རྒན་པོ་སྣ་རྒྱའི་ཚེ་ལོ་མཚམས་སྦྱོར་རགས་བསྡུས།


       བོད་ཀྱི་ལྷ་རིས་པ་གྲགས་ཆེན་བརྩོན་འགྲུས་རབ་རྒྱས་ལགས་ཀྱིས།  སྤྱི་ལོ་༡༩༩༩ལོར་བཞེངས་གྲུབ་ཅིང་། ལོ་དེའི་ཟླ་བཅུ་བའི་ནང་འགྲེམ་སྟོན་བྱས་པ། འཛམ་གླིང་སྟེང་ཆེས་རིང་བའི་ཞལ་ཐང་ཡིན་པས་ཅི་ཉི་སིའི་གཟེངས་རྟགས་ཐོབ་པའི་ཀུན་འདུས་ཞལ་ཐང་ཆེན་མོའི་ངོས་ཀྱི་རྒན་པོ་སྣ་རྒྱའི་ཚེ་ལོའི་སྣང་བརྙན་རི་མོ།


ཐོག་མའི་གཏམ་དུ་བྱ་བ།


༼༡༽

        དེ་ཡང་གནའ་སྔ་མོའི་དུས་ནས་རང་རེའི་ཡུལ་གངས་ཅན་ལྗོངས་འདིར་ཡོངས་གྲགས་སུ་«གནའ་རྒྱའི་ཚེ་ལོ།»འམ་«སེམས་དཀར་བསླབ་བྱ།»ཞེས་རྩོམ་པ་པོའི་མིང་བརྩམས་ཆོས་ལ་བཏགས་པ་དང་རྩོམ་པ་པོའི་ཀུན་སློང་དང་བརྩམས་ཆོས་ཀྱི་བརྗོད་སྙིང་གཉིས་འདུས་ཀྱི་སྒོ་ནས་བརྩམས་ཆོས་ལ་མིང་བཏགས་པ་བཅས་མིང་འདི་གཉིས་རེས་མོས་སུ་བཀོལ་ཏེ་ངག་ཐོག་དང་དཔེ་དེབ། གཞན་ཡང་བོད་ཁམས་ཡོངས་ལ་མིང་དུ་གྲགས་པའི་སྒྲུང་བ་སྐལ་བཟང་གྲགས་པ་དང་རྡུང་ལེན་མཁན་པོ་དཔལ་མགོན། གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་བཅས་ཀྱི་གསལ་དག་སྙན་གསུམ་ལྡན་པའི་སྐད་ངག་དང་སྨྲ་ལྕེའི་རམ་འདེགས་ལ་བརྟེན་ནས་རླུང་འཕྲིན་དང་སྒྲ་ཐག་ལ་སོགས་པ་བརྒྱུད་བོད་གངས་ཅན་གྱི་སྐྱེ་བོ་སྐྱ་སེར་རྒན་གཞོན་ཀུན་པོར་འཇིག་རྟེན་སྐྱིད་སྡུག་དང་འབྱོར་ཕྱུག་དར་རྒུད་ཀྱིས་མཚོན་པའི་ཁ་ཏ་བསླབ་བྱ་ཉམས་མྱོང་རྒན་པོའི་འབེལ་གཏམ་རྣ་བའི་བུ་རམ་དུ་གྱུར་མྱོང་བ་གང་དེའི་རྩོམ་པ་པོ་«གནའ་རྒྱའི་ཚེ་ལོ།»འམ་«སྣ་རྒྱའི་ཚེ་ལོ།»ནི་བོད་མདོ་སྨད་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་ལེ་ལག་འབྲོག་སྡེ་ཆེན་པོ་མདོ་བའི་ལྡོང་ངེའི་སྣ་རྒྱ་སྡེ་བའི་བུད་མེད་མིང་ལ་ཚེ་དར་ཟེར་བའི་མོ་ཁྱིམ་ཞིག་ཏུ་སྤྱི་ལོ་༡༨༣༥་ལོར་སྐྱེས་ཤིང་སྐྱེས་མིང་ལ་ཚེ་ལོར་འབོད་ཅིང་མིང་མགོར་སྐྱེ་ཡུལ་གྱི་སྡེ་མིང་སྦྱར་ཏེ་«སྣ་རྒྱའི་ཚེ་ལོར་འབོད།»ནའང་། ཕྱིས་སུ་ས་ཆ་གཞན་གྱི་མིས་སྣ་རྒྱའི་ཚེ་ལོའི་བསླབ་བྱ་སོ་སོས་བཤད་དེ་སྒྲར་བླངས་པ་དང་ཡི་གེར་འབེབས་དུས་རྒྱུས་མངའ་མེད་པའི་དབང་གིས་སམ་ཡང་ན་མི་རང་རང་གི་ཡི་གེ་བཀླགས་གདངས་མ་དག་པའི་དབང་གིས་«གནའ་རྒྱའི་ཚེ་ལོ།»དང་།«རྣམ་རྒྱལ་ཚེ་ལོ།»ཞེས་ཀྱང་བྲིས་འདུག་མོད་ཡིན་ངོ་མ་ནི་«སྣ་རྒྱའི་ཚེ་ལོ།»ཟེར།སྤྱི་ལོ་༡༩༢༥་ལོ་སྟེ་རང་ལོ་དགུ་བཅུའི་སྟེང་དུ་ཏཱ་ནི་སྟོད་སྨད་གཉིས་ཀྱི་མཚམས་ནས་ནུབ་ཕྱོགས་སུ་ཡོད་པའི་ཨ་མྱེས་དཔའ་མཁར་རི་བོའི་འདབས་ནས་འདས་གྲོངས་སུ་ཕྱིན་ཅིང་དུར་ས་ནི་ཏཱ་ནི་སྨད་ཀྱི་འགོལ་སྐྱིད་ཅེས་པའི་ས་དེ་ཡིན་ལ། སྣ་རྒྱའི་ཚེ་ལོའི་གཏེར་ས་ནི་ཏཱ་ནི་སྟོད་སྨད་མཚམས་ཀྱི་ད་ལྟའི་མདོ་སྔགས་དར་རྒྱས་གླིང་ཆགས་པའི་ཀླད་ཆ་དེའི་མུ་རུ་གནའ་སྔ་མོ་བོན་པོའི་ཨ་ལགས་ཐོག་དབུས་ཞུ་བ་ཞིག་གིས་དགོན་པ་ཞིག་བཏབ་མྱོང་བས་ས་མིང་དེར་ཐོག་དབུས་ཀླད་ཅེས་ཐོགས་པར་གྲགས་པ་དང་ད་ལྟ་ཡང་ས་འདིའི་མི་རྣམས་ཀྱིས་ཐོག་དབུས་ཀླད་དུ་འབོད་པའི་ཀླད་ཆ་དེ་ཡིན་ལ།འདིའི་«ཐོག་དབུས།»ཞེས་པའི་མི་མིང་ས་ལ་ཐོགས་པའི་ཡི་གེའི་དག་ཆ་ནི་འདི་ལྟར་ཡིན་མིན་མ་ངེས་ཏེ་ངག་ཐོག་གི་སྒྲ་གདངས་ལྟར་བྲིས།

༼ ༢ ༽

      གནས་ཚུལ་ངོ་མ་དེ་ལྟ་མོད།  ཉེ་བའི་ལོ་འགའི་གོང་རོལ་ནས་ཕྱོགས་ཡར་མར་གྱི་ཡི་གེ་བ་རེས་«སྣ་རྒྱའི་ཚེ་ལོ།»ཁོང་ཉིད་འཇིག་རྟེན་མི་ཡུལ་འདིར་དངོས་སུ་སྐྱེས་མྱོང་བའི་མི་ཞིག་མིན་ཚུལ་དང་། དེ་ནི་འབེལ་གཏམ་གང་དེའི་རྩོམ་པ་པོས་རྟོག་བཟོ་བྱས་པའི་རྩོམ་རིག་ཁྲོད་ཀྱི་མི་སྣ་ཞིག་ཡིན་ཚུལ་བསྒྲུབ་ཅི་ཐུབ་བྱས་ཏེ་སྔ་མོ་ནས་གསོན་འཇིག་རྟེན་ཁམས་དང་བྲལ་བའི་རྩོམ་པ་པོ་ཁོང་འཇིག་རྟེན་མི་ཡུལ་འདིར་སྐྱེས་མྱོང་བའི་དོན་དངོས་ལ་བསྙོན་འདིང་བ་དང་སྐྱིད་སྡུག་ལེགས་ཉེས་དངོས་མྱོང་གི་སྡོམ་རང་གི་མི་རབས་ཕྱི་མ་རྣམས་སུ་ཁ་ཏ་བསླབ་བྱའི་ཚུལ་དུ་གནང་བ་ལའང་ཅི་མི་སྙམ་པར་སོ་སོའི་སྣང་བར་གང་དྲན་གྱི་མཚོན་རིས་སྣ་ཚོགས་བཏང་དང་གཏང་འདོད་ཅན་མང་དུ་སྣང་བ།   གཞན་ཡང་། ས་ཆ་སྟོད་སྨད་བར་གསུམ་ནས།«སྣ་རྒྱའི་ཚེ་ལོ།»ནི་ཁོང་ཚོའི་མི་ཡིན་རབས་ཀྱི་རྫུན་སྒྲིག་མཁན་ཇི་སྙེད་ཅིག་གི་ཁ་ལག་དྲེད་པོས་ལྷོད་ལྷོད་ངང་སྡོད་དུ་མ་བཅུག་པར་རྐྱེན་བྱས་ཏེ།

ད་རེབ་«སྣ་རྒྱའི་ཚེ་ལོ།»ཁོང་གི་ཉེ་རིང་རྩ་གསུམ་གྱིས། «སྣ་རྒྱའི་ཚེ་ལོ།»འི་མི་རྒྱུད་ཀྱི་རབས་སྔ་མ་སྔ་མའི་མཇུག་རྫོགས་པར་བསྟུན་ནས་ཕྱི་མ་ཕྱི་མའི་དྲན་ངོགས་ནས་སོ་སོའི་མེས་པོའི་མིང་དང་བརྩམས་ཆོས་ཀྱང་ནག་སུབ་ཏུ་འགྲོ་བའམ་གཞན་གྱིས་རྟོག་སྒྲུང་ལྟ་བུར་བསྒྱུར་ཉེན་ལ་དོགས་པས།«སྣ་རྒྱའི་ཚེ་ལོ།»ཁོང་གི་སྐྱེས་ཡུལ་གང་ཡིན་མཚམས་སྦྱོར་རགས་བསྡུས་བྱས་ཟིན་པ་དེ་ལྟར་དང་།«སྣ་རྒྱའི་ཚེ་ལོ།»ཁོང་གི་ཆུང་མ་སྣ་རྒྱའི་ཀླུ་མོ་སྐྱིད་དང་ཁོང་གཉིས་ལ་བུ་གཅིག་ཡོད་པའི་མིང་ལ་བསྟན་འཛིན་ཟེད་ལེར་འབོད། བུ་བསྟན་འཛིན་ཟེད་ལེ་དང་ཁོའི་ཆུང་མ་དཔའ་ལོ་གཉིས་ལ་བུ་ཕྲུག་དགུ་ཡོད་ཅིང་བུ་མོ་ཆེ་བ་ལུ་གུ་སྐྱིད་དང་བུ་མོ་བཀྲ་ཤིས་སྐྱིད།  བུ་མོ་དཀའ་ཡེ་མཚོ། བུ་མོ་མགོན་པོ་མཚོ། བུ་དོན་གྲུབ་ལད་པ། བུ་བ་ལུ་རྒྱལ། བུ་ཟོན་ཐར་ཞིག་གེ། བུ་སྐྱ་བྷུ་རྒྱལ། བུ་མོ་དཀའ་ཡེ་སྐྱིད། བཅས་ཡིན།

༼ ༣ ༽

    དེ་ལས་བུ་མོ་ལུ་གུ་སྐྱིད་དང་ལྡོང་ངེའི་ཟོག་རྫི་སྡེ་བའི་བསོད་ནམས་རྒྱལ་གཉིས་ལ་སྐར་མ་སྐྱིད་ཅེས་པའི་བུ་མོ་ཞིག་ཡོད་པ་དེ་གོ་རྒས་སམ་མོ་ཁྱིམ་ཡིན་ཅིང་དེ་ལ་བུ་བཞི་ཡོད་པའི་ཆེ་བ་བཀྲ་ཤིས་དོན་གྲུབ་དང་གཅོད་པ་སྐྱབས། རྟ་མགྲིན་སྐྱབས། བཀྲ་ཤིས་རྒྱ་མཚོ་བཅས་ད་ལྟ་ཡང་ཡོད། བུ་མོ་བཀྲ་ཤིས་སྐྱིད་ལ་བུ་ཕྲུག་ལྔ་ཡོད་པ་དང་དེ་རྣམས་སོ་སོར། བུ་དཀོ་ལ། འཕགས་པ་སྐྱབས། བུ་མོ་དཀོན་མཆོག་སྐྱིད། བུ་མོ་གཡང་ལོ། བུ་མོ་སྒྲོ་ལེ། བཅས་བུ་གཉིས་དང་བུ་མོ་གསུམ་ཡོད། བུ་མོ་དཀའ་ཡེ་མཚོ་ལ་བུ་ཕྲུག་གསུམ་ཡོད་ཅིང་བུ་དགེ་འདུན་དང་། བུ་མོ་དཀར་མོ། བུ་མོ་སྒྲོལ་མ་སྐྱིད། བཅས་ཡིན། བུ་མོ་དཀར་མོ་ལ་བུ་བུ་མོ་དགུ་ཡོད་ཅིང་བུ་མོ་བཀྲ་ལོ། བུ་ཀོ་རྡོ་ཕྲུག་སྐྱིད། བུ་མོ་ཟོན་ཁོ། བུ་མོ་སྒྲོ་ཁོ། བུ་མོ་སྒྲོལ་དཀར་སྐྱིད། བུ་བཀའ་ལེ། བུ་ཐེ་དཔུང་། བུ་སྐྱབས་དགའ། ལྕགས་ཁོ་བཅས་ཡིན། བཀྲ་ལོ་ལ་བུ་ཕྲུག་བཞི་ཡོད་ཅིང་བུ་རྡོ་རྗེ། བུ་མོ་ཀུན་ཐར་སྐྱིད། བུ་མོ་གཡུང་དྲུང་སྐྱིད། བུ་བདུད་འདུལ་རྡོ་རྗེ་བཅས་ཡིན། རྡོ་ཕྲུག་ སྐྱིད་ལ་བུ་གསུམ་ཡོད་ཅིང་བུ་གཅོད་པ་སྐྱབས། བུ་སྟག་ལྷ་ཚེ་རིང་། བུ་ཝ་སེ་བཅས་ཡིན། ཟོན་ཁོར་བུ་གསུམ་ཡོད་ཅིང་བུ་བསོད་ནམས་སྟོབས་ལྡན། བུ་རྟ་མགྲིན་རྒྱལ། བུ་པདྨ་རིག་འཛིན་བཅས་ཡིན། བཀའ་ལེ་ལ་བུ་བུ་མོ་ལྔ་ཡོད་ཅིང་བུ་བློ་གྲོས་རྒྱ་མཚོ། བུ་སྤྱི་འདུལ་ཚེ་རིང་། བུ་ཉི་མ་ཚེ་རིང་། བུ་མོ་ཀུན་བཟང་འཚོ། བུ་མོ་འཕགས་མོ་སྒྲོལ་མ་བཅས་ཡིན། ཐེ་དཔུང་ལ་བུ་བུ་ མོ་གསུམ་ཡོད་ཅིང་བུ་ཀུན་བཟང་རྒྱལ། བུ་བནྡེ་མཁར། བུ་མོ་བཀྲ་ཤིས་མཚོ་བཅས་ཡིན། སྐྱབས་དགའ་ལ་བུ་བུ་མོ་གསུམ་ཡོད་ཅིང་བུ་མོ་གཡུང་དྲུང་སྐྱིད། བུ་རྟ་མགྲིན་ཚེ་རིང་། བུ་བསོད་ནམས་ཚེ་རིང་བཅས་ཡིན། བུ་མོ་སྒྲོལ་དཀར་སྐྱིད་ལ་བུ་མོ་གཉིས་ཡོད་ཅིང་བུ་མོ་ལྷ་མོ་ཚེ་རིང་། བུ་མོ་ཚེ་རིང་འཚོ་བཅས་ཡིན། སྒྲོ་ཁོ་ལ་བུ་བུ་མོ་བཞི་ཡོད་ཅིང་བུ་མོ་པདྨ་མཚོ། བུ་ཀུན་བཟང་རྒྱལ། བུ་མཁའ་འགྲོ་སྐྱབས། བུ་མོ་གངས་དཀར་འཚོ་བཅས་ཡིན། ལྕགས་ཁོ་ལ་བུ་བུ་མོ་གཉིས་ཡོད་ཅིང་བུ་པདྨ་འབུམ། བུ་མོ་ཀུན་བཟང་སྒྲོལ་མ་བཅས་ཡིན། བུ་མོ་སྒྲོལ་མ་སྐྱིད་ལ་བུ་གཅིག་ཡོད་ཅིང་བུ་གཅིག་པོའི་མིང་ལ་ལྷ་མོ་སྐྱབས་ཟེར། ལྷ་མོ་སྐྱབས་ལ་བུ་ཕྲུག་ལྔ་ཡོད། བུ་ལྷ་རྒོད་སྐྱབས། བུ་རྡོ་རྗེ་ཚེ་བརྟན། བུ་མོ་མཁའ་མོ་ཚེ་རིང་། བུ་མོ་སྒྲོལ་དཀར་འཚོ། བུ་མོ་བཀྲ་ཤིས་འཚོ། ཞེས་ཡིན་ཅིང་བུ་ལྷ་རྒོད་སྐྱབས་ལ། བུ་ཤེས་རབ་བསྟན་འཛིན།བུ་མོ་སྐལ་བཟང་སྐྱིད། བཅས་བུ་ཕྲུག་གཉིས་ཡོད། བུ་རྡོ་རྗེ་ཚེ་བརྟན་ལ་བུ་ཀུན་ བཟང་རྒྱལ་མཚན། བུ་མོ་དཀར་མོ། བཅས་བུ་ཕྲུག་གཉིས་ཡོད། བུ་མོ་བཀྲ་ཤིས་འཚོར་བུ་རིན་ཆེན་དོན་གྲུབ། བུ་མོ་ཕུན་ཚོགས་སྒྲོལ་མ། བཅས་བུ་བུ་མོ་གཉིས་ཡོད། བུ་མོ་སྒྲོལ་དཀར་འཚོར་བུ་དཀའ་ཐུབ་རྒྱལ། བུ་ཀུན་བཟང་བཀྲ་ཤིས། བུ་མོ་སྤྱི་འདུལ་སྐྱིད་བཅས་བུ་ཕྲུག་གསུམ་ཡོད། བུ་མོ་མཁའ་མོ་ཚེ་རིང་ལ་བུ་སྙིང་ལྕགས་ཚེ་རིང་དང་བུ་མོ་རྡོ་རྗེ་མཚོ་གཉིས་ཡོད། བུ་མོ་མགོན་པོ་མཚོར་བུ་གཅིག་དང་བུ་མོ་གཅིག་ཡོད་ཅིང་བུ་སཱ་མཎ་དང་བུ་མོ་འབྲུག་མོ་སྐྱིད་གཉིས་ཡིན། བུ་སཱ་མཎ་ལ་བུ་ཕྲུག་ལྔ་ཡོད་ཅིང་བུ་གཅིག་དང་བུ་མོ་བཞི་ཡོད། དེ་སོ་སོར་བུ་རྣམ་ལོ་དང་བུ་མོ་བསོད་སྒོ། བུ་མོ་རྟ་མགྲིན་འཚོ། བུ་མོ་སྒྲོལ་མ། བུ་མོ་ཀུན་བྷ། བཅས་ཡིན། བུ་མོ་བསོད་སྒོར་བུ་མོ་གསུམ་དང་བུ་གཅིག་ཡོད་ཅིང་བུ་མོ་རྡོ་རྗེ་མཚོ་དང་བུ་མོ་བ་ཀོ། བུ་མོ་གཡུང་དྲུང་སྐྱིད། བུ་འཇིགས་བྱེད་སྐྱབས། བཅས་ཡིན། བུ་མོ་རྟ་མགྲིན་འཚོར་བུ་གསུམ་ཡོད་ཅིང་བུ་ཀུན་བཟང་རྡོ་རྗེ་དང་བུ་ཚེ་བརྟན་རྡོ་རྗེ།བུ་པདྨ་བསྟན་འཛིན། བཅས་ཡིན། བུ་མོ་སྒྲོལ་མར་བུ་གཉིས་དང་བུ་མོ་གཅིག་ཡོད་ཅིང་བུ་ཚེ་རིང་རྡོ་རྗེ་དང་བུ་རྡོ་རྗེ་ཐར།བུ་མོ་ཚེ་ཐར་སྐྱིད། བཅས་ཡིན། བུ་མོ་ཀུན་བྷར་བུ་མོ་གསུམ་ཡོད་ཅིང་བུ་མོ་འབྲུག་མོ་དང་བུ་མོ་མཁར་མོ། བུ་མོ་ལྷག་པ། བཅས་ཡིན། བུ་མོ་འབྲུག་མོ་སྐྱིད་ལ་བུ་བཞི་དང་བུ་མོ་གཅིག་ཡོད་ཅིང་བུ་གཡུང་དྲུང་ཚེ་བརྟན་དང་བུ་བློ་བཟང་གསུང་རབ། བུ་སྟག་ལྷ་ཚེ་རིང་། བུ་རྣམ་ལྷ་རྒྱལ། བུ་མོ་ བསོད་ནམས་སྒྲོལ་མ་བཅས་ཡིན།བུ་གཡུང་དྲུང་ཚེ་བརྟན་ལ་ བུ་འཇིགས་བྱེད་དང་བུ་ལྷ་རྒོད་སྐྱབས། བུ་ཏིང་འཛིན་སྐྱབས། བུ་མོ་བནྡེ་འཚོ།བཅས་ཡོད། བུ་རྣམ་ལྷ་རྒྱལ་ལ་བུ་འབྲུག་སྟོབས་དང་བུ་ཀླུ་འབུམ་ཚེ་རིང་། བཅས་ཡོད། བུ་མོ་བསོད་ནམས་སྒྲོལ་མར་བུ་འབྲུག་ལྷ་རྒྱལ་དང་བུ་སྐལ་བཟང་རྡོ་རྗེ།བཅས་ཡོད། བུ་སྐལ་བཟང་རྡོ་རྗེ་ལ་བུ་གཅིག་ཡོད་ཅིང་བུ་གངས་ཅན་དབང་རྒྱལ་ཟེར། བུ་དོན་གྲུབ་ལད་པར་བུ་མོ་གཅིག་ཡོད་ཅིང་མིང་ལ་གཡང་དེ་ཟེར། གཡང་དེ་ལ་བུ་སྙིང་དཀར་དང་བུ་མོ་རིན་ཆེན་སྐྱིད་གཉིས་ཡིན་ལ་ད་ལྟ་ཨ་མཆོག་ཉི་མ་ལུང་དུ་ཡོད། སྙིང་དཀར་གྱི་བུ་རིན་ཆེན་དོན་གྲུབ། རིན་ཆེན་དོན་གྲུབ་ལ་བུ་བུ་མོ་གསུམ་ཡོད་ཅིང་བུ་ལྷ་མོ་ཚེ་བརྟན། བུ་མོ་ལྷ་མོ་འཚོ། བུ་མོ་ལྷ་མོ་ཚེ་རིང་བཅས་ཡིན། རིན་ཆེན་སྐྱིད་ལ་བུ་བུ་མོ་ བཞི་ཡོད་ཅིང་བུ་རྟ་མགྲིན་ཚེ་རིང་།བུ་ལྷ་མོ་ཚེ་རིང་། བུ་ལྷ་མོ་བཀྲ་ཤིས། བུ་མོ་ལྷ་མོ་སྐྱིད་བཅས་ཡིན། བུ་ཟོན་ཐར་ཞིག་གེ་ལ་བུ་གཅིག་ཡོད་ཅིང་མིང་ལ་སྟག་ལྷ་རྣ་རིས་ཟེར། སྟག་ལྷ་རྣ་རིས་ལ་བུ་ཕྲུག་མེད་ཅིང་དེའི་ཤུལ་འཛིན་ཁོའི་ཚ་མོ་སྒྲོལ་མ་སྐྱིད་ཀྱི་བུ་ལྷ་མོ་སྐྱབས་ཡིན། བུ་བ་ལུ་རྒྱལ་ལ་བུ་མོ་གཉིས་ཡོད་ཅིང་བུ་མོ་སྒྲོལ་ལེ་དང་བུ་མོ་པདྨ་གཉིས་ཡིན། བུ་མོ་སྒྲོ་ལེ་ལ་བུ་མོ་བཞི་ཡོད་ཅིང་བུ་མོ་མཆོད་རྟེན་སྐྱིད་དང་བུ་མོ་ཚེ་སྒྲོན། བུ་མོ་འཕགས་རྡོ། བུ་མོ་བོ་ཅོག བཅས་ཡོད། བུ་མོ་པདྨ་མཚོར་བུ་རིན་ཆེན་དང་བུ་འབྲུག་འབུམ། བུ་མོ་བ་ལོ་བཅས་མིང་སྲིང་གསུམ་ཡོད་ཅིང་རིན་ཆེན་ལ་བུ་འཇམ་དབྱངས་བཤད་སྒྲུབ། བུ་ཤ་བོ་བཀྲ་ཤིས། བུ་མོ་ཤ་བོ་སྒྲོལ་མ་བཅས་བུ་ཕྲུག་གསུམ་ཡོད། བུ་མོ་བ་ལོར་བུ་མོ་ལྕགས་ལོ་དང་བུ་མོ་ཚེ་དབང་སྐྱིད། བུ་མོ་རྟ་མགྲིན་འཚོ། བུ་སྙིང་འབུམ་བཀྲ་ཤིས། བུ་མོ་ལྕགས་མོ་མཚོ་བཅས་བུ་ཕྲུག་ལྔ་ཡོད། བུ་འབྲུག་འབུམ་ལ་བུ་འཇམ་དབྱངས་རྒྱ་མཚོ། བུ་རྡོ་རྗེ་རིན་ཆེན། བུ་མོ་བཀྲ་ཤིས་མཚོ་བཅས་བུ་ཕྲུག་གསུམ་ཡོད། དཀའ་ཡེ་སྐྱིད་ལ་བུ་བུ་མོ་གཉིས་ཡོད་ཅིང་བུ་ཚུལ་ཁྲིམས་དང་བུ་མོ་མཁའ་བྷ་གཉིས་ཡིན། བུ་མོ་མཁའ་བྷ་ལ་བུ་གཅིག་དང་བུ་མོ་གཉིས་ཡོད་ཅིང་བུ་དགའ་ལེ་དང་བུ་མོ་ཀུ་ལ། བུ་མོ་སྐྱ་ལོ་བཅས་ཡིན། བུ་ཚུལ་ཁྲིམས་ནི།

སྤྱི་ལོ་༡༩༥༨་ལོར་ཐོག་དབུས་དགོན་ནས་གར་སོང་ཆ་མེད་དུ་གྱུར། མིང་གཞན་ལ་སྨན་པ་ཚུལ་ཁྲིམས་ཀྱང་ཟེར། སྣ་རྒྱའི་ཚེ་ལོའི་བུ་རབས་ཚ་རྒྱུད་ངོ་སྤྲོད་རགས་རིམ་ནི་དེ་ལྟའོ།།

༼ ༤ ༽

    «སྣ་རྒྱའི་ཚེ་ལོ།»ཞེས་པའི་རྒན་པོ་ཁོང་ཉིད་ཀྱི་ཁ་ཆེམས་སམ་འབེལ་གཏམ་ཡི་གེར་འབྲི་མཁན་ནམ་དམངས་ཁྲོད་དུ་འཆད་མཁན་ནི་ད་ལྟ་སྤྱི་ཚོགས་སྟེང་དུ་བཤད་སྲོལ་ལྟར་ཁོ་ཚང་གི་ཨ་མཆོད་དང་དཔོན་སོགས་གང་ཡང་མིན་ལ་སྣ་རྒྱའི་ཚེ་ལོའི་སྦྲ་སྒོ་འམ་ཕ་འོག་ནང་གི་མཁའ་འགྲོ་དམར་ལྡང་ངམ་རྩིས་པ་དམར་ལྡང་གྲྭ་བ་ཡིན་དུས་དེ་ཡིས་བྲིས་པ་ཡིན་ཅིང་མཁའ་འགྲོ་དམར་ལྡང་གིས་འབྲི་བཞིན་པ་ནི་མཁའ་འགྲོ་དམར་ལྡང་གི་སྲིང་མོ་སྒྲོལ་མ་མཚོས་དངོས་སུ་མཐོང་བར་མ་ཟད་སྲིང་མོ་སྒྲོལ་མ་མཚོས་དུས་རྒྱུན་ཁ་ཏོན་རེ་བཏོན་པའི་མཇུག་ཏུའང་སྣ་རྒྱའི་ཚེ་ལོའི་བསླབ་བྱ་འདི་ཉིད་གཞོན་པ་རྣམས་ཀྱི་ཐོས་སར་ཚར་རེ་བཏོན་ཏེ་ཁོང་ལ་ངན་སོང་མེད་པའི་སྨོན་ལམ་རྒྱག་པ་དང་མི་རབས་ཕྱི་མ་རྣམས་ལ་སློབ་གསོ་རྒྱག་སྤྱད་དུ་བཀོལ་བ་ནི་དུས་ད་ལྟའི་བར་དུ་སྲོལ་ལྟ་བུ་ཞིག་ཏུ་ཆགས་ཡོད་ཅེ་ནའང་མི་ཆོག་པ་མེད་པའི་ཚོད་ཡིན།

༼ ༥ ༽

        སྣ་རྒྱའི་ཚེ་ལོའི་སྦྲ་སྒོའམ་ཕ་འོག་རྣམས་ངོ་སྤྲོད་རགས་བསྡུས་ཤིག་བྱས་ན།   སྣ་རྒྱའི་ལྕགས་ཀོ ལྕགས་ཀོས་ཆུང་མ་གཉིས་བླངས། སྣ་རྒྱའི་ལྕགས་ཀོའི་ཆུང་མ་སྔ་བོའི་མིང་ལ་ཀླུ་མོ་ཚེ་རིང་ཟེར་ཞིང་ཁོ་གཉིས་ལ་བུ་བུ་མོ་བདུན་ཡོད།བུ་བསོད་ནམས་ཚེ་རིང་། བུ་མོ་སྒྲོལ་མ་མཚོ། བུ་མཁའ་འགྲོ་དམར་ལྡང་། བུ་བསོད་ནམས་རབ་བརྟན། བུ་མོ་འབྲུག་མོ་རྒྱལ། བུ་རྡོ་རྗེ་ཚེ་རིང་། ཆོས་འཕེལ་བཅས་ཡིན། ལྕགས་ཀོའི་ཆུང་མ་རྗེས་མ་ལྷ་ཀོ་དང་ཁོ་གཉིས་ཀྱི་བུ་ཆོས་སྐྱོང་ཡིན།ཆོས་སྐྱོང་ལ་བུ་བུ་མོ་ལྔ་ཡོད་ཅིང་བུ་སྤྱི་བྷ་དང་། བུ་མོ་དུས་ཅོག བུ་མོ་སྒྲོ་བྷ། བུ་མོ་སྐྱིད་ལེ།བུ་མོ་རྒྱ་མོ་བཅས་ཡིན། བུ་མོ་སྒྲོལ་མ་མཚོའི་བུ་དོ་ལེ། བུ་མོ་བླ་བྲང་སྐྱིད། ཀླུ་དེ།  བུ་མོ་བླ་བྲང་སྐྱིད་ལ་བུ་བུ་མོ་བདུན་ཡོད་ཅིང་། བུ་སངས་རྒྱས་མཁའ་འགྲོ། བུ་དོ་གོ བུ་ལྕགས་ལོ།བུ་སྤྱི་འདུལ། བུ་མོ་ཀུ་ལོ། བུ་བནྡེ་ཚེ་རིང་། བུ་དར་རྒྱས། བཅས་ཡིན། ཀླུ་དེ་ལ་བུ་བུ་མོ་བཞི་ཡོད།བུ་རིག་འཛིན། བུ་ལྷ་ཀོ བུ་མོ་སྒྲོ་ཁོ། བུ་མོ་རྟ་མགྲིན་སྐྱིད་བཅས་ཡིན། ལྕགས་ཀོའི་བུ་བསོད་ནམས་ཚེ་རིང་གི་བུ་དཀོ་ལོ། དཀོ་ལོའི་བུ་སྐྱ་ཏོ། སྤྱི་བྷ་ལ་བུ་མོ་གཉིས་ཡོད་ཅིང་། བུ་མོ་གཅོད་ལེ་དང་བུ་མོ་ཤ་ལོ་གཉིས་ཡིན། གཅོད་ལེ་དང་མག་པ་འཇའ་བྷེ་གཉིས་ལ་བུ་བུ་མོ་དགུ་ཡོད་ཅིང་། བུ་ཨ་ཁུ་རྒྱལ། བུ་སྒྲོལ་མ་རྒྱལ།བུ་པདྨ། བུ་འབྲུག་གོ  བུ་ཡི་གོ བུ་མོ་ཚེ་ཀོ བུ་ཝ་ཡེ། བུ་ཁོ་དེ། བུ་མོ་ཚེ་རིང་འཚོ། བཅས་ཡིན། ཝ་ལོ་མགོ་རིང་གི་བུ་སྙིང་དཀར། སྙིང་དཀར་གྱི་བུ་སྐལ་བཟང་། སྐལ་བཟང་གི་བུ་ཀུན་རིག བུ་མོ་ལྷ་མོ་རྒྱལ། ལྷ་མོ་རྒྱལ་གྱི་བུ་བཀྲ་ཤིས་དོན་གྲུབ། བུ་མོ་སྒྲོལ་མ་ཚེ་རིང་། བུ་མོ་ཚེ་ལོ། བཅས་ཡིན། སྒྲོལ་མ་ཚེ་རིང་གི་བུ་དཀའ་ལོ། བསོད་ནམས་ཟུར་ཁའི་བུ་འབྲུག་ཐར། འབྲུག་ཐར་གྱི་བུ་གཡང་ལོ། གཡང་ལོར་བུ་བུ་ མོ་བཅུ་ཡོད་ཅིང་། བུ་མོ་ཚེ་དྲུག་སྐྱིད། བུ་ཁོ་ལེ། བུ་མོ་ཀླུ་མོ། བུ་གུ་རུ། བུ་མོ་རྟ་མེ། བུ་བཙུན་ཐར། བུ་གཡང་འབུམ། བུ་མོ་ཤ་བོ་ཀུན་ཁོ། བུ་མོ་གཡང་མོ་སྐྱིད། བུ་མོ་སྒྲོལ་མ་སྐྱིད་བཅས་ཡིན། སྣ་རྒྱའི་བསྟན་འཛིན་གྱི་བུ་ཚོགས་དབུས། ཚོགས་དབུས་ཀྱི་བུ་ཀུན་བཟང་ཚེ་རིང་། འཕགས་པ་སྔོ་རིལ་གྱི་བུ་བསོད་བྷ། བསོད་བྷའི་བུ་མགོར་རྟ། བུ་མོ་ལོག་རིལ། བུ་ལྕགས་ལོ།   སྣ་རྒྱའི་ཚེ་ལོའི་སྦྲ་སྒོ་ངོ་སྤྲོད་ཀྱང་ཉུང་ཉུང་དེ་ཙམ་གྱིས་འཐུས་པར་བྱའོ།།

༼ ༦ ༽

          སྣ་རྒྱའི་ཚེ་ལོའི་བརྩམས་ཆོས་དེ་ཐོག་དང་བོར་ཇི་ལྟར་བྲིས་པའི་རིམ་པ་གསལ་བཤད་བྱ་བ་ལ།  དང་ཐོག་སྣ་རྒྱའི་ཚེ་ལོ་ཞེས་པ་ཁོང་རྟ་ནོར་ལུག་གསུམ་གྱིས་མཚོན་པའི་རྒྱུ་ལོངས་སྤྱོད་ཀླུའི་མཛོད་ལ་མངའ་བརྙེས་པ།གཟུགས་ལང་ཚོ་མཛེས་པ། གཏམ་ཁ་ལྕེ་བདེ་བ། དཔའ་དཔུང་ཡ་བྲལ་བས་རུ་སྡེ་བ་ཀུན་པོའི་སྨོན་པའི་ཡུལ་དུ་བྱ་ས་ཞིག་ནས་མཐའ་མར་རྒྱུ་ནོར་ལོངས་སྤྱོད་དང་ཁ་ལས་རླུང་རྟ་སོགས་ཕུན་ཚོགས་ཀྱི་ཆ་ཐམས་ཅད་རྩྭ་མགོའི་ཟིལ་བ་ཉི་མས་བསྐམས་པ་ལྟར་རྒུད་པར་གྱུར་ཚེ་རེ་དོགས་དང་ཧམ་སེམས་ཀྱིས་མེ་ཏོག་ལ་སྦྲང་མ་འཁོར་བ་བཞིན་འཚངས་བསྡད་པའི་གཉེན་ཉེ་དུ་དང་ཁ་ལྟ་ངོ་ཤེས།  བཟང་ས་རྒྱན་ས་དང་འགྲོ་ཡ་འདུག་རོགས། རུ་སྡེ་བ། རྐང་འགྲོས་ལག་གཤིབ་ཀྱི་མི་མང་བོ་སྦྲང་བུ་སྟོན་ཟླའི་བད་ལ་བྲོས་པ་ལྟར་རྒྱང་དུ་བཀྱེད་ཚེ་ད་གཟོད་རྒྱུ་མི་རྟག་པ་དང་འཇིག་རྟེན་མི་ཡི་དེ་ཉིད་གསལ་རྗེན་དུ་མཐོང་བས་འབེལ་གཏམ་འདི་ཉིད་བརྩམས་ཤིང་ཐོག་མར་ངག་ཐོག་རྩོམ་རིག་གི་ཁོངས་གཏོགས་ཤིག་ཡིན་ནའང་རྗེས་སུ་མཁའ་འགྲོ་དམར་ལྡང་ཞེས་པས་ཡི་གེར་ཕབ་པ་ནས་རིམ་གྱིས་ཡིག་ངག་གཉིས་ཐོག་ནས་རྒྱ་ཆེར་ཁྱབ་གདལ་དུ་སོང་བ་ཞིག་ཡིན།

༼ ༧ ༽

        བརྩམས་ཆོས་ཀྱི་བརྗོད་བྱ་གཙོ་བོ་ནི་སྤྱིར་འཇིག་རྟེན་ཁམས་ཀྱི་མི་རྣམས་ལ་མི་ལུས་རིན་ཆེན་འདི་ཉིད་དོན་ལྡན་དུ་བྱ་དགོས་པའི་བསླབ་བྱ། རྒན་བཀུར་གཞོན་བྱམས་དང་བག་ཡོད་ཚུལ་ལྡན་ལ་བརྩོན་ལུགས། དྲིན་ཕ་མ་སོགས་ཀྱིས་མཚོན་དྲིན་བྱས་དྲིན་དུ་ཤེས་གལ་ཆེ་བ་དང་ཐ་ན་རང་ཅག་འཚོ་བའི་ས་གཞི་རིལ་མོ་འདི་འང་དྲིན་ཁ་ཤེད་མོང་ཆེ་བའི་རིམ་པ་རྣམས་རེ་རེར་བགྲངས་ཤིང་། ཅི་སྟེ་མི་རྣམས་ཀྱིས་འཇིག་རྟེན་ཁམས་འདིར་རང་རང་སྐྱིད་དུས་སྐྱིད་ངོས་ཟིན་ན་བུ་རབ་ཡིན་ལུགས་སོགས་གཏམ་བདེན་པ་མང་བོས་ངོ་སྤྲད་ཅིང་། ཁྱིམ་ཚང་ཞིག་ཡིན་ནའང་ནང་བཟའ་ཚང་སྐྱིད་པའི་གཞི་མར་ཕན་ཚུན་འགྲིག་མཐུན་དང་ཕྱི་སྡེ་བ་སྟེ་དེང་གི་སྐད་དུ་སྤྱི་ཚོགས་འཆམ་མཐུན་འོང་བ་ལ་ཀུན་སྤྱོད་བཟང་བོ་དང་ལྷག་བསམ་དུང་ལས་དཀར་བའི་མི་ཞིག་ཏུ་འགྱུར་རྒྱུ་གལ་ཆེ་ལུགས་ཆེ་ཚུལ་དང་དེའི་རྒྱུར་ཡང་རང་ཁོ་ནའི་ཆེད་དུ་ཧམ་སེམས་མེར་འབར་བས་མི་འོང་ཞིང་གཞན་ཕན་གྱི་ཀུན་སློང་དང་དེར་འབད་ཐབས་གན་དང་འདི་དགོས་སོ་ཞེས་ལམ་སྟོན་བྱས་པ། ཇག་རྐུས་ཁྲམ་གསུམ་དང་ལབ་གླེང་རྫུན་གཏམ་སོགས་བག་མེད་གཡེང་བས་མི་ཚེ་སྟོང་ཟད་དུ་གཏང་མི་རུང་བ་དང་མི་དང་མིའི་བར་ལ་གཡོ་སྒྱུ་ཁྲམ་གསུམ་དང་ང་རྒྱལ་ཁེངས་དྲེགས་བྱས་པའི་མཇུག་འབྲས་དང་དེ་འདྲ་མ་བྱས་པའི་དགེ་མཚན་སོགས་རང་གི་མྱོང་བ་ལས་བྱུང་བའི་མི་ཚེའི་མཐའ་སྡོམ་ལྟ་བུར་བརྗོད་པའི་འབེལ་གཏམ།«སེམས་དཀར་བསླབ་བྱ།»ཞེས་བྱ་བ་འདི་ཉིད་ལ་དུས་ད་ལྟའང་དུས་རབས་དང་མི་འཚམ་པའི་ལྟ་ཚུལ་ནི་མི་སུ་ལའང་མེད་པར་མ་ཟད་སྲིད་པ་འཇིག་རྟེན་གྱི་དེ་ཉིད་ངག་གི་རི་མོར་ཕབ་མྱོང་བའི་རྒན་པོ་ཁོང་ལ་ཀུན་གྱིས་སྲིད་པ་རྒན་པོ་སྣ་རྒྱའི་ཚེ་ལོ་ཞེས་བསྔག་བྱའི་ཡུལ་དུ་བྱས་དང་བྱེད་པ་འདི་ལགས་སོ།། །།

         ཞེས་སྲིད་པ་རྒན་པོ་སྟེ་མི་རྒན་སྣ་རྒྱའི་ཚེ་ལོའི་ཤ་རུས་ཁྲག་འབྲེལ་གྱི་ཕྱི་རབས་པ་དགེ་སློང་བློ་བཟང་གསུང་རབ་ཀྱིས་སྤྱི་ལོ་༢༠༡༧ལོའི་ཟླ་༡༠ཚེས་༩་ལ་བྲིས།


རེབ་གོང་ཡུལ་གྱི་ཏཱ་ནི་སྟོད།


བློ་བཟང་གསུང་རབ་ཀྱིས་འཚོལ་བསྒྲིགས་བྱས་པའི་རྒན་པོ་སྣ་རྒྱའི་ཚེ་ལོའི་འབེལ་གཏམ་སེམས་དཀར་བསླབ་བྱའི་དཔེ་ཆ།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/6/4 བལྟ་ཀློག (22426)