཁ་ལུང་སྨད་པའི་ཞིང་བུ་གྲོང་ཚོར་ཨེ་ཝཾ་ཚང་གི་ཕ་འགྱུར་མེད་ཚེ་རིང་དང་། མ་ནོར་བུ་སྒྲོལ་མ་གཉིས་ལ་ལས་ཀྱིས་སྐྱེས་པའི་མྱུ་གུར་བཟུང་། ལོ་ན་དྲུག་ལ་སླེབས་ཚེ་དགོན་པའི་སློབ་གྲྭའི་ཕྱོགས་སུ་གོམ་པ་དང་པོ་བསྒྱུར་ཏེ་རིམ་པར་འཛིན་གྲྭའི་མཐར་ཕྱིན། ཕྲན་གྱི་ཨ་མྱེ་སྨན་པ་འཚོ་བྱེད་ཀྱི་གཞན་ཕན་ལས་ལོ་གཅིག་ལྷག་གི་གསོ་བ་རིག་པ་དང་རྩིས་རིག་གི་གཞུང་ལ་སྦྱངས་ཏེ་སེམས་རྒྱུད་དུ་བག་ཆགས་བཞག ཕྱི་ལོ་༢༠༠༣-༢༠༡༠བར་བགྲང་བྱ་བརྒྱད་ཙམ་གྱི་རིང་གསང་ཆེན་བླ་མ་རུང་ཆོས་ཀྱི་གྲོང་ཁྱེར་གྱི་མཚན་ལྡན་བཤེས་གཉེན་དག་གི་མདུན་ནས་ཐུན་མོང་སུམ་རྟགས་དག་གསུམ་དང་ཐུན་མིན་དབུ་ཚད་འདུལ་མངོན་སོགས་རིག་པའི་གནས་དུ་མ་ཞུས་ཤིང་སྦྱོང་བརྩོན་གྱི་སྐལ་བཟང་ཐོབ། ཕྱི་ལོ་༢༠༡༡ལོ་ནས་དབུ་བཟུང་སྟེ་བོད་མདོ་ཁམས་སྨད་ཀྱི་ས་ཕྱོགས་མི་འདྲ་བ་གཉིས་ལ་ཕྱི་ནང་གི་མཐུན་རྐྱེན་ཚང་བའི་སློབ་གྲྭ་གཉིས་གསར་འཛུགས་བྱས། ཕྱི་ལོ་༢0༡༤-༢༠༡༨ལོའི་བར་འཕགས་ཡུལ་རྒྱ་གར་དུ་ཐེངས་གསུམ་ལ་ཕྱིན་ཏེ་ཡོ་གའི་སློབ་དཔོན་མི་ཉག་ཀརྨ་ཚེ་རིང་དང་། བློ་བཟང་སྟོབས་ལྡན་སོགས་ཀྱི་མདུན་ནས་ཡོ་གའི་སྦྱོང་བརྡར་མཐར་ཕྱིན་པར་བྱས།  ཕྱི་ལོ་༢༠༡༦-༢༠༡༩བར་བོད་གངས་ཅན་གྱི་སྟོད་སྨད་བར་གསུམ།རྒྱ་ནག་པོའི་ཡུལ་གྲུ་དུ་མར་ཆེད་དུ་སོང་ནས་ཡོ་གའི་སློབ་ཁྲིད་ཐེངས་༧༤་སྤེལ་ཏེ་སྐྱེ་བོ་དུ་མར་ཕན་བདེའི་བྱ་བ་མི་དམན་པ་བཞག དེང་སྐབས་སྔར་ལྟར་ཕྱོགས་སོ་སོར་ཡོ་ག་སོགས་ཀྱི་སློབ་ཁྲིད་བྱེད་ཞོར་སློབ་གྲྭ་གཉིས་དང་བཙུན་མའི་བཤད་གྲྭ་བཅས་ལ་མཐུན་རྐྱེན་ཆ་ཚང་སྦྱར་བཞིན་པ་ལགས།ཕྲན་གྱི་བརྩམས་ཆོས་ནིཉག་རིང་གི་བཅུ་གསུམ་ལོ་རྒྱུས་ཚངས་པའི་དྲང་ཐིག》《བླ་ཆུང་གནས་བཤད།》《ལས་དབང་།》《སྤོས་སྦྱོར་ལག་ལེན་ཤེལ་དཀར་མེ་ལོང་།》《ཡོ་ག་ནད་རིགས་ཀུན་འཇོམསབཅས་ཡོད། ཕྱི་ལོ་༢༠༡༩ཟླ་༡་ཚེས་༡༣ལ་རྩོམ་པ་པོས།

 ཡོ་གའི་ངོ་སྤྲོད་མདོར་བསྡུས། 

     རྒྱ་ཆེ་བའི་བསིལ་ལྡན་ཁ་བ་རི་པའི་སྤུན་ཟླ་རྣམ་པ་སྐུ་ཁམས་བཟང་། ངས་དེ་རིང་ཡུལ་ཕྱོགས་གང་སར་གནས་པའི་ཤེས་ལྡན་སྐྱེ་བོ་ཕོ་མོ་མཆོག་དམན་ཀུན་ལ་ཅུང་ཟད་ཕན་དུ་རེ་སྟེ། གུས་པས་གསར་བརྩམས་«ཡོ་ག་ནད་རིགས་ཀུན་འཇོམས་»དང་འབྲེལ་བའི་སྐད་ཆ་ཁ་ཤས་བཤད་འདོད་བྱུང་། རྒྱུད་ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན།། གསང་ཆེན་ངེས་པའི་བཀའ་འདི་ལ།། ཡིད་མི་ཆེས་པའི་སྐྱོན་དུ་འགྱུར།། གསུངས་པ་བཞིན་ཁུངས་ལྡན་གྱི་ལོ་རྒྱུས་བཤད་རྒྱུ་གལ་ཆེ། ཡོ་ག་ཞེས་པ་དེ་ཚིག་འབྲུ་གཉིས་ལས་མེད་ཀྱང་དོན་གྱི་ཆ་ནས་ཧ་ཅང་ཟབ་ཅིང་རྒྱ་ཆེ་བ་འཁོར་འདས་ལམ་གསུམ་ཀུན་གྱི་ཆོས་རྣམས་ཚིག་འབྲུ་འདི་གཉིས་ལ་སྦྱར་ནས་བཤད་རྒྱུ་ཡོད། འོན་ཀྱང་དེ་རིང་སྐབས་སུ་བབ་པའི་བཤད་བྱ་ནི། ཤེས་ལྡན་འགྲོ་བ་མི་ལ་ཉེ་བར་མཁོ་བའི་བླ་ན་མེད་པའི་བདུད་རྩིའི་སྨན་མཆོག་སྟེ། ལུས་དབུགས་སེམས་གསུམ་ལ་གནོད་པའི་ནད་རིགས་ངན་པ་རྒྱང་དུ་སྐྲད་བྱེད། ལུས་སེམས་ཀྱི་བདེ་ཐང་ཡུན་དུ་འཚོ་བྱེད་ཀྱི་ཐབས་ཚུལ་བླ་ན་མེད་པ་སྟོན་པའི་འཕྲོད་བསྟེན་གྱི་རིམ་པ་གལ་ཆེན་ཞིག་ལ་ངོས་འཛིན་བྱ་ཆོག

སྤྱིར་རྒྱ་གར་ནས་དར་བའི་རྣལ་འབྱོར་རམ་ཡོ་གའི་ལུགས་ལ་དབྱེར་ན་ལུས་ཀྱི་ནད་རིགས་ཞི་བ་དང་། སེམས་ལ་བདེ་སྐྱིད་སྤྲོད་བྱེད་ཀྱི་ལུས་སྦྱོང་དང་རླུང་སྦྱོང་གི་ཆ་ཐུན་མོང་དང་ཐུན་མིན་གྱི་ཁྱད་ཆོས་མཆོག་ཏུ་མངའ་བའི་སྦྱོང་ཚུལ་སྟོང་ཕྲག་མང་པོ་ཡོད་ཀྱང་། ཐམས་ཅད་མཇལ་བ་དང་སེམས་པ། བཀླག་པ་དང་ཉན་པའི་བསམ་བློ་དང་འདུན་པ་ཡོད་རུང་། དུས་དང་ཡུལ་སོགས་གཞན་དབང་གི་སྒོ་དུ་མའི་དཀའ་ངལ་གྱིས་བསམ་པའི་ལག་ལེན་ཐོག་ཏུ་ཇི་བཞིན་ཁེལ་མ་བྱུང་ཡང་། མཐོང་ཐོས་མྱོང་གསུམ་གང་བྱུང་བ་རྣམས་རྒྱ་མཚོ་ལས་ནོར་བུ་རྙེད་པ་བཞིན་གཅིག་ཀྱང་ཡལ་བར་མ་དོར་ཏེ་རང་ནུས་གང་ལྕོགས་ཀྱིས་མཁས་པའི་གསུང་དང་མཁས་པའི་མན་ངག་ལ་འོལ་ཚོད་ཙམ་མིན་པར། དང་པོ་ཐོས་། བར་དུ་བསམ།ཐ་མར་ཉམས་མྱོང་ཡིག་ཐོག་ཏུ་ཕབ་ཡོད་པས་སྐྱེ་འགྲོ་ཀུན་ལ་དགེ་བའི་རེ་སྨོན་ཡོད།

ངས་བསྒྲུབས་པའི་དེབ་ཆུང་ལ་ཁྱེད་ཚེ་སྲོག་ལ་རིན་ཐང་རྩི་མཁན་དག་གིས་སྤྱན་ཟུར་རེ་གཡོས་དང་། ཕོ་མོ་མ་ནིང་། རྒན་དར་གཞོན་གསུམ། དད་ཡོད་དད་མེད་སོགས་ཀྱི་ཁྱད་པར་མེད་པ་ཀུན་གྱིས་སྦྱོང་དུ་རུང་ཞིང་སྤྱད་དུ་ཆོག་ངེས་པར་འབད་བརྩོན་བྱས་ཡོད། ད་དུང་ཡོ་གའི་རྒྱབ་རྟེན་གྱི་མཛེས་རྒྱན་དུ་དེང་རབས་ཚན་རིག་སྨྲ་བའི་ལེགས་བཤད།འཕྲོད་བསྟེན་མཁས་པའི་དབང་པོའི་ཉམས་མྱོང་གི་མན་ངག་རྣམས་གང་ཐུབ་ལུང་དུ་བསྡེབས་ཡོད་པས་གནའ་དུས་ཟུང་འབྲེལ་གྱི་ལེགས་བཤད་གཅིག་ཏུ་བཏུས་པ་དམིགས་བསལ་གྱི་འཕྲོད་བསྟེན་གྱི་དེབ་ཆུང་ཞིག་ཡིན་པའི་ཁུལ་ཡིན།

སྤྱིར་སྐྱེ་འགྲོ་མཆོག་དམན་སུ་ཞིག་ཡིན་རུང་རྣམ་མཁྱེན་རྒྱལ་བའི་གོ་འཕང་མ་ཐོབ་པར་རླུང་གསེབ་ཀྱི་མར་མེ་བཞིན་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ངན་པས་རིན་བྲལ་གྱི་ལུས་རྟེན། གཅེས་པའི་ཚེ་སྲོག་ལ་འཇིགས་ཤིང་ཡ་ང་བའི་རྐྱེན་ངན་འཕྲད་པ་ནི་འཇིག་རྟེན་འདིའི་རང་གཤིས་ལོས་ཡིན། ཁྱད་པར་དུ་ཉེར་གཅིག་གི་དུས་རབས་འདི་ནི་ཕྱི་དངོས་པོ་ཡར་རྒྱས་ཀྱི་ཆོ་འཕྲུལ་ལ་བརྟེན་ནས།ནང་སེམས་ཀྱི་འཕྲོ་འདུ་རླུང་དམར་བཞིན་རྒོད་ཆེ་བའི་རྐྱེན་དབང་གིས་དྲག་ཞེན་བར་མ་རྣམས་ཀྱི་ལུས་སེམས་གཉིས་ཀར་མི་འདོད་རྐྱེན་ངན་མང་པོ་ཐོག་ཏུ་ཁེལ་ཡོད་ཀྱང་།གཞན་ལ་བརྟེན་པའི་བདེ་སྐྱིད་ལ་རེ་བ་མ་གཏོགས་རང་གི་ལུས་དབུགས་ཀྱི་འཕྲོད་བསྟེན་བརྟེན་ནས་བདེ་སྐྱིད་འཚོལ་མཁན་ནི་ཤིན་ཏུ་ཉུང་།


2 ཀུན་སློང་།

རེད་ཡ་གསོན་མཁན་རྣམ།འདི་ནས་གུས་རང་ཉིད་ཀྱིས་ལུས་དབུགས་ཀྱི་འཕྲོད་བསྟེན་ལ་བརྟེན་ནས་བདེ་སྐྱིད་བཙལ་ཚུལ་ཅུང་ཟད་བཤད་ན། ཕྱི་ལོ2009 ལོའི་དུས་ཤིག་ཏུ་ངའི་རྩ་ཆེན་གྱི་ཟག་ཕུང་འདི་གློ་གཅོང་གི་ན་ཚ་གོས་ཏེ་ཟླ་བ་ཁ་ཤས་རིང་ལུས་སེམས་གཉིས་ཀ་མནར་གཅོད་ཀྱི་བཙོན་དུ་ཚུད།དེས་རྐྱེན་བྱས་ཏེ་ཡོ་གའི་ལོ་རྒྱུས་ལ་རྒྱུས་ལོན་དང་སྦྱོང་བརྩོན་བྱེད་པའི་བསམ་པའི་འདུ་པ་དེ་ནས་སྐྱེས།ཐོག་མར་དགེ་རྒན་དངོས་མེད་པའི་དྲྭ་རྒྱ་དང་ཟེར་སྡེར་སོགས་ཀྱི་བརྒྱུད་ནས་ཡོ་ག་ལ་སློབ་སྦྱོང་གང་མང་བྱས་ཀྱང་ཡིད་ཚིམ་པར་མ་བྱུང་སྟེ།   ཕྱི་ལོ 2014–2018 ལོའི་བར་རྒྱ་གར་དུ་ཐེངས་གསུམ་དགེ་རྒན་ཆེད་གཉེར་གྱིས་སོང་སྟེ་ལོ་ངོ་སྟོང་ཕྲག་ཡར་སྔོན་ནས་དར་བའི་ཡོ་ག་མཁན་པོ་རྣམས་ཀྱི་ཕྱག་བཞེས་རྣམས་རྒྱ་གར་ལྷོ་ཕྱོགས་རྣམ་གྲོལ་གླིང་གི་སློབ་དཔོན་ཀརྨ་ཚེ་རིང་དང་། ཞིང་གཤེགས་དམ་པ་ཡོ་གའི་ལམ་སྟོན་པ་ཆེན་པོ་བློ་བཟང་སྟོབས་ལྡན་སོགས་ཀྱི་མདུན་ནས་སྦྱོང་བརྡར་གྱི་གོ་སྐབས་ཡང་ཡང་ཐོབ།དེ་ནས་རང་གིས་གང་ཤེས་པ་དང་ཉམས་མྱོང་ཇི་ལྟར་བསགས་པ་རྣམས། ཕྱི་ལོ 2016–2019 བར་བོད་གངས་ཅན་གྱི་སྟོད་སྨད་བར་གསུམ་དང་།རྒྱ་ནག་པོའི་ཡུལ་གྲུ་དུ་མར་ཆེད་དུ་སོང་ནས་ཡོ་གའི་སློབ་ཁྲིད་ཐེངས་བདུན་ཅུ་དོན་ལྔ་ (75) སྤེལ་ཏེ་རྫས་སྦྱོར་རིགས་ལས་གྲུབ་པའི་སྨན་རིགས་ལ་བསྟེན་མི་དགོས་པར།རང་གཞན་མང་པོ་ཞིག་ལ་དངོས་ཡོད་ལག་ཟིན་གྱིས་ལུས་སེམས་གཉིས་ཀར་ཕན་འབྲས་སྟེར་ནུས་པའི་སྨན་ཆེན་ཞིག་ཡིན་པ་ངོས་འཛིན་ཉམས་མྱོང་ཐོབ།དེང་སྐབས་འདིར་སྙན་གྲགས་ཅན་གྱི་ཡོ་གའི་སློབ་དཔོན་དག་གི་རྗེས་སུ་སྦྱོང་བརྩོན་བྱེད་མཁན་ནི་ཆར་རྗེས་ཀྱི་ཤ་མོང་ལྟར་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། འོན་ཀྱང་བོད་ཡིག་ཐོག་ཏུ་བྲིས་པ་ཧ་ཅང་ཉུང་དྲགས་པའི་རྐྱེན་གྱིས་ཡོ་ག་སྦྱོང་འདོད་མཆིས་པའི་གང་ཟག་རྣམས་ལ་ཇི་བཞིན་ངོ་སྤྲོད་མ་ཐུབ་པ་དང་ཕ་རོལ་པོའི་འདོད་མོས་སྐོང་མ་ཐུབ་པའི་ཚོར་སྣང་བྱུང་། དེར་བརྟེན་གུས་པ་རང་ཉིད་དང་མཉམ་པའི་བློ་གྲོས་གསར་བུ་བ་དང་། ལྷག་པར་དུ་ལས་དང་པོ་པ་རྣམས་ལ་དམིགས་ཏེ་ཆེད་དུ་«ཡོ་ག་ནད་རིགས་ཀུན་འཇོམས་» ཞེས་པའི་དེབ་ཆུང་འདི་གནའ་དེང་གི་རྒྱ་བོད་མཁས་པའི་གསུང་རབ་དང་། དགེ་རྒན་གྱི་མན་ངག རང་གི་ཉམས་མྱོང་རྣམས་ལ་གཞིར་བཅས་ཤིང་འགྲོ་བ་མིའི་ལུས་སེམས་ཀྱི་བདེ་ཐང་ལ་ཅུང་ཟད་ཕན་དུ་རེ་སྟེ། བོད་རབ་རྒྱན་མེ་ཕོ་སྤྲེལ་ཏེ། ཕྱི་ལོ་ 2016 ཕྱི་ཟླ་ 2 ཚེས་ 13 ཉིན་ནས་འབྲི་བར་འགོ་བརྩམས་ཤིང་།ས་ཕོ་ཁྱི། ཕྱི་ལོ་ 2018 ཕྱི་ཟླ་ 7 ཚེས་22 ཉིན་མ་ཧཱ་ཙི་ནའི་ཡུལ་སྤོས་ལྡན་གྲོང་ཁྱེར་དུ་མཇུག་ཡོངས་སུ་གྲུབ་ཡོད། དེབ་ཆུང་འདིའི་ནང་དུ་གཙོ་བོ་ལུས་དང་དབུགས་ཀྱི་སྦྱོང་བརྡར་ལ་བརྟེན་ནས་ལུས་སེམས་བདེ་ཐང་ལ་སྨན་པའི་སྤྱིར་ས་བཅད་ཆེན་པོ་བརྒྱད། ནང་གསེས་ས་བཅད་ཉི་ཤུ་རྩ་ལྔ་དང་ཚོན་ལྡན་དཔེ་རིས་བཅས་ཀྱི་ཐོག་ནས།  ཡོ་གའི་དགོས་པ་དང་ཕན་ཡོན། བསླབ་ཚུལ་དང་སྤྱོད་ལམ།གནས་དང་གདན། ཁ་ཟས་དང་དུས་ཚོད་སོགས་མདོར་ན་ལུས་སེམས་གཉིས་ལ་མཁོ་གལ་ཆེ་བའི་ཡོ་གའི་རིམ་པ་ཞིབ་ཕྲ་གསལ་བའི་དེབ་ཆུང་ཞིག་ཡིན་པས་འཛམ་གླིང་སྐྱེ་འགྲོ་མི་ཉུང་བ་ལ་ཅུང་ཟད་ཕན་པའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད། རྣམ་པ་ལྷན་རྒྱས་ཀྱིས་གཟིགས་ནས་ཉམས་ལེན་གནོངས་དང་ལུས་དབུགས་སེམས་གསུམ་གྱི་འགལ་རྐྱེན་ནད་རིགས་སེལ་ཞིང་མཐུན་རྐྱེན་ནད་མེད་ཚེ་རིང་གི་གྲུབ་འབྲས་ཇི་ལྟར་ཡོད་མེད་གཞན་ལ་འདྲི་མི་དགོས་པར་རང་ཉིད་ཀྱིས་དངོས་སུ་རྟོགས་ཐུབ་པས་ཀུན་གྱིས་ཡིད་ཆེས་བྱ་རིགས་སོ།།

3མཐའ་དོན།

སྲོག་ལྡན་སྐྱེ་འགྲོ་ཀུན་གྱི་གཅེས་པའི་ཚེ་སྲོག་ལ་འཚེ་བའི་ནད་རིགས་རྣམས་ལྷག་མེད་དུ་ཞི་བའི་རྒྱུར་འགྱུར་བ་སྨོན།ཕྱི་ལོ་2019 ཟླ་ 5 ཚེས་1 ཉིན་ཉག་རོང་བ་ཀུན་དགའ་རྒྱལ་མཚན་གྱིས་ལྷག་བསམ་དག་པས་བྲིས་པས་དགེ་ལེགས་འཕེལ།


སྐུ་མགྲོན་ཡོངས་ཀྱི་མཉམ་པར།


ཚོགས་རའི་ཟུར་དངོས་ཤིག


ཚོགས་རའི་ཟུར་དངོས་ཤིག




རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/5/15 བལྟ་ཀློག (5934)