སྲིང་ཆུང་མའི་སྐྱེས་སྐར་གྱི་ལེགས་སྐྱེས།

ཡིག་ཉོག་འགའ་མཚམས་སྦྱོར་ཞིག་དང་སྦྲེལ་ཏེ་སྲིང་ཆུང་མའི་སྐྱེ་སྐར་ལ་སྤྲིངས།


རྫ་བསོ།

     སྲིང་ཆུང་ལགས།   ཁྱེད་རང་མི་ཡུལ་དུ་ཕེབས་ཉིན་ཕ་མ་གཉིས་ལ་ཚད་མེད་པའི་དགའ་སྤྲོ་དུ་མ་སྐྱེས། ཡིན་ཡང་ཁོང་གཉིས་ཀྱིས་ཁྱེད་རང་གཅེས་པའི་ལུས་དང་ཁོག་པའི་སྙིང་ལྟ་བུར་བྱམས་པས་བསྐྱངས་ཤིང་དུང་བས་གཉོར་ཡོད་ལ། མི་ཡུལ་ནས་ཆེས་གཞལ་དུ་མེད་པའི་བྱ་དངོས་ཤིག་དོན་གྱིས་ལག་ཏུ་ཐོན་པར་ལྟར་སྙིང་ཁུང་རུས་པའི་སྟེང་ནས་བརྩེ་བས་འཁྱུད་པར་སྨོས་མ་དགོས།

    ད་དུང་གོས་ལྭ་དང་ཚར་ལྭ་སོགས་གང་འཇམ་འཇམ་དང་གང་ཡག་ཡག་དག་སེར་སྣ་སྤུ་རྩེ་ཙམ་མེད་པར་ཁྱོད་ལ་བསྐོན་ཞིང་ཁྱེད་རང་གིས་ཨག་སྐད་ཆུང་ཆུང་རེར་བྱས་ཚེ་ཁོང་གཉིས་ཀས་ཁྱེད་ལ་ནད་གཞི་ཡོད་མེད་དང་ཆམ་པ་འགོས་ཡོད་མེད་སོགས་སེམས་བསམ་པའི་སྟེང་ནས་འཚོལ་ཞིབ་བྱས་ཏེ་ཁྱོད་ལ་གཅེས་གཅེས་ལོ་ལོ་མ་ངུ་སོགས་ཀྱི་ཁ་འཇམ་ལག་འཇམ་གྱིས་བརྩེ་བའི་མིག་ཟུང་ལ་བྱམས་བརྩེ་ཡིས་ཁེངས་ཞོར་ཁྱེད་རང་བསྐྱངས་པ་ཚོར་མྱོང་ངམ།  

     ད་དུང་ཁོང་གཉིས་ཁྱིམ་གྱི་ཕྱི་རོལ་ཏུ་ཕྱུགས་ཟོག་འཚོ་སྐྱོང་སོགས་ཀྱི་དོན་དུ་འགྲོ་སྐབས།  ལུས་ཕྱུགས་ཟོག་གི་ལྷས་ར་ན་ཡོད་ཀྱང་སེམས་ཁྱེད་ཀྱི་རྩུབ་ན་ཡོད་ངེས་པ་དེ་ཁྱོད་ཀྱིས་ཤེས་སམ།

     འདི་དག་ནི་ཁྱེད་རང་ནར་སོན་པའི་ཆེས་ཐོག་མའི་འཚོ་བ་རོལ་སྟངས་དང་ཕ་མ་གཉིས་ཀྱིས་དགའ་བརྩེ་དུང་གསུམ་དང་བྱམས་པའི་བསྐྱངས་ཚུལ་གྱི་ཕྱོགས་ཙམ་ཡིན་མོད།

     ད་ནི་ཁྱེད་རང་ལང་ཚོའི་གཉོམ་ལག་རྒྱས་པར་མ་ཟད་གངས་འདབས་ནས་འཚོ་ཞིང་ཙག་རླུང་གིས་ཟད་ལ་ཉེའམ། སྨུག་ལ་ལོང་གི་ངང་ནས་དབྱར་ཆར་ཆུ་ཡི་སྐེ་ཆུ་བླུག་གིན་ཡོད་དམ། འབྲུ་ཐེའུ་མས་བཞོ་དབྱངས་འཐེན་ཞོར་ཕ་མ་གཉིས་ལ་སྐུ་དྲིན་འཇལ་གིན་ཡོད་དམ།  ཡང་ན་ཤེས་རིག་གི་སྐྱེད་ཚལ་ནས་དོན་དམ་གྱི་རེ་བ་ལེན་གྱིན་ཡོད།  ངས་གོ་ཐོས་ལྟར་ན་ཁ་རྩང་དེ་རིང་ཁྱེད་རང་སློབ་གྲྭ་ནས་ཚུར་ཁྱིམ་དུ་ཐོན་ནས་ཕ་མ་གཉིས་ལ་རོགས་རེ་བྱེད་ཞོར་དུ་སློབ་སྦྱོང་ཙ་ཙག་རེ་བྱེད་བཞིན་འདུག་འདུག་ཟེར་བ་ཐོས། དེ་ཡང་སློབ་མཚམས་སུ་དེ་ལྟར་བྱས་པ་འོས་འཚམས་ཤིག་ཀྱང་རེད་སྙམ་བཞིན་ཡོད།

     འོ་་་་་་ངས་ནི་ད་དུང་ཁྱེད་རང་གསར་དུ་བཞད་པའི་མེ་ཏོག་ཆུང་ཆུང་ཞིག་དང་གཞི་ནས་མཚུངས་པར་སེམས་བཞིན་ཡོད། འོན་ཏེ་དོན་གྱིས་དེ་ཡིན་མིན་ཅི་ཆ་སྟེ།    མི་ཚེ་ནི་ལ་ལ་ཐུང་ལ་ལ་ལ་རིང་ཡང་སྲིད།  དེ་ནི་མི་རྟག་པའི་གར་འཁྲབ་སྟངས་ཤིག་གམ།  ཡང་ན་འདུས་བྱས་ཀྱི་ངང་ཚུལ་ཞིག་ཀྱང་ལོས་ཡིན།

     ཡིན་ནའང་མི་ཚེ་རིང་རུང་ཐུང་རུང་གང་ལྟར།  རོལ་ཤེས་ན་འདི་བདེ་ཕྱི་སྐྱིད་ཀྱི་འཚོ་བ་འཚམས་པོ་རེ་ཅིའི་ཕྱིར་མི་ཡོང་།

འོན་ཏེ་ད་ནི་ཁྱེད་རང་གིས་སྔར་གྱི་བྱིས་དུས་ཀྱི་སྣང་ཁམས་དག་བསྐྱུར་ཏེ་ཕ་མ་གཉིས་ཀྱི་རེ་བ་ལྟར་གྱི་མི་ཞིག་བྱ་འོས་སྙམ།  ད་སྐབས་ཁྱེད་རང་སློབ་སྦྱོང་བ་ཞིག་ཡིན་པས་ནམ་ཡང་ཕ་མ་གཉིས་ཀའི་སེམས་ཁུར་དང་རེ་བ་དག་བརྗེད་མི་རུང་། དེ་ནི་དོན་དམ་པའི་ཁྱེད་རང་གི་འོས་འགན་ཞིག་དང་དྲིན་ལན་འཇལ་བྱེད་ཀྱི་འཚམས་འདྲིའང་དེའི་ནང་དུ་ཡོད་ངེས།

     ནམ་རྒྱུན་སློབ་གྲྭ་ནས་ཚུར་ཁྱིམ་དུ་སླེབས་སྐབས་ཕྱི་ནང་གི་ལས་དཀའ་ཚང་མ་ད་ནི་ཁྱེད་རང་གིས་སྒྲུབ་དགོས། མ་མཐའ་ཁ་ལོག་དང་མིག་ལོག་ཚིག་རྩུབ་སོགས་ངེས་པར་དུ་སྤང་དགོས་པ་མ་བརྗེད།

   མདོར་ན།  ངས་གོང་དུ་བཤད་པ་ལས་གཞན་མང་པོ་ཅི་ཡང་བཤད་རྒྱུ་མེད།  དེ་རིང་གི་ཉིན་མོ་འདི་ཁྱེད་ལ་མཚོན་ན་དམིགས་བསལ་གྱི་ཉིན་མོ་ཞིག་ཡིན་པས། ད་ནི་ངས་ཀྱང་སེམས་ཁྲལ་ལྷག་མི་དགོས་པར་ཁྱེད་ལ་འཚམས་འདྲི་དང་ལུས་བདེ་སེམས་སྐྱིད་སློབ་སྦྱོང་སོགས་འབུལ་དུ་ཐོན་པའི་གྲུབ་འབྲས་ཡོང་ཆེད་སྨོན་འདུན་དང་སྐྱབས་འཇུག་ཞུ་ཡོང་ངེས།  མཇུག་མཐར་བཀྲ་ཤིས་བདེ་ལེགས་ཞུ།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/6/1 བལྟ་ཀློག (18866)