རྩ་ཁྲིམས་དང་ནང་བསྟན་གྱི་དགོངས་དོན་མཐུན་འཇུག

རྩ་ཁྲིམས་དང་ནང་བསྟན་གྱི་དགོངས་དོན་མཐུན་འཇུག


མེ་སོན།

འདྲ་མཉམ་གྱི་དགོངས་དོན་མཐུན་འཇུག

       རྩ་ཁྲིམས་ཀྱི་དོན་ཚན་སོ་གསུམ་པར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཚང་མ་བཅའ་ཁྲིམས་ཀྱི་མདུན་དུ་འདྲ་མཉམ་ཡིན།

              ཇི་འདྲ་བ་ཡི་ལས་བྱས་པ།།

              འབྲས་བུ་དེ་འདྲ་འབྱུང་བར་འགྱུར།།

                                  _མདོ་ཏིང་ངེ་འཛིན།

       རྒྱལ་ཁྲིམས་དང་འགལ་མིན་གྱིས་ཁྲིམས་ཆད་ཕོག་མིན་འཇོག་པ་དང་། ལས་བཟང་ངན་ཅི་རིགས་བྱས་མིན་གྱི་རྒྱུའི་རྗེས་སུ་འབྲས་བུ་བཟང་ངན་ཅི་རིགས་འགྲོ་ལྡོག་བྱེད་པ་ལ་རྣམ་སྨིན་དཀར་ནག་མྱོང་ངེས་མིན་ཟེར་བ་རེད། ང་ཚོས་ཞི་བ་ལྷོད་པོས་ཚུགས་ཐུབ་ཀྱི་བསམ་བློ་ཞིག་བཏང་ན། ཁྲིམས་ལུགས་ཀྱི་མདུན་དུ་ཐམས་ཅད་འདྲ་མཉམ་ཡིན་ཞེས་པ་དང་། ལས་རྒྱུ་འབྲས་མདུན་དུ་ཐམས་ཅད་འདྲ་མཉམ་ཡིན་ཞེས་པ་ཧ་ལམ་གཅིག་ལ་ཆགས་ཀྱིན་ཡོད། རང་གཞན་ལ་གནོད་པའི་ལས་ངན་པ་སྟོབས་ལྡན་བྱས་ན་དེ་མཚུངས་ཀྱི་ཆད་པ་དང་རྣམ་སྨིན་སྟོབས་ལྡན་མྱོང་དགོས་ལ། དུས་ཡུན་རིང་ཐུང་ག་འདྲ་ལ་མྱོང་དགོས་མིན་དེ་ལས་ངན་པ་སྟོབས་ལྡན་ག་འདྲ་བྱས་མ་བྱས་ཀྱིས་འཇོག་པ་ནིི་རྒྱལ་ཁྲིམས་དང་ཆོས་ཁྲིམས་གང་ཡིན་ཡང་གཅིག་མཚུངས་སུ་ཆགས་ཡོད། སུ་ཡིན་ཡང་ཁྲིམས་ཀྱི་མདུན་ན་དམིགས་བསལ་གྱི་དབང་ཆ་གང་ཡང་མེད་པ་དང་། གཡོ་གཟུར་ཅི་ཡང་བྱེད་མི་ཐུབ་པ་བཞིན། ལས་རྒྱུ་འབྲས་མདུན་ན་སུ་ལའང་དམིགས་བསལ་གྱི་དབང་ཆ་གང་ཡང་མེད་ལ།  རྫུན་གཏམ་དང་བླ་བརྡོལ་གྱི་གཏམ་སྨྲ་ནས་རྒྱུ་འབྲས་ཀྱི་རྣམ་བཞག་མེད་པར་བྱེད་ཐུབ་པ་ཞིག་མིན། འབྲས་བུ་རྒྱུའི་རྗེས་སུ་འགྲོ་ལྡོག་བྱེད་པ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ཞེས་པས་ནང་བསྟན་ཆོས་ལུགས་ཀྱི་དགོངས་དོན་ངོ་མ་དེ་ག་འདྲ་ཞིག་ཡིན་པ་གསལ་བཤད་བྱས་ཡོད། སླ་མོས་བཤད་ན། ལས་རྒྱུ་འབྲས་ཟེར་བ་ནི་ལས་བཟང་ངན་ཅི་ཞིག་བྱས་ན་འབྲས་བུ་བཟང་ངན་དེ་འདྲ་ཡོང་བའི་དོན་ཡིན། རྒྱལ་རིགས་ཀྱི་སྲས་སུ་འཁྲུངས་པའི་སྟོན་པ་བཅོམ་ལྡན་འདས་ཀྱིས། སེམས་ཅན་ཡིན་ན་འཚང་རྒྱ་རུང་ཡིན་པས་ཁྱབ་གསུངས་པའི་འདྲ་མཉམ་གྱི་དགོངས་པ་ནི་བྲན་གཡོག་སྤྱི་ཚོགས་ཐལ་ཆེ་བའི་སྐབས་དེའི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་དང་། ལྷག་པར་རིགས་རུས་མཐོ་དམན་གྱི་ལྟ་ཚུལ་ཤུགས་ཆེ་བའི་རྒྱ་གར་བ་རྣམས་ལ་ལྟོས་ནས་བཤད་ན། ཇི་འདྲའི་ཧ་ལས་ཤིང་བློར་མི་ཤོང་བའིི་གནས་ལུགས་ཤིག་མ་ཡིན་ནམ། དགེ་སྦྱོང་གོའུ་ཏ་མ་ཁོང་གིས་ང་ཚོ་ཚང་མ་རྒྱུ་འབྲས་མདུན་ནས་འདྲ་མཉམ་ཡིན་པ། ཁྲིམས་ལུགས་མདུན་ནས་འདྲ་མཉམ་ཡིན་པ།  ཉམས་ལེན་ཁྲོད་ནས་འདྲ་མཉམ་ཡིན་པ། ནུས་པ་ཡོད་པ་འདྲ་མཉམ་ཡིན་པ། འགྲོ་བ་མིའི་རིགས་མ་ཟད་དབུགས་ཐོག་པའི་སེམས་ཅན་གང་ཡིན་ཚང་མ་བདེ་བ་འདོད་རྒྱུ་དང་སྡུག་བསྔལ་མི་འདོད་རྒྱུའི་ཐད་འདྲ་མཉམ་ཡིན་པས་གཞན་ལ་བརྩི་མཐོང་དང་གུས་ཞབས། བསམ་ཤེས་བྱེད་དགོས་ཀྱིན་ཡོད་པ་ལས། རིགས་རུས་མཐོ་དམན་གྱི་དབྱེ་འབྱེད་བྱས་ནས་དམན་དུ་བལྟ་མི་འོས་པའི་གནས་ལུགས་ཀྱི་ཞལ་རྗེན་དེ། རང་གི་བརྩེ་བའི་ཡབ་ཆེན་དང་ཕུ་ནུ་སྤུན་མཆེད་ཀྱི་རིགས་རྒྱུད་དང་གཏན་ནས་མི་མཐུན་པ་ཞིག་ཡིན་ཡང་། སྔར་བཞིན་དྲི་མ་མེད་པ་དང་གཡོ་བ་མེད་པར་གསུངས་པ་ནི་ཇི་འདྲའི་ངོ་མཚར་བ་དང་། རྒྱ་ཆེ་གཏིང་ཟབ་ཀྱི་རིམ་པ་ཞིག་རེད་ཨང་། སེམས་ཅན་གང་དག་མ་འོངས་པ་ན་འཚང་རྒྱ་བ་ལ་ཐོག་མར་ནང་བསྟན་ཆོས་ལུགས་ཀྱི་གཞི་མ་ཚུལ་ཁྲིམས་སོ་སོའི་མི་ཚེའི་ནང་ཉམས་ལེན་དངོས་ཀྱི་རིམ་པར་ཁྱེར་ནས་དལ་འབྱོར་གྱི་ཨང་ཁ་མ་འཁྲིགས་པ་བྱེད་དགོས་པའི་བསླབ་བྱ་གནང་ཡོད། ཐམས་ཅད་ཀྱི་རྩ་བ་ཚུལ་ཁྲིམས་ལ་གནས་དགོས་པ་ཡིན། ཚུལ་ཁྲིམས་ཀྱི་བསླབ་པར་གནས་དགོས་ཟེར་བ་ནི་གོ་བདེར་བཤད་ན། རང་ཉིད་འཚང་རྒྱ་འདོད་ཀྱི་སེམས་ཅན་གང་དག་གིས་རྩ་དོན་ལྟ་བུའི་བསྲུང་བྱའི་ཁྲིམས་ལུགས་དག་བསྲུང་དགོས་ཞེས་པའི་དོན་རེད། ད་ལ་ཐུག་གི་བར་ནང་བསྟན་རིག་གཞུང་མ་ཉམས་རྒྱུན་ཆགས་སུ་གནས་ཐུབ་པ་ནི་ཁྲིམས་དམ་པ་དང་། ཁྲིམས་ཀྱི་གཞི་ཡང་དག་པ་ལ་བསྟེན་ནས་བྱུང་བར་འདོད་པའི་ལུང་རིགས་ཤིན་ཏུ་མང་ན་ཡང་འདིར་བགྲང་བར་མི་བྱའོ།།རྗེ་མི་ལས། ཆོས་པས་རང་ཚུགས་མི་ཟིན་པ།།བསྟན་པ་འཇིག་པའི་ཆ་རྐྱེན་ལགས།།གསུངས་པའི་ཚིག་ཟུར་ནས་ཀྱང་ཧ་ལམ་གོ་ཡོང་བ་ལྟ་བུ་ཞིག་རེད། རྒྱལ་ཁབ་ཀྱི་རྩ་ཁྲིམས་ངོས་ནས་བཤད་ན། རིགས་རུས་མཆོག་དམན་དང་། ཁེ་དབང་ཆེ་ཆུང་། འབྱོར་བ་དྲག་ཞན། ངོ་སོ་མཐོ་དམན་སོགས་ལ་མ་ལྟོས་པར། དམའ་སྤྲང་བོ་ནས་མཐོ་རྒྱལ་བོ་ཚུན་ཆད་ཀྱི་ལུས་ངག་གི་བྱ་སྤྱོད་འགྲིག་མིན་དང་། རུང་མིན་གྱི་གཞི་འཛིན་ས་རྩ་ཁྲིམས་ཁོ་ན་ཡིན། ཆུང་བ་མི་སྒེར་ནས་ཆེ་བ་རྒྱལ་ཁབ་ཀྱི་བར་དུ་ཁྲིམས་ཀྱི་ལམ་ལུགས་ཤིག་དང་། ཁྲིམས་ཀྱི་རིམ་པ་ཞིག་མ་བརྒྱུད་པ་ཡིན་ན་ཡར་རྒྱས་རྩ་བ་ནས་མི་འགྲོ་བ་གཞི་རྩའི་གནས་ལུགས་ཤིག་རེད། ཕལ་མོ་ཆེ་བ་ཞིག་མཁས་པར་མ་གྱུར་བ་དང་སྐྱེས་བུ་དམ་པར་མ་གྱུར་བ་ཡང་སོ་སོས་རང་ལ་ཁྲིམས་བཅས་ནས་ཧུར་བརྩོན་མ་བྱས་པར། རྟག་པར་ཟ་དང་གཉིད་ལོག་ལ་རྩོལ་བ་དང་འཇུག་པས་ལན་པ་མ་རེད་དམ། རྩ་ཁྲིམས་ཀྱི་མདུན་ན་ཐམས་ཅད་འདྲ་མཉམ་ཡིན་པ། ཁེ་དབང་ཡོད་པ་འདྲ་མཉམ་ཡིན་པ། འོས་འགན་ཡོད་པ་འདྲ་མཉམ་ཡིན་པ། བགོ་བཤའ་ཐོབ་དགོས་པ་འདྲ་མཉམ་ཡིན་པ། སྤྱི་དམངས་ཡིན་པ་འདྲ་མཉམ་ཡིན་པས་ལེགས་པ་དང་ཉེས་པ། ཡིན་དང་མ་ཡིན། རུང་དང་མི་རུང་གི་འཇུག་ལྡོག་གི་ཚད་ནི་རྩ་ཁྲིམས་གཞིར་བཟུང་ནས་བཤད་དགོས་པ་ཞིག་ཡིན། རྩ་ཁྲིམས་ཀྱིས་སྤྱི་དམངས་ཀྱི་འདོད་བློ་སྐོང་ཐུབ་པ་དང་ཁེ་དབང་སྲུང་ཐུབ་པ་ཡིན་པས། སྤྱི་དམངས་ཀྱིས་རྩ་ཁྲིམས་འོག་ན་ནམ་ཡང་འདྲ་མཉམ་གྱི་ཁེ་དབང་ལོངས་སུ་སྤྱོད་བཞིན་ཡོད། ཕུལ་དུ་བྱུང་བའི་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་ཟབ་མོ་དེ་དག་སོ་སོའི་མི་ཚེའི་ནང་ཉམས་ལེན་གྱི་རིམ་པ་བྱས་ནས་ག་ལེར་མངོན་འགྱུར་ཡོང་དགོས་ལ། རྩ་ཁྲིམས་ཀྱི་དགོངས་དོན་དང་ནུས་པ་ཡང་ཁྲིམས་བཞིན་ལག་ལེན་གྱི་རིམ་པ་བྱས་ནས་མངོན་འགྱུར་ཡོང་དགོས་པས་ལག་ལེན་གྱི་རིམ་པ་ནང་བསྟན་དང་རྩ་ཁྲིམས་གང་ཡིན་ཡང་གལ་ཆེ་བར་གཅིག་མཚུངས་ཆགས་ཡོད།

ལག་ལེན་གྱི་དགོངས་དོན་མཐུན་འཇུ 

       རྩ་ཁྲིམས་ཀྱི་དོན་ཚན་ཉེར་བརྒྱད་པ། རྒྱལ་ཁབ་ཀྱི་སྒྲིག་གཞི་དང་། སྤྱི་ཚོགས་ཀྱི་བདེ་འཇགས། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ལ་གཏོར་བརླག་བྱེད་པ། ཉེས་གསོག་མཁན་དག་ལ་ཁྲིམས་གཅོད་དགོས།།ཉེས་ཅན་ལ་ཉེས་ཆད་གཅོད་པ་དང་བསྒྱུར་བཀོད་བྱ་དགོས།

        ཁྲིམས་སྐྱོང་སྤྱི་ཚོགས་དང་ཁྲིམས་སྐྱོང་མིན་པའི་སྤྱི་ཚོགས་གཉིས་ཀྱི་ཁྱད་པར་གཙོ་བོ་ནི། ཁྲིམས་སྐྱོང་མིན་པའི་སྤྱི་ཚོགས་ནང་། དམངས་ཀྱིས་ངེས་པར་ཁྲིམས་ལུགས་བརྩི་སྲུང་བྱེད་དགོས་ན་ཡང་སྲིད་གཞུང་གིས་ཁྲིམས་ལུགས་མ་བརྩིས་ཀྱང་ཆོགཁྲིམས་སྐྱོང་སྤྱི་ཚོགས་ནང་། དམངས་ཀྱིས་ཁྲིམས་ལུགས་བརྩི་སྲུང་བྱེད་དགོས་པ་མ་ཟད་སྲིད་གཞུང་གིས་ཀྱང་ཁྲིམས་ལུགས་བརྩི་སྲུང་བྱེད་དགོས་པ་ཡིན། གནའ་ནས་ད་བར་དུ་སྲིད་གཞུང་ངོས་ནས་ཁྲིམས་ལུགས་བརྩི་རྒྱུ་དེ་དམངས་ཀྱིས་ཁྲིམས་ལུགས་བརྩི་རྒྱུ་ལས་ཀྱང་དཀའ་ཁག་ཆེ་བ་ཞིག་རེད། གང་ལགས་ཞེ་ན་དབང་ཆ་དང་ལོངས་སྤྱོད་ཀྱིས་མི་རྣམས་སྒྱུར་བར་བྱེད་ལ་སྲིད་གཞུང་གི་ལག་ཏུ་དབང་ཆ་བཟུང་ཡོད་པས་ཡིན། དེ་ལྟ་ནའང་། རྩ་ཁྲིམས་ནི་དབང་སྒྱུར་བའི་འདོད་བློ་ལས་ཀྱང་བླ་ན་མཐོ་བ་ཞིག་རེད། ཁྲིམས་སྐྱོང་གི་ལམ་ལུགས་དཔལ་ཡོན་བཙུགས་ཤིང་། སྤྱི་དམངས་མ་ཟད་དབང་འཛིན་པ་དང་སྲིད་གཞུང་ཚང་མར་ཁྲིམས་ལུགས་བརྩི་སྲུང་བྱེད་དུ་བཅུག་ན་ད་གཟོད་ཁྲིམས་སྐྱོང་གི་འདུན་མ་མངོན་འགྱུར་ཡོང་ཐུབ་ལ། སྤྱི་ཚོགས་ཞི་འཇགས་ཡོང་ཐུབ་པ་ཡིན།  ཁྲིམས་སྐྱོང་གི་རིན་ཐང་ནི། ཁྲིམས་སྐྱོང་གིས་མི་དམངས་ཀྱི་གཞི་རྩའི་ཐོབ་ཐང་དང་། ལྷག་པར་སྤྱི་དམངས་སྒེར་གྱི་རྒྱུ་ནོར་ཐོབ་ཐང་དང་རང་དབང་ཐོབ་ཐང་། ཚེ་སྲོག་ཐོབ་ཐང་ལ་བརྩི་མཐོང་དང་འགན་སྲུང་བྱེད་རྒྱུ་དེ་ཡིན། ཁྲིམས་སྐྱོང་བྱེད་པ་ལ། ཐོག་མར་དམངས་གཙོའི་དགོངས་པ་དང་མཐུན་པའི་རྩ་ཁྲིམས་ཤིག་ཡོད་དགོས། དམངས་གཙོའི་ཆབ་སྲིད་ནང་སྲིད་གཞུང་གི་དབང་ཆ་དེ་ངེས་པར་སྤྱི་དམངས་མོས་མཐུན་བྱུང་བའི་རྨང་གཞིའི་སྟེང་གྲུབ་དགོས་ཤིང་། སྤྱི་ཕན་གྱི་ལས་དོན་ཡོད་ཚད་དྲང་སྙོམས་ཀྱི་ཁྲིམས་ལུགས་ལ་གཞི་བཅོལ་ནས་སྒྲུབ་དགོས་པ་ཡིན། རྩ་ཁྲིམས་ནི་དངོས་ནས་མི་དམངས་ཀྱི་གཞི་རྩའི་ཐོབ་ཐང་འདི་དག་མངོན་འགྱུར་ཡོང་ཆེད་བཟོས་ཤིང་གཏན་ལ་ཕབ་པ་ཞིག་རེད་ལ། སྲིད་གཞུང་གི་དབང་ཆར་ཚོད་འཛིན་ཐེབས་པའི་ལམ་ལུགས་ཤིག་ཀྱང་རེད། གཙོ་འཛིན་ཞི་ཅེན་ཕེན་གྱིས།རྩ་ཁྲིམས་ཀྱི་སྙིང་བོ་ནི་ལག་ལེན་ཡིན་གསུངས་པ་ནི་རྨད་དུ་བྱུང་བའི་ལེགས་བཤད་ཅིག་དང་། ནང་བསྟན་གྱི་དགོངས་དོན་དང་མཐུན་པའི་གདམས་ངག་ཅིག་རེད། སྤྱི་དམངས་ཤིག་ཡིན་ན་རྩ་ཁྲིམས་ཀྱི་ངོ་བོ་དང་། རྣམ་གྲངས་ཞུ་ཤེས་པ་ཙམ་གྱིས་མི་ཆོག་པར་འཚོ་བའི་ནང་ཁྲིམས་སྲུང་གི་ལག་ལེན་དངོས་སུ་འཁྱེར་རྒྱུ་ནི་རྩ་ཁྲིམས་ལ་བརྩི་མཐོང་དང་རྒྱལ་གཅེས་བྱེད་ལུགས་རྨ་མེད་པ་ཡིན། སྲིད་གཞུང་ངོས་ནས་རྩ་ཁྲིམས་བཙུགས་ཚུལ་དང་། བྱུང་རིམ། དགོས་ཚུལ་གྱི་ཁ་བརྗོད་བྱས་པ་ཙམ་མི་ཆོག་པར་ཁྲིམས་བཞིན་རུང་བ་ལ་རུང་བའི་འགྲོ་ལུགས་དང་། མི་རུང་བ་མི་རུང་བའི་ཆད་པའི་སྟངས་གཅོད་བྱས་ན་རྩ་ཁྲིམས་ལ་བརྩི་མཐོང་དང་། སྤྱི་དམངས་ལ་འགན་ཁུར། རྒྱབ་ཁབ་ལ་བློ་དཀར་སྟངས་ངོ་མ་དེ་ཡིན། ཆུང་བ་མི་སྒེར་ནས་ཆེ་བ་རྒྱལ་ཁབ་བར་དུ་ཡར་རྒྱས་སུ་འགྲོ་མིན་དང་། ཕུན་སུམ་ཚོགས་པ་ཞིག་འབྱུང་མིན་གྱི་རྩ་བ་ཁྲིམས་ཡང་དག་གི་ལམ་ལུགས་ཤིག་ཡོད་མེད་དང་། ཡོད་པ་ཙམ་གྱིས་མི་ཆོག་པར་ཚུལ་བཞིན་ལག་ལེན་བྱས་མིན་ལ་ཐད་ཀར་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན། རྩ་ཁྲིམས་རང་ངོས་ནས་སྤྱི་དམངས་ལ་ཕན་པའི་ལམ་ལུགས་ཤིག་ཡིན་ན་ཡང་། དྲང་སྙོམས་ངང་ལག་ལེན་དུ་སྐྱོང་མ་ཐུབ་ཚེ་རུལ་སུངས་ཀྱི་རྣམ་པ་གང་མང་ཞིག་ཡོད་པ་ད་ལྟ་མངོན་སུམ་དུ་མཐོང་བ་འདི་རེད། དྲང་སྙོམས་ངང་ལག་ལེན་མེད་པའི་རྩ་ཁྲིམས་ནི་རུལ་སུངས་འབྱུང་བ་ལ་ཐད་ཀར་འབྲེལ་བ་ཡོད་པ་ཞིག་དང་། རྩ་ཁྲིམས་བཙུགས་ཀྱང་ཇི་ལྟ་བ་བཞིན་ལག་ལེན་དུ་སྐྱོང་མི་ཐུབ་པ་ནི་རྒྱལ་ཁབ་ཉམས་རྒུད་དང་། མི་དམངས་ལ་དཀའ་ངལ། སྤྱི་ཚོགས་ལ་རྙོག་གྲ་ཡོང་བྱེད་ཡིན་པས། ཆོས་སྲིད་གང་ཡིན་ཡང་ཀུན་ལ་སྙོམས་ཤིང་སྤྱི་ལ་དྲང་བའི་ལག་ལེན་གྱིས་ཁྲིམས་སྐྱོང་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་བྱུང་།  ད་ལོ་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་“སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་制法འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་པ་དེ“སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་治法འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་བཟོ་བཅོས་དང་གཏན་འབེབས་མཛད་ཡོད་པ་དེས་ཕྱོགས་གཅིག་ནས་ཁྲིམས་ལུགས་ལག་ལེན་གྱི་ཆ་ནས་སྔར་འཐུས་ཚང་མ་ཡོང་བ་དང་། ཕྱོགས་གཅིག་ནས་ཁྲིམས་བཞིན་ལག་ལེན་དུ་བསྟར་བའི་དགོངས་གཞི་བཏོན་པ་རེད།

         ཇི་ལྟར་ལག་ལེན་བྱེད་ཚུལ་གྱི་ཐད་ནས། བླ་ན་མེད་པའི་སྟོན་པ་བཅོམ་ལྡན་འདས་ཀྱིས་མི་ལོ་ཉིས་སྟོང་གོང་རོལ། འགྲོ་བ་མི་རྣམས་བྲན་གཡོག་དང་བཀས་བཀོད་རྒྱུད་འཛིན་གྱིས་མནར་ཞིང་། མྱ་ངན་གྱིས་ཡོངས་སུ་ཁེབས་པའི་སྐབས་ཤིག་ན་མདོ་དྲན་པ་ཉེར་བཞག་བྱ་བ་གསུངས། དེའི་ནང་དུ་རྒྱལ་བོ་དང་འབྲེལ་ནས་སྲིད་གཞུང་དང་ཁྲིམས་ལུགས་ཀྱི་འོས་འགན། མི་དམངས་ཀྱི་ཁེ་དབང་། རྒྱལ་ཁབ་སྐྱོང་སྟངས། སྤྱི་ཚིས་སྒྲུབ་ལུགས། མངའ་འབངས་རྒྱས་ཐབས། རྒྱལ་བོ་བྱེད་ཚུལ་བཅས་རྒྱལ་བོའི་ཡོན་ཏན་སོ་ལྔ་བརྗོད་འདུག་པ་ནི། རིག་རྩལ་བསྐྱར་དར་རྗེས་སུ་བྱུང་ཞིང་། ད་ལྟའི་འགྲོ་བ་མི་རྣམས་ཀྱིས་བསྔགས་འོས་སྙན་པ་སྒྲོག་པའི་དམངས་གཙོའི་ཆབ་སྲིད་དང་རྩ་ཁྲིམས་ཀྱི་དགོངས་དོན་ལ་ཇི་བཞིན་མཐུན་པས། ང་ཉིད་ཀྱིས་དགའ་ཞེན་དང་དད་གུས་གཡོ་བ་མེད་པའི་ངང་བརྩེ་བའི་སྟོན་པ་བཅོམ་ལྡན་འདས། འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བ་ཁྱོད་ཉིད་ངོ་མཚར་བར་གྱུར་ཏོ།།རླབས་ཆེ་བར་གྱུར་ཏོ་ཞེས་འགོག་མེད་དུ་བརྗོད་དགོས་བྱུང་། མདོ་དེ་ཉིད་ལས།

                 ཕྱོགས་ལྷུང་མེད་པ་ཞེས་བྱ་བ།།

                 ཡུལ་ལྗོངས་ཀུན་ལ་ཕ་མ་ལྟར།།

                 སྙོམས་ཤིང་བཤེས་ངོར་མི་བྱེད་པ།།

       ཞེས་རྒྱལ་བོ་ཞིག་ཡིན་ན་ཐོབ་གོ་ས་དང་། རྒྱུ་འབྱོར་བ། དབང་ཆེ་ཆུང་གིས་མ་ལྟོས་པར་མི་དམངས་ཕ་མ་བཞིན་གཅེས་ནས། ཕྱོགས་ལྷུང་མེད་པར་དྲང་ལ་སྙོམས་པའི་ཁྲིམས་ཀྱིས་རྒྱལ་ཁམས་སྐྱོང་དགོས་པའི་བླང་བྱ་བསྟན་འདུག་ལ། ཟུར་བསྟན་ན་ལེབ་མཐོང་བའི་དཔེ་བཞིན་སྲིད་གཞུང་དང་རྩ་ཁྲིམས་ནི་བླང་བྱ་དེའི་དོན་དུ་ཚུགས་ཤིང་གནས་དགོས་པའང་བསྟན་པ་རེད། རྒྱལ་བོའི་མངོན་བརྗོད་ལ་དྲང་དཔོན་དང་དམའ་སྐྱོབ་ཅེས་བརྗོད་པའི་དྲང་ཚད་ནི་ཁྲིམས་ལུགས་ལ་བརྟེན་ནས་འཇོག་དགོས་པ་དང་། ཁྲིམས་དེ་ཡོངས་ལ་ཁྱབ་པ་ནམ་མཁའ་དང་མཚུངས་པར་སྙོམས་ཤིང་།  སྲང་དང་འདྲ་བར་དྲང་བ་ཞིག་དགོས་གསུངས་པ་རེད།

                 ཟས་དང་སྐོམ་ལ་སྲེད་ཆེ་ན།།

                 ལུས་སེམས་ལས་སུ་མི་རུང་ཞིང་།།

                 དེ་འདྲའི་སྲེད་སྤང་རན་པར་བཟའ།།

                 སྤང་བྱའི་ཆོས་དེ་བཅོ་ལྔ་བ།།

       ཞེས་རྒྱལ་བོ་དང་སྲིད་གཞུང་གི་ལས་འཛིན་མི་སྣ་སུ་ཡིན་ཡང་རུལ་སུངས་དང་སྒེར་གཅོད་མཐའ་དག་རང་དང་རང་གི་འཁོར་དུ་ཐོབ་འདོད་ཀྱིས་བྱུང་བ་འབའ་ཞིག་ཡིན་མཆི་ན་དེ་མི་འོས་ཤིང་།  བརྣབ་སེམས་ཀྱི་ཁ་སྒོ་མ་ཁེགས་པར་ཟས་ནོར་ལ་སྲེད་པ་ཆེ་ན་ནམ་ཞིག་ལས་སུ་མི་རུང་བ་དང་ཁྲིམས་ཆད་ཕོག་ཡོང་བས་ཅིས་ཀྱང་སྤང་དགོས་པ་བསྟན་པ་རེད། རན་པར་བཟའ་ཞེས་པའི་ཟུར་ནས་རང་ལ་འོས་བབས་སུ་ཐོབ་པའི་ཟླ་ཕོག་དང་བགོ་སྐལ་ལས་གཞན་ཧབ་སེམས་ཀྱི་ཁ་སྒོ་དེ་འདྲ་མ་ཆེ།  ཆེ་ན་ཁྲིམས་ཀྱི་སྟངས་གཅོད་འོང་ཞེས་བསྟན་པ་རེད།

 རྩ་ཁྲིམས་ཀྱི་དོན་ཚན་ང་དྲུག་པར།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་བཅའ་ཁྲིམས་ལྟར་དཔྱ་ཁྲལ་འཇལ་བའི་འོས་འགན་ཡོད།

                 ངེས་པའི་འབྲས་བུར་ལོངས་སྤྱོད་ཅེས།།

                 འོས་པའི་དཔྱ་ཁྲལ་འབའ་ཞིག་ལས།།

                 འདས་ཏེ་ཅུང་ཟད་མི་ལེན་པ།།

     ཞེས་སྲིད་གཞུང་གིས་ཁྲིམས་ལྟར་དཔྱ་ཁྲལ་སྡུད་ལེན་བྱེད་རྒྱུ་དང་། སྤྱི་དམངས་ཀྱིས་ཁྲིམས་ལྟར་འཇལ་དགོས་བཤད་པ་ནི་ད་ལྟའི་བཅའ་ཁྲིམས་སུ་བཀོད་པའི་དཔྱ་ཁྲལ་འཇལ་བ་དང་ནང་དོན་མཐུན་པ་ཞིག་རེད།

                 འབངས་ཀྱི་བདེ་ཐབས་ལེགས་བསམ་ནས།།

                 གང་ཕན་ཐབས་ཀྱིས་འཁོར་འབངས་ཀུན།།

                 དབུགས་དབྱུང་རིགས་པར་བདེར་སྐྱོང་བ།།

      ཞེས་མི་དམངས་ཀྱི་བདེ་སྡུག་ལ་རྟག་ཏུ་བསམ་དགོས་པ་དང་། དཔལ་འབྱོར་དང་ཆབ་སྲིད། རྩ་ཁྲིམས། བརྒྱུད་གཅིག་ལམ་གཅིག་སོགས་ལ་བརྟེན་ནས་རང་རྒྱལ་གྱི་མི་དམངས་དང་། འགྲོ་བ་མིའི་རིགས་ཐུན་མོང་ལ་བདེ་སྐྱིད་བསྐྲུན་དགོས་པའི་བླང་བྱ་ཟབ་མོ་བཏོན་པ་རེད།  མ་ཟད་སློབ་དཔོན་པདྨའི་རྒྱལ་བོའི་བཀའ་ཡི་རྟགས་ཆེན་བཅུ་གསུམ་དུ།

                 རྒྱལ་བོ་གོས་ངན་ཆས་སུ་ཞུགས་ནས་ནི།།

                 རང་གི་མངའ་རིས་ཡུལ་ཁམས་མྱུལ་བར་བྱ།།

                 ལེགས་ཉེས་ཁྲིམས་ཀྱི་བྱ་བ་ལོ་རྒྱུས་གསན།།

                 རྒན་རྒོན་ཁ་འཆལ་དག་ལ་འདྲི་བར་བྱ།།

                 བྱིས་པ་ཁ་འཆལ་དག་ལའང་འདྲི་བར་བྱ།།

                 བློ་གཏད་ཞལ་ལྕེ་བར་ལ་བཅོལ་བའི་ཚེ།།

                 ཉེ་རིང་ཕྱོགས་ཆ་རྒྱལ་ཕམ་བྱེད་པ་མིན།།

      ཞེས་རྒྱལ་བོ་དང་དེ་བཞིན་ལས་བྱེད་མི་སྣ་དག་གསང་སྟབས་ཀྱིས་རང་གི་རྒྱལ་ཁམས་སུ་སོང་ནས། མི་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་ལུགས་ལ་དོན་དངོས་འཚོལ་ཞིབ་བྱེད་དགོས་པ་དང་། བདེན་རྫུན་ཕུ་ཐག་ཆོད་དགོས་པ། ལག་ལེན་སྙོམས་པ་ཡིན་མིན་གྱི་དྲང་ཐིག་འཇོག་དགོས་པ། རྒན་གཞོན་ཀུན་ལ་དྲིས་ཏེ་དམངས་ལ་གནོད་པ་བྱེད་མཁན་སུ་ཡིན་ཡང་ཁྲིམས་ལྟར་དྲང་བོའི་ལས་བྱེད་དགོས་པའི་གནས་ལུགས་བསྟན་པ་རེད།

      ད་ནི་བསམ་བློ་བསྐྱར་ཞིབ་ཅིག་བཏང་ན། ནང་བསྟན་དང་རྩ་ཁྲིམས་ནི་ཡུལ་དུས་གང་དུའང་མཐུན་འཇུག་གིས་འགྲོ་ཐུབ་པ་ཞིག་ཡིན་པ་ལས་འགལ་བ་ལྟ་བུ་མ་ཡིན་པའི་ངེས་ཤེས་གཏིང་ནས་སྐྱེས་ཡོང་བ་ཞིག་རེད། ནང་བསྟན་རིག་གཞུང་གིས་ལག་ལེན་ནི་ཉམས་ལེན་གྱི་མཐིལ་དུ་བྱེད་ཀྱིན་ཡོད། ཁ་ཡི་ཆོས་ཀྱིས་འཚང་མི་རྒྱ།།སྨིག་རྒྱུ་ཆུ་ཡིས་སྐོམ་མི་སོད།།ཅེས་པའི་དཔེ་ལྟར། ནང་བའི་རྗེས་འཇུག་པ་ཞིག་གིས་མི་ཚེའི་འདོད་ཡོན་གང་མང་ཞིག་བཙན་ཆོད་ཀྱིས་བློས་བཏང་ནས། ཐོས་བསམ་གང་བཟང་བཟང་ནས་བྱས་པ་ཐམས་ཅད་མཐར་སྒྲུབ་པ་ལྷུར་ལེན་དང་། རང་རྒྱུད་ཞི་འཇམ། རང་སེམས་ཇེ་བཟང་ལ་གཏོང་བའི་ཆེད་ཁོ་ན་ཡིན། རང་དོན་མཐར་ཐུག་གཞན་དོན་དང་གཞན་དོན་མཐར་ཐུག་རང་དོན་དུ་བྱས་ནས་མ་ཤི་ཚུན་ཆོད་དུ་ཐོས་བསམ་བྱས་ཀྱང་། ལག་ལེན་དང་ཉམས་ལེན་གྱི་རྟོགས་པ་ཕྲ་མོ་ཙམ་ཡང་རང་རྒྱུད་ལ་མ་སྐྱེས་པ་ཇི་སྲིད་སངས་རྒྱས་ཀྱི་བསྟན་པ་དངོས་དང་མཇལ་མེད་པ་ཡིན། སེམས་ཀྱི་རང་བཞིན་དྲང་ཞིང་ཡང་དག་པ་ཞིག་ཡིན་ན་ཡང་། བདག་གཅེས་འཛིན་གྱི་བློ་ཐོག་མེད་ནས་གོམས་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་འདིར་རྐྱེན་དུ་མས་ཞེ་སྡང་དང་ཕྲག་དོགའདོད་ཆགས། བརྣབ་སེམས་བཅས་མང་བོ་ཞིག་ངམ་ངམ་ཤུགས་ཀྱིས་ཆེ་ནས་ཆེར་སོང་བ་ན། སེམས་རྒྱུད་ངན་པ་དང་དེའི་རྗེས་སུ་འགྲོ་ལྡོག་བྱེད་པའི་ལུས་ངག་གི་སྤྱོད་པ་གང་ཡིན་ནང་བའི་རིག་གཞུང་ནས་བཤད་པའི་འཆོས་ལུགས་ལྟར་འཆོས་དགོས་པ་ཡིན། བཅོམ་ལྡན་འདས་རང་ཉིད་ཀྱིས་ཤེས་བྱ་སྤྱི་དང་།  བྱེ་བྲག་ལུས་སེམས་ལ་ཕན་གནོད་ཆེ་བའི་རྟེན་འབྲེལ་གྱི་གནས་ལུགས་མང་བོ་ཞིག་དཔེ་དང་རིགས་པ་དུ་མས་བསྟན་པ་མདོ་ལས།

                 སྟོང་བ་ཞི་བ་སྐྱེ་བ་མེད་པའི་ཚུལ།།

                 མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་བས།།

                 དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང་།།

                 རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད།།ཅེས་པའོ།།

      སྡུག་བསྔལ་གྱི་རྒྱུ་འབྲས་ལས་ཐར་བའི་ཐབས་དམ་པའི་ཆོས་ཟེར་བ་དེ་རང་གིས་བསམ་རྒྱུ་དང་། དཔྱད་རྒྱུ། ལག་ལེན་གནང་རྒྱུ། ཞིབ་འཇུག་དང་རིགས་པའི་ཁུངས་དེད་ཆོག་པ་ཞིག་ཡིན་ལ། རིགས་པ་ཡང་དག་དང་འགལ་བར་གྱུར་ན་སངས་རྒྱས་ཀྱི་བཀའ་ཡིན་ཡང་ཁས་མ་བླངས་ན་ཆོག་པའི་དཀྱེལ་ཡངས་ཡོད། ནང་བའི་ཆོས་ལུགས་ནི་དད་མོས་ཙམ་གཙོ་བོར་བྱེད་པའི་ཆོས་ལུགས་ཤིག་མ་ཡིན་པར། དྲི་མ་མེད་པའི་རིགས་པའི་གཏན་ཚིགས་གཙོ་བོར་བྱེད་པའི་ཟབ་དཀྱེལ་དང་གུ་ཡངས་ཀྱི་རིག་གཞུང་ཞིག་ཡིན་པས། ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པ་ནི་སློབ་སྦྱོང་གཏིང་ཟབ་བྱས་པའི་སྒོ་ནས་ཤེས་རྒྱུ་ཞིག་ཡིན་པ་ལས། དད་མོས་དང་སྨོན་ལམ་བརྒྱབས་པ་ཙམ་གྱིས་མངོན་གྱུར་ཡོང་རྒྱུ་དཀའ་མོ་རེད། སྐྱབས་དངོས་དེ་ཆོས་དཀོན་མཆོག་ཅེས་བརྗོད་ཀྱིན་ཡོད་པ་ནི་རང་གིས་ལག་ལེན་བྱེད་རྒྱུ་དེ་ལ་ཐུག་གི་ཡོད། རྗེ་ཙོང་ཁ་བས། ཐོས་ནས་ཤེས་པར་བྱས་པའི་དགོས་པ་ཡང་བྱེད་པ་ཡིན་པས་ལག་ལེན་དང་བསྟུན་པའི་ནུས་པ་རེ་གནད་དུ་ཆེའོ་གསུངས་པ་ལྟར། ཆོས་ཁྲིམས་སུ་གནས་མ་གནས་དང་། ཆོས་ཉམས་ལེན་བྱས་མ་བྱས་དེ་ལག་ལེན་གྱི་རིམ་པས་གཞལ་དགོས་པ་ཞིག་ཡིན་པ་ནང་བཞིན། རྒྱལ་ཁྲིམས་ཀྱང་དེ་དེ་བཞིན་ནོ།།

༢༠༡༩.༦.༡

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/6/3 བལྟ་ཀློག (965)