སྤྱོད་འཇུག་གི་བརྩོན་འགྲུས་ལེའུ་དང་བསམ་གཏན་ལེའུ་ལ་མཁས་དབང་རྣམས་ཀྱིས་འགྲེལ་ཚུལ་ཞལ་མ་མཐུན་པ་རྣམས་བསྡུས་པའི་ཟིན་བྲིས།

སྤྱོད་འཇུག་གི་བརྩོན་འགྲུས་ལེའུ་དང་བསམ་གཏན་ལེའུ་ལ་མཁས་དབང་

རྣམས་ཀྱིས་འགྲེལ་ཚུལ་ཞལ་མ་མཐུན་པ་རྣམས་

བསྡུས་པའི་ཟིན་བྲིས།

 

བསྡུ་སྒྲིག་མཁན། བྱང་རྒྱལ་ཡེ་ཤེས། སངས་རྒྱས་རྒྱ་མཚོ།

ཡེ་ཤེས་དོན་འགྲུབ།

བརྩོན་འགྲུས་ལེའུ་ལས།

                    སྙོམ་ལས་བདེ་བའི་རོ་མྱོང་དང་།།

                    གཉིད་ལ་བརྟེན་པའི་སྲེད་པ་ཡིས།།

                    འཁོར་བའི་སྡུག་བསྔལ་མི་སྐྱོ་ལ།།

                    ལེ་ལོ་ཉེར་བ་སྐྱེས་པ་འགྱུར།།  

      ཞེས་པའི་སྐབས་རྒྱལ་ཚབ་དར་ཊི་དང་རྒྱལ་སྲས་ཡོན་ཏན་བུམ་བཟང་དུ། འདིར་གསུམ་སྙོམ་ལས་འཛིན་པའི་ལེ་ལོའི་རྒྱུར་བཤད་ཅིང་།   ཀུན་དཔལ་སྤྱོད་འཇུག་དང་ཟླ་བའི་འོད་ཟེར་དུ་འདི་གསུམ་ལེ་ལོའི་རྒྱུ་རུ་བཤད།

                    སྒྱིད་ལུག་མེད་དང་དཔུང་ཚོགས་དང་།།

                    ལྷུར་བླང་བདག་ཉིད་དབང་བྱ་དང་།།

                    བདག་དང་གཞན་དུ་མཉམ་པ་དང་།།

                    བདག་དང་གཞན་དུ་བརྗེ་བར་གྱིས།།  

       ཞེས་པའི་སྐབས།  ཀུན་དཔལ་སྤྱོད་འཇུག་ཏུ ༼བྱ་བ་ངན་ཞེན་གྱི་ལེ་ལོའི་གཉེན་པོ་སྤང་ཚུལ་དུ་འཇོག༽ གཞན་གསུམ་གྱིས༼སྒྱིད་ལུག་བདག་ཉིད་བརྙེས་པའི་ལེ་ལོའི་གཉེན་པོ་སྤང་ཚུལ་དུ་འཇོག༽  དེར་མ་ཟད།  ཡོན་ཏན་བུམ་བཟང་དང་ཟླ་བའི་འོད་ཟེར།  རྒྱལ་ཚབ་དར་ཊི་དུ་ཚིག་རྐང་ཕྱི་མ་གཉིས་ཀྱི་སྐབས་སུ་བསམ་གཏན་ལེའུར་འཆད་པར་འགྱུར་བ་ལྟར་བདག་དང་གཞན་དུ་མཉམ་པ་ཉིད་ཀྱི་སེམས་དང་།  བདག་དངགཞན་དུ་བརྗེ་བར་བྱ་བའི་སེམས་ནི་བསྒོམ་པ་གྱིས་ཤིག་ཅེས་གསུངས་སོ། །

      ཀུན་དཔལ་གྱིས་དེ་ལྟར་མ་གསུངས་ཏེ་བདག་གཞན་མཉམ་བརྗེ་སྒོམ་པ་བསམ་གཏན་ལེའུའི་བརྗོད་བྱ་ཡིན་ཡང་བརྩོན་འགྲུས་ཀྱི་སེམས་ལས་རུང་དུ་བྱེད་པའི་འབྲས་བུ་བསྟུན་པའི་ཕྱིར་མདོ་བསྟན་དུ་སྨོས་པའོ།བུ་བྷཱུ་ཏིས་ཚིག་འདི་གཞན་གྱི་བཅུག་པ་ཡིན་གྱི་སློབ་དཔོན་གྱིས་གསུང་མིན་ཏེ་བདག་གཞན་མཉམ་བརྗེ་འདི་འཆད་པའི་སྐབས་སུ་མ་བབས་པའི་ཕྱིར་ཅེས་སོགས་འགྲེལ་བ་གཞན་ནས་གསུངས་ཡོད་པ་འདི་བཞིན་དུ་བཀྲལ་ནས་འཆད་པ་ཡིན་པར་གསུངས་ཞེས་ཡོན་ཏན་བུམ་བཟང་དང་བུ་སྟོན་སྤྱོད་འཇུག་ཏུ་འཆད་དོ།གཞན་གཉིས་སུ་འདི་སྐོར་མ་འཆད་དོ།།

                    སྡིག་པ་སྤངས་ཕྱིར་སྡུག་བསྔལ་མེད།།

                    མཁས་པའི་ཕྱིར་ན་མི་དགའ་མེད།། 

     ཅེས་སྐབས་ཀུན་དཔལ་སྤྱོད་འཇུག་དང་ཟླ་བའི་འོད་ཟེར་དུ་བྱང་སེམས་དེས་སྒོ་གསུམ་གྱིས་སྡིག་པ་མི་དགེ་བ་ཐམས་ཅད་སྤངས་པའི་ཕྱིར་ན་ལུས་ལ་སྡུག་བསྔལ་མེད།  ཤེས་བྱའི་གནས་ལུགས་དེ་ཁོ་ན་ཉིད་ཀྱི་དོན་ལ་མཁས་པ་དེའི་སེམས་ལ་སྡུག་བསྔལ་མེད་ཅེས་སོ།   །རྒྱལ་ཚབ་དར་ཊི་དུ་བྱང་ཆུབ་སེམས་དཔའ་སྙིང་རྗེའི་བསམ་པ་དག་པ་དེས་ལུས་གཏོང་བ་ལ་ལུས་ཀྱི་སྡུག་བསྔལ་མེད་དེ། སྒོ་གསུམ་གྱི་སྡིག་པ་མཐའ་དག་སྤངས་པའི་ཕྱིར་ལུས་གཏོང་བའི་དུས་ལ་མཁས་པའི་ཕྱིར་ན་ཡིད་མི་དགའ་བའང་མེད་ཅེས་སོ།  །ཡོན་ཏན་བུམ་བཟང་དུ་གཉིས་ཀར་ཡང་བཞེད་དོ། །

                    སེམས་ཅན་དོན་འགྲུབ་བྱ་ཕྱིར་དཔུང་།།

                    མོས་བརྟན་དགའ་དང་དོར་བ་ཡི།།

                    མོས་པ་སྡུག་བསྔལ་འཇིགས་པ་དང་།།

                    དེ་ཡི་ཕན་ཡོན་བསམ་པས་བསྐྱེད།།

                    དེ་ལྟར་མི་མཐུན་ཕྱོགས་སྤངས་ཏེ།།

                    མོས་དང་ང་རྒྱལ་དང་དགའ་དང་དོར།།

                    ལྷུར་ལེན་དབང་བསྒྱུར་སྟོབས་ཀྱིས་ནི།།

                    བརྩོན་འགྲུས་སྤེལ་ཕྱིར་འབད་པར་བྱ།། 

      ཞེས་སྐབས།  བུ་བྷཱུ་ཏིས༼ཚིགས་བཅད་གོང་མ་འདི་སྐབས་སུ་མི་བབས་པའི་ཕྱིར་གཞན་གྱིས་བཅུག་ཡིན་ཏེ། མི་མཐུན་པའི་ཕྱོགས་བཞི་སྤངས་ནས་བརྩོན་འགྲུས་འཕེལ་བའི་ཕྱིར་དཔུང་ལ་འབད་པ་བྱ་ཞེས་སྤེལ་དགོས་ལ།   དེ་ཚིགས་བཅད་འོག་མ་ལ་ཡོད་པའི་ཕྱིར་དང་།  འདིར་དེ་ལྟའི་འབྲེལ་བསྟུན་མེད་པའི་ཕྱིར།  མདོར་བསྟན་ཡིན་ན་རྒྱས་བཤད་ལའང་ཡོང་དགོས་དོན་མེད་པའི་ཕྱིར།  འོག་གི་ཚིགས་བཅད་མདོ་བསྟན།  དེ་མན་ཆད་རྒྱས་བཤད་དུ་བྱེད་ན་ལེགས་སོ།༽།ཞེས་དང་།  བུ་སྟོན་གྱིས་ཀྱང་སྔར་གྱི་སྒྱིད་ལུག་མེད་དང་ཞེས་སོགས་ཀྱི་ཚིགས་བཅད་དེ་དང་སེམས་ཅན་དོན་འགྲུབ་བྱ་ཕྱིར་ཅེས་སོགས་ཀྱི་ཚིགས་བཅད་གཉིས་མེད་ན་གཞུང་འབྲེལ་ཆགས་ཤིང་མཛེས་པ་ཞིག་བྱུང་ཞེས་གསུངས།  འོན་ཀྱང་ཡོན་ཏན་བུམ་བཟང་དང་རྒྱལ་ཚབ་དར་ཊི་དུ་ཚིགས་བཅད་འདི་གཉིས་ཀ་མདོ་བསྟན་དུ་འཇོག  ཀུན་དཔལ་སྤྱོད་འཇུག་ཏུ་མདོ་བསྟན་དུའང་མི་འཇོག

                    སྐྱེ་བ་གཞན་དུ་དེ་གོམས་ཤིང་།།

                    སྡིག་དང་སྡུག་བསྔལ་འཕེལ་བར་འགྱུར།།

                    གཞན་དང་འབྲས་བུའི་དུས་ཀྱང་ནི།།

                    དམན་འགྱུར་དེ་ཡང་འགྲུབ་མི་འགྱུར།།

       ཞེས་པའི་སྐབས། རྒྱལ་ཚབ་དར་ཊི་དུ་ཕྱི་མའི་རྐང་པ་གཉིས་ཀྱིས་འགྲེལ་ཚུལ་འདི་ལྟར།༼བྱ་བ་སྔ་མ་བཤོལ་ནས་ཕྱིས་བརྩམས་པའི་དགེ་བའི་བྱ་བ་གཞན་པ་དེ་ཡང་ཉམས་པ་འགྱུར་བའམ་དམན་པ་འགྱུར་པ་དང་། སྔར་བརྩམས་ནས་དོར་བའི་ལས་དེ་ཉིད་ཀྱི་འབྲས་བུའི་དུས་ཀྱང་ཤིན་ཏུ་རིང་དུ་འགོར་བས་འབྲས་བུ་དམན་པར་འགྱུར་ཀྱང་སྒྲས་ཕྱི་མའང་སྡུད་པའོ།།༽ཞེས་གསུངས།  འགྲེལ་བ་གཞན་གསུམ་དུ༼ཚིག་རྐང་ཕྱི་མ་གཉིས་ཀྱི་སྐབས་འདི་ལྟར་འགྲེལ་ཏེ།ཕྱིས་བརྩམས་པའི་བྱ་བ་གཞན་དང་ལས་དེ་ཉིད་ཀྱི་འབྲས་བུའི་དུས་ཀྱང་ནི་དམན་པར་འགྱུར་བ་དུས་རིང་པོ་འགོར་བ་དང་།  ལས་གཞན་དེ་ཡང་འགྲུབ་པར་མི་འགྱུར་རོ།།༽གསུངས།

                    ཇི་ལྟར་རླུང་ནི་འགྲོ་བ་དང་།།

                    འོང་བས་ཤིང་བལ་དབང་བསྒྱུར་བ།།

                    དེ་བཞིན་སྤྲོ་བས་དབང་བསྒྱུར་ཏེ།།

                    དེ་ལྟར་ན་ནི་འགྲུབ་པར་འགྱུར།།  

      ཞེས་ཚིག་རྐང་ཐ་མའི་སྐབས་སུ་ཡོན་ཏན་བུམ་བཟང་དུ ༼དེ་ལྟ་ན་ནི་སོགས་ཀྱི་རྒྱ་དཔེར། རྫུ་འཕྲུལ་དེ་ལྟར་ཡང་དག་འབྱོར།།ཞེས་ཡོད་དེ། ནམ་མཁར་འགྲོ་བ་སོགས་ཀྱི་རྫུ་འཕྲུལ་ཡང་དག་པར་འབྱོར་བའམ་འགྲུབ་པར་འགྱུར་ཞེས་པའོ།།༽  ཡང་ཚིགས་བཅད་སྔ་མས་ལུས་དབང་དུ་བྱས་ཏེ་བརྩོན་འགྲུས་སྤེལ་བ་དང་ཚིགས་བཅད་ཕྱི་མས་སེམས་དབང་དུ་བྱས་ཏེ་བརྩོན་འགྲུས་སྤེལ་ཚུལ་བསྟན་པ་ཡིན་ཞེས་བཤད་པའང་སྣང་ངོ་། །  ཟླ་བའི་འོད་ཟེར་དུ་ཡང་རྒྱ་དཔེར་དྲངས།  འགྲེལ་བ་གཞན་གཉིས་སུ་འདིའི་སྐོར་མ་གསུངས།

བསམ་གཏན་ལེའུ་ལས།

                    སེམས་ཅན་རྣམས་ལ་ཆགས་བྱས་ན།།

                    ཡང་དག་ཉིད་ལ་ཀུན་ནས་སྒྲིབ།།

                    སྐྱོ་བའི་སེམས་ཀྱང་འཇིག་པར་བྱེད།།

                    ཐ་མ་མྱ་ངན་གདུང་བར་འགྱུར།།   

      ཅེས་པའི་སྐབས་ཚིག་རྐང་དང་པོ་རྒྱ་དཔེ་ལ་མེད་པ་ཟླ་བའི་འོད་ཟེར་དུ་གསུངས།  ཡོན་ཏན་བུམ་བཟང་དུ་ལུང་དུ་དྲངས།  ཀུན་དཔལ་སྤྱོད་འཇུག་དང་རྒྱལ་ཚབ་དར་ཊི་ནས་མ་གསུངས་སོ། །

                    བྱིས་དང་སྐལ་བ་མཉམ་སྤྱོད་ན།།

                    ངེས་པར་ངན་འགྲོར་འགྲོ་འགྱུར་ཏེ།།

                    སྐལ་མི་མཉམ་པར་འཁྲིད་བྱེད་ན།།

                    བྱིས་པ་བསྟན་པས་ཅི་ཞིག་བྱ།། 

      ཞེས་པར་ཚིག་རྐང་གསུམ་པའི་སྐབས་རྒྱལ་ཚབ་དར་ཊི་དུ༼འཕགས་པ་རྣམས་དང་ད་ལྟ་མི་ལུས་ཐོབ་པ་དང་སྐལ་མི་མཉམ་པར་འཁྲིད་པར་བྱེད་ན།  བྱིས་པ་སོ་སོ་སྐྱེ་བོར་བསྟེན་པས་ཅི་ཞིག་བྱ་སྟེ། འདོད་དོན་མི་འགྲུབ་ཅིང་མི་འདོད་པ་འཕེལ་བའི་ཕྱིར་རོ།༽ཅེས་དང་།     ཀུན་དཔལ་སྤྱོད་འཇུག་ཏུ༼འཕགས་པ་དང་སྐལ་མི་མཉམ་པར་ཏེ་འདོད་པ་ཆེ་ཞིང་ཆོག་མི་ཤེས་པ་ཀློག་སྤོང་གི་ལས་ལ་མི་དགའ་བའི་གནས་སུ་འཁྲིད་ཅིང་སྦྱོར་བ་བྱེད་ན་འདི་ཕྱི་གཉིས་ཕུང་གི་བྱིས་པ་ལ་བསྟེན་པས་ཅི་ཞིག་བྱ༽ཞེས་གསུངས།     ཟླ་བའི་འོད་ཟེར་དུ་༼འོན་ཏེ་འཕགས་པའི་ཆོས་ཀྱི་རྗེས་སུ་ཞུགས་ནས་བྱིས་པ་དང་མི་འདྲ་བའི་ལས་བྱས་ན།  ཁོ་དང་སྐལ་བ་མི་མཉམ་པ་སྟེ།  སྤྱོད་པ་མི་མཚུངས་བས་ཁྲིད་བྱེད་ན།   རྒྱ་དཔེ་ལས(སྐལ་མི་མཉམ་པ་མི་འདོད་དེ།།)  སྡང་བས་ན་བྱིས་པར་བསྟེན་པ་སུ།  ཕན་བདེའི་རྒྱུ་ཅི་ཞིག་འཐོབ་སྟེ།  མི་འཐོབ་བོ༽ཞེས་གསུངས།    ཡོན་ཏན་བུམ་བཟང་དུ་གཉིས་ཀ་བཞེད་དོ། །

      ཡང་འདི་སྐབས་ཀྱི་བྱིས་པ་སྦྱར་ཚུལ་ལ།  བྱིས་པ་ནི་འཕགས་པའི་ཟླས་དྲངས་པ་བདེན་པ་མ་མཐོང་བའི་སོ་སོའི་སྐྱེ་བོ་དང་།  ལོ་དྲུག་ཅུ་ལོན་པ་རྒན་པོ་དེའི་ཟླས་དྲངས་པའི་བྱིས་པ་ལོ་བཅོ་ལྔ་མན་ཆད།  བླང་དོར་ལ་མཁས་པའི་ཟླས་དྲངས་བའི་བྱིས་པ་བླང་དོར་གྱི་དོན་ལ་ཤེད་མ་བྱེ་བའི་རྨོངས་པ་སྟེ། གསུམ་ལས།  འདིར་འགྲེལ་བ་དག་གིས་དང་པོ་གཟུང་ཡང་ཕལ་ཆེར་གསུམ་པ་གཙོ་ཆེར་ལྟའོ།  ། ཀུན་དཔལ་གྱིས༼འཕགས་པའི་ཟླས་དྲངས་པ་དང་བླང་དོར་ལ་མཁས་པའི་ཟླས་དྲངས་པ་གཉིས་གཙོ་ཆེར་དེ་ལས་ཀྱང་གཙོ་ཆེ་བ༽་གསུངས།         བུ་སྟོན་གྱིས། འདིའི་སྐོར་མང་དུ་མ་གསུངས།  འཕགས་པའི་ཟླས་དྲངས་བའི་སོ་སོ་སྐྱེ་བོར་སྦྱར་ནས་འགྲེལ་ལོ།  ། ཐུབ་བསྟན་ཆོས་གྲགས་ཀྱིས༼བྱིས་པ་སོ་སོ་སྐྱེ་བོའམ་བླང་དོར་ལ་རྨོངས་པའི་བྱིས་པ་བླུན་པོ་རྣམས་དང་སྐལ་བ་མི་མཉམ་པ་སྟེ༽ཞེས་གཉིས་ཀ་ལ་སྦྱར་རོ།  །མཁས་པ་ཁ་ཅིག་གིས༼བྱིསཔ་སྦྱར་ཚུལ་གསུམ་ལས་འདིར་ཕྱི་མ་ཉིད་གཙོ་ཆེ་བར་གསུངས་པས་དེ་ཉིད་གཟུང་ལ་ཞེས་འཆད་ཀྱང་།༽  ཡང་འགྲེལ་བ་ཕལ་ཆེར་དང་པོ་འཕགས་པའི་ཟླས་དྲངས་པའི་སོ་སོ་སྐྱེ་བོ་ངོས་བཟུང་ནས་འཆད་དོ།།

                    དུར་ཁྲོད་སོང་ནས་གཞན་དག་གི།

                    རུས་གོང་དག་དང་བདག་གི་ལུས།།

                    འཇིག་པའི་ཆོས་ཅན་དག་དུ་ནི།།

                    ནམ་ཞིག་མགོ་སྙོམས་བྱེད་པ་འགྱུར།།  

        ཞེས་སྐབས་རྒྱལ་ཚབ་དར་ཊི་དུ།༼རང་གི་ལུས་མི་རྟག་པ་ཡིད་ལ་བྱེད་པ་ནི་དུར་ཁྲོད་དུ་སོང་ནས་གཞན་དག་གི་ཤི་བའི་རོ་དང་རུས་གོང་དག་དང་བདག་གི་ལུས་གཉིས་མཚུངས་པར་འཇིག་པའི་ཆོས་ཅན་དག་ཏུ་ནི། ནམ་ཞིག་བདག་གི་ལུས་འདི་ཡང་འདི་ལྟ་བུའི་ཆོས་ཅན་ནོ་ཞེས་པའི་མགོ་སྙོམས་པར་བྱེད་པའི་འགྱུར་སྙམ་དུ་སྨོན་པར་བྱའོ། །རྒྱལ་བའི་ཡུམ་ལས་གསུངས་པ་ལྟར་རྣམ་པར་བམ་པ་ལ་སོགས་པའི་འདུ་ཤེས་བསྐྱེད་པར་བྱའོ།།༽ཞེས་དང་།    ཀུན་དཔལ་སྤྱོད་འཇུག་དུ༼དེར་ཡིད་བྱེད་ཀྱི་ཁྱད་པར་གནས་དུར་ཁྲོད་པ་མིན་ཀྱང་སྐབས་སུ་དུར་ཁྲོད་དུ་སོང་ནས་སྔར་ཤི་བ་དག་གི་རོ་གསར་རྙིང་བམ་མྱགས་རུལ་བ་དང་རུས་གོང་དག་དང་བདག་རང་གི་ལུས་གསོན་པོར་སྣང་བ་འདི་ཡང་མཐར་ངེས་པར་འཇིགས་པའི་ཆོས་ཅན་དག་ཏུ་ནི་འདི་དག་དང་འདྲའོ་ཞེས་དུས་ནམ་ཞིག་མགོ་སྙོམས་བྱེད་པར་འགྱུར་ཅེས་མི་རྟག་མི་གཙང་བ་ངེས་འབྱུང་གི་བསམ་པ་ཡིད་ལ་བྱེད་དོ༽ཅེས་དང་།    ཟླ་བའི་འོད་ཟེར་དུ༼མི་སྡུག་པའི་འདུ་ཤེས་ལ་རྟོག་པ་ལུས་ཡུན་རིང་པོར་གནས་ཀྱང་མཐར་དེར་འགྲོ་དགོས་པས་ལུས་ཀྱི་གཉུག་མའི་སར་དུར་ཁྲོད་དུ་སོང་ནས་གཞན་ཤི་བ་དག་གིས་རུས་གོང་རྣག་དང་ལྡན་པ་དང་།  བདག་གི་ལུས་གཉིས་འཇིགས་པའི་ཆོས་ཅན་དག་ཏུ་ནི་དུས་ནམ་ཞིག་མགོ་སྙོམས་པ་སྟེ།  མཚུངས་པར་སྒོམ་པར་བྱེད་པར་འགྱུར།  དེ་ཉིད་བཤད་པ་ནི།  ནི་སྟེ།  གང་གི་ཕྱིར་བདག་གི་ལུས་གཙང་བར་བཟུངབ་འདི་ཉིད་ལུས་ཏེ།   རུལ་བ་གང་གི་དྲི་ཤིན་ཏུ་བསྲིངས་པས།  ཝ་སྟེ།  ལྕེ་སྤྱང་དང་།  ཀྱང་གི་སྒྲས་བྱ་རྒོད་སོགས་ཟས་དོན་དུ་གཉེར་བས་ཀྱང་དྲུང་དུ་ཉེ་བར་འགྲོ་བར་མི་འགྱུར་ཅིང་།  མི་བཟོད་པ་དེ་ལྟ་བུར་རུལ་བར་འགྱུར་དུ་འོང་བར་ཐེ་ཚོམ་མེད་དོ།།  རང་གི་ལུས་འདི་གཅིག་པུར་བརྟག་པས་ན།  གཅིག་པུར་བྱུང་བའི་ལུས་དང་ལྷན་ཅིག་ཏུ་སྐྱེས་པའི་ཤ་དང་།  རུས་པའི་དུམ་བུ་དག་ཀྱང་ཞིག་སྟེ།སོ་སོར་འགྱེས་ཤིང་འབྲལ་བར་འགྱུར་ན།  ཡང་གི་སྒྲས་དང་པོ་སོ་སོ་ནས་འོངས་བའི་མཛའ་བ་གཞན་རྣམས་སོ་སོར་འགྱེས་པ་ལྟ་ཅི་ཞིག་སྨོས་ཏེ། འདིས་ལུས་མི་རྟག་པར་བསྟན་པའི་ཟུར་གྱིས་མཛའ་བཤེས་ལ་ཆགས་པའང་བཀག་གོ༽ཞེས་དང་།      ཡོན་ཏན་བུམ་བཟང་དུ༼ལུས་ལ་ཆགས་པའི་གཉེན་པོར་ལུས་མི་རྟག་པ་དང་མི་སྡུག་པར་སྒོམ་པའི་ཕྱིར་སྐབས་སྐབས་སུ་དུར་ཁྲོད་ཀྱི་གནས་སུ་སོང་ནས་སྔར་གཞན་ཤི་བ་དག་གི་རོ་དང་རུས་གོང་དག་དང་བདག་གི་ལུས་ད་ལྟ་གསོན་པའི་དུས་སུ་ཕྱིན་ཅི་ལོག་གི་བློས་རྟག་པར་བཟུང་བ་འདི་གཉིས་ཁྱད་པར་མེད་པར་འཇིག་པའི་ཆོས་ཅན་དག་ཏུ་ནི་དུས་ནམ་ཞིག་མཀོ་སྙོམས་བྱེད་པར་འགྱུར་བ་སྟེ་བདག་གི་ལུས་འདི་ཡང་འདི་ལྟ་བུའི་རང་བཞིན་ཅན་འདི་ལྟ་བུའི་ཆོས་ཅན་ཆོས་ཉིད་འདི་ལས་མ་འདས་པའོ་ཞེས་མཚུངས་པར་བསྒོམ་པར་འགྱུར་སྙམ་དུ་སྨོན་པ་ནི་ལུས་མི་རྟག་པར་ཡིད་ལ་བྱེད་པ་ཡིན་ལ།   དུར་ཁྲོད་སོང་ནས་ཞེས་པ་འདི་ལ།  འགྲེལ་ཆེན་སོགས་སུ།   ལུས་ཀྱི་གཉུག་མའི་སོ་སོ་ནས།། ཞེས་ཧོད་དེ།  ལུས་འདི་ད་ལྟ་རིང་དུ་གནས་ཀྱང་མཐར་ཕལ་ཆེར་དེར་འགྲོ་དགོས་པས་ན་ལུས་ཀྱི་གཉུག་མའི་ས་ཞེས་བརྗོད་པ་ཡིན་ལ།  དེར་སོང་ནས་སྒོམ་པ་ནི་སྐྱོ་བ་སྐྱེད་པའི་ཆེད་དུའོ།༽ཞེས་གསུངས།

                    དེ་བས་ཤིན་ཏུ་མདངས་དགའ་བའི།།

                    ནགས་ཚལ་ཚེགས་ཆུངབདེ་སྐྱིད་ཅིང་།།

                    གཡེངས་པ་ཐམས་ཅད་ཞི་བྱེད་པར།།

                    བདག་ཉིད་གཅིག་པུ་གནས་པར་བྱ།། 

       ཞེས་སྐབས་རྒྱལ་ཚབ་དར་ཊི་དུ༼དེ་བས་ན་ཤིན་ཏུ་མདངས་དགའ་བ་སྟེ་ལུས་སེམས་ལ་བདེ་བ་འཕེལ་བའི་ནགས་ཚལ་དུ་གནས་པས་འཚོ་བ་རྙེད་སླ་བས་ཚེགས་ཆུང་ཞིང་།  ནད་སོགས་ཀྱིས་གནོད་པ་མེད་པས་བདེ་བ་བསྐྱེད་ཅིང་གཡེང་བ་ཐམས་ཅད་ཞི་བར་བྱེད་པར་བདག་ཉིད་གནས་པ་བྱ་སྟེ།    གནོད་པ་ཆུང་ཞིང་དགེ་བ་འཕེལ་བའི་ཕྱིར་རོ༽ཅེས་དང་།  ཟླ་བའི་འོད་ཟེར་དུ༼དེ་ལྟར་ལུས་དབེན་པར་གནས་ནས་སེམས་ཀྱང་དབེན་པར་གནས་པའི་ཕྱིར་བསམ་པ་གཞན་མི་བདེན་པའི་རྣམ་རྟོག་ཀུན་བཏང་ནས་དེ་སྤངས་ནས།   བདག་ལ་སེམས་པ་རྩེ་གཅིག་ཡིད།།  ཅེས་རྒྱ་དཔེར་འབྱུང་སྟེ།   རང་གི་བྱང་ཆུབ་ཀྱི་སེམས་ལ་སེམས་རྩེ་སྟེ།   དམིགས་པ་གཅིག་ཏུ་དམིགས་པའི་ཡིད་ཀྱིས་སེམས་ནི་ཞི་གནས་ལ་མཉམ་པར་བཞག་པ་བྱ་བའི་ཕྱིར་དང་། ལྷག་མཐོང་གི་ས་ཉོན་མོངས་པ་དུལ་བར་བྱ་བའི་ཕྱིར་རམ།  ཕྱིའི་རྣམ་གཡེང་དུལ་བར་བྱ་བའི་ཕྱིར་རབ་ཏུ་བརྩོན་པ་བྱའོ།༽ཞེས་དང་།    ཀུན་དཔལ་སྤྱོད་འཇུག་ཏུ༼དེ་བས་ན་ཤིན་ཏུ་མདངས་ཏེ་ཉམས་དགའ་བའི་ནགས་ཚལ་གནས་ཀྱི་སོ་ཚིས་དང་མཐོན་པོའི་ངོ་བསྲུང་།   དམའ་མོ་སྐྱོང་ཐབས་ལ་སོགས་པ་མི་དགོས་པས་ཚེགས་ཆུང་བས་ལུས་བདེ་ཞིང་སེམས་རབ་ཏུ་སྐྱིད་པ་ཐོབ་ཅིང་དབེན་པར་གནས་པ་ཁོ་ནས་བྱིན་རླབས་ཀྱིས་སྒོ་གསུམ་གྱི་རྣམ་པ་གཡེང་བ་ཐམས་ཅད་རང་བཞིན་ཤུགས་ཀྱིས་ཞི་བྱེད་པར་ཏེ་ཞི་བར་བྱེད་པའི་གནས་དབེན་པ་དེར་བདག་ཉིད་གཅིག་པུར་དུས་རྟག་ཏུ་གནས་པ་བྱ་སྟེ།༽ཞེས་དང་།   ཡོན་ཏན་བུམ་བཟང་དུ༼དེ་ལྟར་དབེན་པར་གནས་པ་ལ་ཡོན་ཏན་མང་དུ་ཡོད་པ་དེ་བས་ན་ཤིན་ཏུ་དངངས་དགའ་བ་སྟེ་ལུས་སེམས་ལ་བདེ་བ་སྐྱེད་པས་ཉམས་དགའ་བའི་ནགས་ཚལ་ཞེས་སམ་མདངས་གསལ་ཞིང་ཉམས་དགའ་བའི་ནགས་ཚལ་ནི་ཚེགས་ཆུང་ངུས་རྙེད་པའམ་དེར་འཚོ་བ་རྙེད་སླ་ཞིང་ཉེ་དུ་སོགས་སྐྱོང་མི་དགོས་བས་ཚེགས་ཆུང་བ་དང་།  ཆགས་སྡང་སོགས་ཉེས་སྤྱོད་ཉེབར་ཞི་བའི་བདེ་བ་སྐྱེད་པའམ་བདེ་སྐྱིད་དང་ལྡན་ཞིང་སྒོ་གསུམ་གྱི་རྣམ་པ་གཡེང་བ་ཐམས་ཅད་ཞི་བར་བྱེད་པའི་གནས་དེར་མི་དགེ་བས་སྦྱོར་བར་གྲོགས་ངན་མེད་པར་བདག་ཉིད་གཅིག་པུ་ཆགས་མེད་ཞེན་མེད་དུ་གནས་པར་བྱ་ལ།   དེ་ལྟར་ལུས་དབེན་པར་གནས་ཤིང་དེ་ནས་སེམས་ཀྱང་དབེན་པར་བྱ་བའི་ཆེད་དུ་འདོད་པའི་རྣམ་རྟོགས་སོགས་ཉོན་མོངས་པ་ཅན་གྱི་བསམ་པ་གཞན་ནི་ཀུན་བཏང་བ་སྟེ་སྤངས་ནས་ཐེག་ཆེན་ལ་ཞུགས་པ་བདག་རང་གི་རྒྱུད་ཀྱི་ཉམས་ལེན་གྱི་གཙོ་བོ་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་པོ་མ་སྐྱེས་པ་སྐྱེད་པ་དང་སྐྱེས་པ་གོང་འཕེལ་ཏུ་གཏོང་བའི་ཐབས་འབའ་ཞིག་ལ་སེམས་པ་གཅིག་པུ་ཡིས་སེམས་ནི་ཞི་གནས་ཀྱི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པར་བྱ་བའི་ཕྱིར་དང་།  དེའི་ངང་ནས་གནས་ལུགས་ཀྱི་དོན་ལ་སོ་སོར་དཔྱོད་པའི་ལྷག་མཐོང་གིས་ཉོན་མོངས་པ་ཅན་གྱི་སེམས་དུལ་བར་བྱ་བའི་ཕྱིར་དུ་རབ་ཏུ་བརྩོན་པར་བྱའོ་ཞེས་གདམས་པའོ།    རྒྱ་དཔེར།  བདག་ལ་སེམས་པ་རྩེ་གཅིག་ཡིད།།   སེམས་ནི་མཉམ་པར་བཞག་ཕྱིར་དང་།།   ཞེས་ཡོད་པ་བཤད་དོ། །

                    ཕོ་ཉ་ཕོ་ཉ་མོ་ཡིས་སྔོན།།

                    གང་ཕྱིར་དུ་མར་གསོལ་བཏབ་ཅིང་།།

       ཞེས་སྐབས།  ཡོན་ཏན་བུམ་བཟང་དུ༼ཕོ་ཉ་སོགས་ཏེ།   གཉེན་དུ་སྦྲེལ་བ་དང་གཞན་གྱི་བུད་མེད་དགུག་པ་ལ་སོགས་པའི་ཆེད་དུ་ཕན་ཚུན་ཕྲིན་སྐྱེལ་བའི་ཕོ་ཉ་སྟེ་སྐྱེས་པ་དང་ཕོ་ཉ་མོ་སྟེ་བུད་མེད་ལ་སྔོན་དུ་ཕྲིན་དང་སྐྱེས་བསྐུར་ཏེ་དེ་དང་བདག་འཕྲད་པར་བྱ་བ་གང་གི་ཕྱིར་དུ་ལན་དུ་མར་ཡང་ཡང་གསོལ་བ་བཏབ་ཅིང་ཞེས་པ་སྟེ། འདི་ནི།  ཕོ་ཉ་ཕོ་ཉ་མོ་ལ་སྔོན།  ཞེས་པ་ལྟར་བཤད་པ་ཡིན་པས་དེ་ལྟར་བྱས་ན་འཆད་བདེ་ལ།  དཔེ་འགའ་ཞིག་ཏུ།  ཕོ་ཉ་ཕོ་ཉ་མོ་ཡིས་སྔོན།   ཞེས་ཡོད་པ་ལྟར་ན།  ཕོ་ཉ་དང་ཕོ་ཉ་མོ་དེ་དང་དེ་ཡིས་དེ་དག་ཕན་ཚུན་མ་འཕྲད་པའི་སྔོན་དུ་ཕྲིན་བསྐྱལ་བ་ལ་བརྟེན་ནས་དེ་དག་འཕྲད་པར་བྱ་དགོས་པས་དེ་ལྟ་བུའི་དགོས་ཆེད་གང་གི་ཕྱིར་ཕྲིན་སྐྱེལ་མཁན་ལ་ལན་དུ་མར་གསོལ་བ་བཏབ་ཅིང་ཞེས་སྦྱར་དགོས་སམ་སྙམ་ལ། ཡང་ཕོ་ཉ་དང་ཕོ་ཉ་མོ་དེ་ཡིས་དེ་དག་མ་འཕྲད་པའི་སྔོན་དུ་འཕྲད་པར་བྱ་བ་གང་གི་ཕྱིར་དུ་ཕྲིན་སྐྱེལ་བའི་ཡུལ་དེ་ལ་ལན་དུ་མར་གསོལ་བ་བཏབ་ཅིང་ཞེས་བཤད་ནའང་རུང་ཙམ་མོ།།  འོན་ཀྱང་འགྲེལ་བ་རྣམས་སུ་སྔར་མ་ལྟར་བཤད་འདུག་ལ་ཕྱི་མ་འདི་འཆད་མི་བདེ་བས་ཡིག་སྐྱོན་ཡིན་ནམ་བརྟག་གོ༽ཞེས་གསུངས།    རྒྱལ་ཚབ་དར་ཊི་དུ༼ཕོ་ཉ་དང་ཕོ་ཉ་མོ་ལ་ཁྱིམ་ཐོབ་པ་གང་གི་ཕྱིར་ཏུ་བདག་ཆེ་གེ་མོ་དང་ལྷན་ཅིག་གནས་པར་གྱིས་ཞེས་ལན་དུ་མར་གསོལ་བ་བཏབ་ཅིང་།༽ཞེས་དང་།  ཀུན་དཔལ་སྤྱོད་འཇུག་ཏུ༼གང་གིས་ཕོ་ཉ་སྟེ་བྲན་ཕོ་དང་ཕོ་ཉ་མོ་སྟེ་བྲན་མོ་ཡིས་སྔོན་དུ་བུད་མེད་གང་དང་འཕྲད་པའི་ཕྱིར་དུ་ལན་གྲངས་དུ་མར་འཕྲིན་བསྐུར་བའི་གསོལ་བ་བཏབ་ཅིང་།༽ཞེས་དང་།ཟླ་བའི་འོད་ཟེར་དུ་༼གཞན་གྱི་བུད་མེ་ལ་སོགས་པ་གང་གི་ཕྱིར་ཏེ།  ཆེད་དུ་དེའི་ཕོ་ཉ་དང་ཕོ་ཉ་མོ་ལ་དེའི་བསམ་པས་སྐྱེས་དང་འཕྲིན་བསྐུར་བ་རྣམས་ཀྱིས་ཁྱེད་ཀྱིས་བདག་དེ་དང་ཕྲད་པར་མཛོད་ཅིག     དེ་ལྟར་ན།  བདག་གསོན་པར་བྱས་པ་ཡིན་ནོ།།  ཞེས་ལན་དུ་མར་ཐལ་མོ་སྦྱར་ཏེ་གསོལ་བ་བཏབ་ཅིང་།༽ཞེས་གསུངས།

                    རབ་ཏུ་འདོད་ཅིང་ཡོངས་ཞེན་ནས།།

                    ཅི་ཕྱིར་མྱ་ངན་འདས་མི་འགྲོ།།    

      ཞེས་སྐབས།  ཡོན་ཏན་བུམ་བཟང་དུ༼རང་ལ་དབང་བ་དང་རང་གིས་བདག་གི་བཟུང་བ་གང་ཡང་མིན་པའི་གཞན་གྱི་བུད་མེད་སོགས་ཀེང་རུས་ཀྱི་ཕུང་བ་རོ་མྱོང་བར་བྱ་བའི་འབྲས་བུ་ཅི་ཡང་མེད་པ་ལ་ཡིད་ཁྱོད་ཀྱིས་དང་པོ་རབ་ཏུ་འདོད་ཅིང་ཕྱིས་ཡོངས་སུ་ཞེན་ནས་ཅིའི་ཕྱིར་མྱ་ངན་ལས་འདས་པར་མི་འགྲོ་ཞེས་པའམ་མྱ་ངན་ལས་འདས་པ་འཐོབ་བྱེད་ཀྱི་ལམ་ཚོལ་དུ་མི་འགྲོ་ཞེས་ཆགས་ཅན་ངན་འདས་པ་རང་ལ་འདྲི་བའི་ཚུལ་གྱིས་སྨད་པ་སྟེ་བུད་མེད་སོགས་འདོད་པའི་ཡུལ་ལ་ཆགས་ཤིང་ཞེས་ནས་དེའི་དོན་དུ་འབད་པར་བྱས་པས་ནི་ཐར་བ་མྱང་འདས་འཐོབ་པའི་བར་གཅོད་བྱེད་པས་དེ་འཐོབ་མི་སྲིད་པ་བསྟན།   གཞན་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་བད་སའི་རྒྱལ་པོ་འཆར་བྱེད་ཀྱི་ཞུས་པ་སོགས་ལས་ཀྱང་ཉེས་དམིགས་མང་དུ་གསུངས་སོ།      རྒྱ་དཔེ་དང་འགྲེལ་བར་མྱ་ངན་འདས་ཞེས་པ་དག་བའི་དོན་དུ་བཤད་པ་གསུངས་ལ།   དེ་ནི་ཅིའི་ཕྱིར་འཁྱུད་པའི་དགའ་བས་ཚིམ་པའི་དོན་དུ་འགྲོ་བར་མི་བྱེད་ཅེས་པ་སྟེ་ཆེས་སྨད་པའི་དོན་ནོ། དེས་ན་བདག་ལ་ཕན་པར་འདོད་པ་དག་གིས་བུད་མེད་བསྟེན་པ་སོགས་ཟག་བཅས་ཀྱི་བདེ་བའི་རོ་དམན་པ་ཅུང་ཟད་ཙམ་པ་ལ་འཅོད་ཞེན་སྤོང་ནས་ཟག་མེད་མཆོག་གི་བདེ་བ་གྱ་ནོམ་པ་མི་ཟད་པ་འཐོབ་བྱེད་ཀྱི་ཐབས་དམ་པ་ཐར་བའི་ལམ་ཚོལ་བ་ལ་བརྩོན་པར་བྱ་རིགས་སོ།༽ཞེས་དང་།   རྒྱལ་ཚབ་དར་ཊི་དུ༼ལུས་དེ་དག་ཉིད་ཀེང་རུས་ཉིད་ཡིན་གྱི་གཞན་མིན་ན་དང་པོ་ནས་རང་དབང་དུ་གྱུར་པ་དང་ནི་བདག་ཏུ་ཡོངས་སུ་བཟུང་བ་ཡང་མིན་པ་ལ་དགོས་པ་ཅུང་ཟད་ཀྱང་མེད་པར་རབ་ཏུ་འདོད་ཅིང་ཡོངས་སུ་ཞེན་ནས་ཅིའི་ཕྱིར་མྱ་ངན་ལས་འདས་པ་མི་འགྲོ༽ཞེས་དང་།   ཀུན་དཔལ་སྤྱོད་འཇུག་ཏུ༼གང་ཟག་གི་བདག་བདེན་པར་གྲུབ་པ་མེད་པའམ་མིན་པ་དེ་ལ་ཞེས་སམ་ཡང་ན་རིང་གིས་མ་ཡིན་པས་རང་དབང་དང་ནི་གཞན་གྱི་ཡིན་པས་བདག་གི་མིན་པ་དེ་ལ་རབ་ཏུ་འདོད་ཅིང་ཡོངས་སུ་ཞེན་ནས་ཅིའི་ཕྱིར་མྱ་ངན་ལས་འདས་པའི་གོ་འཕང་དུ་མི་འགྲོ་སྟེ།༽  ཞེས་དང་།     ཟླ་བའི་འོད་ཟེར་དུ༼རང་གི་དབང་དུ་གྱུར་བ་ཡིན་ཞིང་སུས་ཀྱང་བདག་ཏུ་བཟུང་བ་མིན་པས་ནོར་རྫས་ཟད་པའི་ཉེན་པ་ལ་འབོད་མི་དགོས་པའི་ཀེང་རུས་དེ་ལ་ཡིད་ཁྱོད་རབ་ཏུ་འདོད་ཅིང་ཡོངས་སུ་ཞེན་ནས་འཁྱུད་པའི་དགའ་བས་ཚིམ་པའི་དོན་དུ་ཅིའི་ཕྱིར་འགྲོ་བ་མི་བྱེད་ཅེས་སྨད་པའོ།།  མྱ་ངན་འདས་ཞེས་པ་ནི།   རྒྱ་དཔེ་དང་འགྲེལ་པར་དགའ་བར་བཤད་དོ།།   བོད་དཔེ་ལྟར་ན།  བུད་མེད་ལ་ཞེན་ནས་ཅིའི་ཕྱིར་མྱ་ངན་ལས་འདས་པའི་ལ་་ཚོལ་དུ་མི་འགྲོ་ཞེས་སྨད་པའོ།༽ཞེས་གསུངས།   

                    ཤིང་བལ་རེག་ན་འཇམ་པ་ཡིས།།

                    སྔས་ལ་དགའ་བ་མི་བྱེད་པ།།

                    དྲི་ང་འཛག་པ་མ་ཡིན་ཞེས།།

                    འདོད་ལྡན་མི་གཙང་བ་ལ་རྨོངས།།  

        ཞེས་སྐབས།  རྒྱལ་ཚབ་དར་ཊི་དུ༼ཤིང་བལ་རེག་ན་འཇམ་པ་ཡི་སྔས་ལ་ཡང་བུད་མེད་ཀྱི་རེག་བྱ་ལྟར་དགའ་བར་མི་བྱེད་པར་བུད་མེད་ཀྱི་ལུས་ལ་འཛག་བཞིན་དུ་དྲི་ང་བ་འཛག་པ་མ་ཡིན་ནོ་ཞེས་འདོད་ལྡན་མི་གཙང་བ་ལ་གཙང་བར་རྨོངས་ནས་ཆགས་པར་བྱེད་དོ།༽ཞེས་དང་།  ཟླ་བའི་འོད་ཟེར་དུ༼ཤིང་བལ་གྱིས་བཀང་བའི་རེག་ན་འཇམ་པའི་སྔས་ཟླུམ་པོ་ལ་དགའ་བར་མི་བྱེད་པར་མི་གཙང་བས་གང་བའི་བུད་མེད་ཀྱི་ལུས་སམ་ནུ་མ་ལ་དགའ་བ་བྱེད་དེ།  བུད་མེད་ལ་མི་གཙང་བ་ལས་བྱུང་བའི་དྲི་ང་བ་འཛག་པ་ལྟར།  ཤིང་བ་ལས་མ་ཡིན་ནོ།   ཞེས་པ་མ་གཏོགས་པའི་རྟགས་གཞན་མེད་དོ།།   དེས་ན།  འདོད་ཆགས་དང་ལྡན་པ་ཁྱོད་ཡུལ་མི་གཙང་བར་མངོན་སུམ་དུ་གྱུར་བཞིན་དུ་གཙང་བར་རྨོངས་པའོ།༽ཞེས་དང་།   ཀུན་དཔལ་སྤྱོད་འཇུག་ཏུ༼དེ་ལྟ་ན་ཤིང་བལ་རེག་ན་འཇམ་པ་ཡི་སྔས་བལ་་ཡིད་དུ་འོང་བ་ལ་འདོད་ཅིང་དགའ་བ་མི་བྱེད་པར་ཤིང་བལ་འདི་མི་གཙང་བ་ལས་བྱུང་ཞིང་དྲི་ང་བ་འཛག་པ་མ་ཡིན་ནོ་ཞེས་བསམས་ནས་འདོད་ལྡན་རྣམས་བུད་མེད་ཀྱི་ལུས་མི་གཙང་བ་ལ་མི་ཤེས་ཤིང་རྨོངས་ནས།༽ཞེས་གསུངས།   ཡོན་ཏན་བུམ་བཟང་དུ༼དེ་ལྟ་ན་ཤིང་བལ་ལམ་རས་བལ་གཙང་བ་དྲི་ང་བ་མེད་ལ་རེག་ན་འཇམ་པ་དང་བཅས་པས་བཀར་བ་ཡི་ནང་ཚང་ཚན་གྱི་སྔས་འབོལ་འཇམ་ཞིང་མཉེན་པ་ལ་དགའ་བ་མི་བྱེད་པར་དེ་རེག་ན་འཇམ་ཡང་དྲི་ང་བ་འཛག་པ་མ་ཡིན་ནོ་ཞེས་སྨད་པ་ལྟར་བྱས་ཏེ་སྤངས་ནས་མི་གཙང་བ་འབའ་ཞིག་གིས་གང་ཞིང་དྲི་ང་ལ་སྒོ་དགུ་ནས་མི་གཙང་བ་འཛག་པ་ལ་དགའ་ཞིང་ཆགས་པ་ནི་འདོད་ལྡན་དམན་པ་ཁྱོད་མི་གཙང་བ་ལ་རྨོངས་པ་སྟེ་མི་གཙང་ཞིང་དྲི་ང་བ་ཡིན་པ་མངོན་དུ་གྱུར་བཞིན་དུ་དེའི་གནས་ཚུལ་མི་ཤེས་པར་ཕྱིན་ཅི་ལོག་གི་རྟོག་པས་མི་གཙང་བར་ཞེན་པ་སྟེ་དེ་ནི་ཤིན་ཏུ་མི་རིགས་སོ། །༽ཞེས་པར་གསུངས།

                    དེས་ཀྱང་བདག་དོན་མ་བྱས་ལ།།

                    བདག་ཀྱང་དེ་དོན་མི་འགྱུར་བས།།

                    བྱིས་ལས་ཐག་རིང་བྱོལ་བར་བྱ།།

       རྒྱལ་ཚབ་དང་ཀུན་དཔལ་གྱིས་འདིའི་སྐོར་མ་གསུངས།   བུ་སྟོན་གྱིས་ཟླ་བའི་འོད་ཟེར་དུ་རྒྱ་དཔེ་དང་འགྲེལ་བ་ཐམས་ཅད་ལས།   བདེ་དང་ཉོན་མོངས་མེད་ཡིད་ཀྱིས།།   གཅིག་པུ་ད་ནི་གནས་པར་བྱ།།   ཞེས་ཏེ།༼འཕགས་པའི་ཆོས་ལ་རྗེས་སུ་བསླབ་པའི་དོན་དུ་བྱིས་པ་དང་འགྲོགས་པ་སྤངས་ཏེ།  གཅིག་པུར་གནས་པའམ་རྒྱུ་བར་བྱ་སྟེ།  དེ་སྤངས་པས་ལས་བདེ་བ་དང་ཡིད་ལ་དེས་བྱས་པའི་ཉོན་མོངས་པ་མེད་པའི་ཕྱིར༽ཅེས་གསུངས།  ཡོན་ཏན་བུམ་བཟང་དུ༼དེས་ཀྱང་བདག་དོན་སོགས་རྐང་པ་གཉིས་རྒྱ་དཔེ་དང་རྒྱ་འགྲེལ་རྣམས་ན་མེད་ཅིང་།  དེའི་ཚབ་ཏུ།   བདེ་དང་ཉོན་མོངས་མེད་ཡིད་ཀྱིས།།  གཅིག་པུ་དབེན་པར་གནས་པར་བྱ།།  ཞེས་ཡོད་ལ།  དེའི་དོན་ནི།   བྱིས་པ་སྤངས་ནས་འཕགས་པའི་ཆོས་ཀྱི་རྗེས་སུ་བསླབ་པ་བདེ་ཞིང་བྱིས་པ་དང་འགྲོགས་པའི་རྐྱེན་གྱི་ཉོན་མོངས་པ་མེད་པའི་ཡིད་ཀྱིས་རང་གཅིག་པུ་གྲོགས་ངན་མེད་པར་དབེན་པར་གནས་པར་བྱ་ཞེས་པ་ཡིན་པར་གསུངས་སོ། །

                    འདི་དག་རང་བཞིན་འདོར་འགྱུར་བས།།

                    བརྟན་པར་གྱིས་ཏེ་རབ་ཏུ་རྟོགས།། 

         ཞེས་སྐབས་རྒྱལ་ཚབ་དར་ཊི་དུ༼ཆགས་པའི་ཡུལ་འདི་དག་བྱུང་ཡང་ཡིད་བརྟེན་མེད་དེ་འདི་དག་གི་རང་བཞིན་གདོན་མི་ཟ་བར་འདོར་བར་འགྱུར་བར་ཡིད་ཆེས་བརྟན་པར་གྱིས་ཏེ་རབ་ཏུ་རྟོགས་པ་གྱིས་ཤིག༽ཞེས་དང།    ཟླ་བའི་འོད་ཟེར་དུ༼རྙེད་པ་ལ་སོགས་འདི་དག་མི་རྟག་པའི་ཕྱིར་རང་བཞིན་ཏེ།  རང་གི་ངངགིས་འདོར་བ་སྟེ།  ཉམས་པའམ་འཇིག་པར་འགྱུར་བའི་ཕྱིར།   སོས་བཻ།  གློད་པའམ་འཇུག་པ་དགེ   བརྟན་པར་གྱིས་ཏེ་རབ་ཏུ་རྟོགས་པར་གྱིས་ཤིག༽  ཡོན་ཏན་བུམ་བཟུང་དུ༼རྙེད་བཀུར་སོགས་འདོད་པའི་ཡུལ་འདི་དག་ཇི་ཙམ་བྱུང་ཡང་ཡིད་བརྟེན་དུ་མི་རུང་བ་མེད་དེ་འདི་དག་གི་རང་བཞིན་ནི་ངེས་པར་མི་རྟག་ཅིང་རང་གི་ངང་གིས་འདོར་ཅིང་འཇུག་པར་འགྱུར་བའི་ཆོས་ཅན་ཡིན་པས་ན་དེའི་ཚུལ་ལ་ཡིད་ཆེས་པའི་སྒོ་ནས་བློའི་འཇུག་པ་ཤིན་ཏུ་བརྟན་པར་བགྱིས་ཏེ་མི་རྟག་ཅིང་མི་རྟག་པའི་རང་བཞིན་ཅན་ལ་ཆགས་ཤིང་ཞེན་པས་ཅི་བྱེད་སྙམ་དུ་རབ་ཏུ་རྟོགས་པར་གྱིས་ཤིག༽ཞེས་གསུངས།   ཀུན་དཔལ་སྤྱོད་འཇུག་དུ༼རྙེད་བཀུར་ལ་སོགས་པ་འདི་དག་གི་རང་བཞིན་གདོན་མི་ཟ་བར་གཞན་དུའདོར་བ་འགྱུར་བས་རྟག་བརྟན་མེད་པའི་ཚུལ་ལ་སེམས་བརྟན་པར་གྱིས་ཏེ་འདི་ལྟར་རབ ་ཏུ་རྟོགས་པར་གྱིས་ཤིག ༽ཅེས་གསུངས།

                    གང་ཕྱིར་བྱིས་པ་རང་དོན་ནི།།

                    མེད་པར་དགའ་བ་མི་འབྱུང་བས།།

                    བྱིས་པ་འགའ་ཡང་བཤེས་མིན་ཞེས།།

                    དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས།། 

       ཞེས་པར་རྒྱལ་ཚབ་དར་ཊི་དུ༼རྒྱུ་མཚན་གང་གི་ཕྱིར་ན་བྱིས་པ་ཇི་ལྟར་ཡང་རང་དོན་ནི་གཞན་ལས་ལྷག་པ་ཞིག་མེད་པར་དགའ་བ་མི་འབྱུང་བས་བྱིས་པ་སོ་སོ་སྐྱེ་བོ་འགའ་ཡང་གྲོགས་དང་བཤེས་པར་བྱ་བ་མིན་ནོ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་སོ།༽ཞེས་དང་།  ཡོན་ཏན་བུམ་བཟང་དུ༼མཛའ་བཤེས་ཀྱི་ཚུལ་དུ་འགྲོགས་མི་རུང་བའི་རྒྱུ་མཚན་གང་གི་ཕྱིར་ན་བྱིས་པ་དག་ནི་ཇི་ལྟར་ཡང་ཁོ་རང་གིས་འདོད་པའི་རང་དོན་ནི་གཞན་པས་ལྷག་པ་ཞིག་གྲུབ་པ་མེད་པར་ནམ་ཡང་དགའ་བ་མི་འབྱུང་བར་ངེས་ལ།  ཁོ་དགའ་བ་བསྐྱེད་བྱེད་ཀྱི་རང་འདོད་ཀྱི་དོན་ཐམས་ཅད་སུས་ཀྱང་བསྒྲུབ་དཀའ་བས་ན་བྱིས་པ་མཁས་པ་འགའ་ཡང་སྙིང་གྲོགས་ཀྱིས་མཛའ་བཤེས་སུ་བྱས་ནས་བསྟེན་པར་བྱ་བ་མིན་ནོ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས༽ཞེས་དང་། གང་ཕྱིར་བྱིས་པ་སོགས་ཀྱི་ཚིགས་བཅད་འདི་ལ།   རྒྱ་དཔེར།  རང་དོན་སྒོ་ནས་དགའ་བ་གང།།   དེ་ནི་རང་དོན་དགའ་བ་ཉིད།།  ཇི་ལྟར་རྗེས་ཉམས་ཞེ་སྡང་བ།།  དེ་ནི་བྱིས་བདེ་ཉམས་བྱས་པས་སོ།། ཞེས་འབྱུང་ལ།  དེའི་དོན་ནི།  གོང་གི་དགའ་བ་ཇི་ལྟར་སྐྱེ། ཞེས་པ་དང་སྦྲེལ་ཏེ།  རང་དོན་གྱི་སྒོ་ནས་དགའ་བ་སྐྱེ་བ་གང་ཡིན་པ་དེ་ནི་མཛའ་བཤེས་ཀྱི་གྲོགས་དག་ལ་དགའ་བ་མིན་གྱི་རང་གི་དོན་ཁོ་ན་ལ་དགའ་བ་ཉིད་ཡིན་ཏེ།   ཇི་ལྟར་དེ་དཔེར་ན་ནོར་རྫས་དག་ཉམས་ཤིང་བརླག་པའི་ཚེ་ཞེ་སྡང་ཞིང་མི་དགའ་བ་སྐྱེ་བ་དེ་ནོར་རྫས་ལ་མི་དགའ་མིན་གྱི་རྫས་བརླག་པས་རང་གི་བདེ་བ་ཉམས་པར་བྱས་པས་མི་དགའ་བཞིན་ཡིན་པར་བི་བྷཱུ་ཏིའི་འགྲེལ་བར་གསུངས་སོ།།

       ཀུན་དཔལ་སྤྱོད་འཇུག་ཏུ༼བྱིས་པའི་གྲོགས་དང་མི་འགྲོགས་པའི་རྒྱུ་མཚན་གང་གི་ཕྱིར་ན་བྱིས་པ་རྣམས་ནི་རང་རང་སོ་སོའི་ཚེ་འདི་ཕྱིའི་དོན་ཏེ་གཉེར་བྱ་ནི་མེད་པར་ནམ་ཡང་ཐ་ན་བཟའ་བཏུང་ཙམ་ཡང་སྦྱིན་པའི་དགའ་བ་མི་འབྱུང་ཞིང་རང་དོན་འབའ་ཞིག་གཉེར་བས་ན་བྱིས་པ་ཡི་གྲོགས་འགའ་ཡང་མཛའ་བཤེས་སུ་བརྟེན་པ་བྱ་མིན་ནོ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས།༽   ཟླ་བའི་འོད་ཟེར་དུ༼རྒྱུ་མཚན་གང་གི་ཕྱིར་བྱིས་པ་ཁོ་རང་གི་རང་འདོད་ཀྱི་དོན་གྲུབ་པ་མེད་པར་དགའ་བ་མི་འབྱུང་ལ།  ཁོའི་འདོད་པ་ཐམས་ཅད་སྒྲུབ་མི་ནུས་པའི་ཕྱིར་བྱིས་པ་དང་བཤེས་པ་སྟེ། གྲོགས་པོར་བྱས་ནས་འགྲོགས་པ་ལ་དགའ་བ་མེད་དོ་ཞེས་དེ་བཞིན་གཤེགས་པས་གསུངས།  འོ་ན་སྔར་སེམས་ཅན་ལ་གུས་པ་བྱ་དགོས་པ་དང་།  གཞན་དོན་ཆེད་ཆེར་བྱེད་པར་བཤད་པ་དང་འདི་འགལ་ལོ་ཞེ་ན།  དེ་ནི་སེམས་ཅན་མ་དདཔའི་སྤྱོད་པ་དང་།  དེ་དག་ལ་གནོད་པ་སྤོང་ཞིང་ཕན་པ་སྒྲུབ་པ་དང་།  གཞན་དོན་གྱི་བསམ་པ་གཙོ་ཆེ་བ་ལ་དགོངས་ལ། འདི་ནི།  རང་དོན་ལ་ཆགས་ཞེན་གྱིས་དེ་དག་དང་འདྲིས་པ་སྤོང་བ་ལ་དགོདསཔ་ཡིན་པས་མི་འགལ་ལོ།།   བླ་མ་དག།  ཚིགས་བཅད་འདི་གསུམ་མི་ནུས་པའི་གཞན་དོན་སྤོང་ཞེས་འཆད་དེ།  སྔར་གྱི་མདོར་བསྟན་དང་མི་འབྱོར་ཅིང་།  འགྲེལ་ན་དག་དང་ཡང་འགལ་ལོ།   འདིར་རྒྱ་དཔེ་དག་ལས།  རང་དོན་སྒོ་ནས་དགའ་བ་གང་།། དེ་ནི་རང་དོན་དགའ་བ་་ཉིད།།  ཇི་ལྟར་རྫས་ཉམས་ཞེ་སྡང་བ།།  དེ་ནི་བདེ་ཉམས་བྱས་པས་སོ།།ཞེས་འབྱུང་ལ།   དེའི་དོན་བི་བྷཱུ་ཏིའི་འགྲེལ་བར། སྔར་དང་སྦྲེལ་ནས་རངདོན་གྱི་སྒོ་ནས་དགའ་བ་གང་ཡིན་པ་དེ་ནི། གྲོགས་པོ་ལ་དགའ་བ་མ་ཡིན་གྱི།  རང་གི་བདེ་བ་ཉམས་པར་བྱས་པས་མི་དགའ་བ་བཞིན་ནོ༽ཞེས་འབྱུང་ངོ་།།

                    ནགས་ན་རི་དྭགས་བྱ་རྣམས་དང་།།

                    ཤིང་རྣམས་མི་སྙན་བརྗོད་མི་བྱེད།།

                    འགྲོགས་ན་བདེ་བ་དེ་དག་དང་།།

                    ནམ་ཞིག་ལྷན་ཅིག་བདག་གནས་འགྱུར།།  

      ཞེས་པར་རྒྱལ་ཚབ་དར་ཊི་དུ༼ནགས་ན་རི་དྭགས་དང་བྱ་རྣམས་དང་ཤིང་རྣམས་མི་སྙན་པ་རྗོད་པར་མི་བྱེད་པ་འགྲོགས་ན་བདེ་བ་དེ་དག་དང་ནམ་ཞིག་ལྷན་ཅིག་བདག་གནས་པ་འགྱུར་སྙམ་དུ་སྨོན་པར་བྱའོ༽ཞེས་དང་།  ཀུན་དཔལ་སྤྱོད་འཇུག་དུ༼དེ་ལ་མཁས་པ་སྟོང་དང་གྲུབ་པ་བརྒྱ་ཡི་ཕ་ཁྱིམ་མི་མེད་དབེན་པའི་རི་ཁྲོད་དམ་ནགས་ཀྱི་ཚལ་ཉམས་དགའ་བ་ན་གྲོགས་ཀྱི་ཁྱད་པར་རི་དྭགས་དང་བྱ་རིགས་རྣམ་པ་སྣ་ཚོགས་རྣམས་དང་ལྗོན་ཤིང་རྣམས་ནི་རང་ལ་སྒྲོ་འདོགས་དང་སྐུར་འཕྱ་ཞིང་སྨོད་པའི་ཚིག་མི་སྙན་པ་བརྗོད་པར་མི་བྱེད་ཅིང་། ཅི་ཙམ་འགྲོགས་ཀྱང་མི་མགུ་བའི་དོགས་པ་མི་དགོས་པའི་རང་བཞིན་གྱིས་འགྲོགས་ན་བདེ་བའི་གྲོགས་བཟང་པོ་ཡིད་དུ་འོང་བ་དེ་དག་དང་དུས་ནམ་ཞིག་ལྷན་ཅིག་བདག་གནས་པར་འགྱུར་ཞེས་ཡིད་ལ་སེམས་ཤིང་སྨོན་པའོ།༽ཞེས་གསུངས།   ཡོན་ཏན་བུམ་བཟང་དུ༼ནགས་ཁྲོད་དབེན་པ་ན་གནས་པའི་ལྗོན་ཤིང་རྣམས་མི་སྙན་པ་བརྗོད་པ་སྟེ།  སྨོད་པར་མི་བྱེད་ལ།  རི་དྭགས་བྱ་དགའ་དང་ཞེས་པ་ནི།  རྒྱ་དཔེ་དང་འགྲེལ་བ་ཐམས་ཅད་ལས།  རབ་ཏུ་འབད་པས་བསྟེན་མི་དགོས།  ཞེས་འབྱུང་སྟེ།  དེ་རྣམས་རབ་ཏུ་བསྒྲིམས་ནས་ཁོ་དང་མཐུན་པའི་སྤྱོད་པས་རབ་ཏུ་བསྟེན་པ་སྟེ།  མགུ་བར་བྱ་མི་དགོས་སོ།།  ངན་སེམས་དང་བྲལ་བས་ལྷན་ཅིག་ཏུ་འགྲོགས་པ་སྟེ།  གནས་ན།  བདེ་བའི་རྒྱུར་གྱུར་པའི་ཤིང་དེ་དག་དང་དུས་ནམ་ཞིག་གི་ཚེ་ལྷན་ཅིག་ཏུ་གནས་པར་འགྱུར་ཞེས་སྨོན་པའོ།༽ཞེས་གསུངས།   ཟླ་བའི་འོད་ཟེར་དུ༼ནགས་ཁྲོད་དབེན་པ་ན་གནས་པའི་ལྗོན་ཤིང་རྣམས་མི་སྙན་པ་བརྗོད་པ་སྟེ།  སྨོད་པ་མི་བྱེད་ལ།  རི་དྭགས་བྱ་དགའ་དང་ཞེས་པ་ནི།   རྒྱ་དཔེ་དང་འགྲེལ་བ་ཐམས་ཅད་ལས།  རབ་ཏུ་འབད་པས་བསྟེན་མི་དགོས།   ཞེས་འབྱུང་སྟེ།   དེ་རྣམས་རབ་ཏུ་བསྒྲིབས་ནས་ཁོ་དང་མཐུན་པའི་སྤྱོད་པས་རབ་ཏུ་བསྟེན་པ་སྟེ།   མགུ་བར་བྱ་དགོས་སོ། །ངན་སེམས་དང་བྲལ་བས་ལྷན་ཅིག་ཏུ་འགྲོགས་པ་སྟེ།  གནས་ན།   བདེ་བའི་རྒྱུར་གྱུར་བའི་ཤིང་དེ་དག་དང་དུས་ནམ་ཞིག་གི་ཚེ་ལྷན་ཅིག་ཏུ་གནས་པར་འགྱུར་ཅེས་སྨོན་པའོ།།

                    གང་ལ་གཡོགས་ཀྱང་འདི་ཆགས་པ།།

                    དེ་མ་གཡོགས་ན་ཅིས་མི་འདོད།།

                    དེ་ལ་དབོས་པ་མེད་ན་ནི།།

                    གཡོགས་པ་ལ་ནི་ཅིའི་ཕྱིར་འཁྱུད།།  

       ཅེས་སྐབས།  ཟླ་བའི་འོད་ཟེར་དུ༼ཤ་ལྤགས་ཀྱིས་མ་གཡོགས་པའི་ཀེང་རུས་ལ་དབོས་པ་མེད་དོ།།  སྙམ་ན།  མི་གཙང་བའི་རང་བཞིན་གང་ལ་ཤ་དང་པགས་པ་སྲབ་པས་གཡོག་ཀྱང་འདི་ལ་ཆགས་པའི་མི་གཙང་བ་དེ་མ་གཡོགས་ན་ཡང་ཅིས་མི་འདོད་དེ།  འདོད་པ་རིགས་སོ།   མ་གཡོགས་པ་དེ་ལ་ནི་དགོས་པ་མེད་ན་ནི།   པགས་པ་སྲབ་པས་གཡོགས་པ་ལ་ཅིའི་ཕྱིར་འཁྱུད་པའམ།  ལག་པས་བྱིལ་བྱིལ་བྱེད་ཅིང་ཉེད་པར་བྱེད་དེ།  བྱེད་པར་མི་རིགས་སོ།།   ཚིགས་བཅད་འདི།  རྒྱ་དཔེ་དག་དང་འགྲེལ་པ་གསུམ་ལས་ཚིགས་བཅད་གཉིས་ཀྱི་འོག་ཏུ་འབྱུང་ཞིང་།   དོན་དང་ཡང་ཤིན་ཏུ་འབྲེལ་མོད་ཀྱང་།  བོད་དཔེ་དང་བེ་བྷཱུ་ཏིའི་འགྲེལ་བ་ལས་འདིར་འབྱུང་ངོ་༽ཞེས་དང་།     ཡོན་ཏན་བུམ་བཟང་དུ༼གང་ལ་གཡོགས་ཀྱང་སོགས་གོང་གི་ཚིགས་བཅད་བུ་སྟོན་གསུང་།   འོན་ཀྱང་བོད་དཔེ་དང་བི་བྷཱུ་ཏིའི་འགྲེལ་བ་སོགས་འགའ་ཞིག་ཏུ་གོང་ལྟར་རོ།།   ཡང་འདོད་ལྡན་ངན་པ་སོགས་ཀྱི་ཚིགས་བཅད་འདི་རྒྱ་དཔེ་དང་རྒྱ་འགྲེལ་རྣམས་སུ་མེད་པར་གསུངས་མོད།    དོན་ནི།   འདོད་པའི་དུག་ཆུས་མྱོས་པའི་འདོད་ལྡན་ངན་པ་ཤེས་རབ་ཀྱི་མིག་གཏུ་མིག་གིས་བསྒྲིབས་པའི་རྨོངས་པ་རྣམས་ནི་ཤིང་བལ་རེག་ན་འཇམ་པ་ལའང་འདི་ལའམ་འདིས་ཉལ་པོ་བྱ་བར་མི་ནུས་སོ་ཞེས་ཤིང་བལ་གཙང་ལ་འཇམ་པ་དེ་ལ་མི་དགའ་ཞིང་ཁྲོ་བ་དག་ཏུ་བྱེད་པས་ན་རེག་བྱ་ལ་མི་ཆགས་པར་མི་གཙང་བ་ལ་ཆགས་པར་ངེས་པས་དེ་མི་རིགས་སོ།༽ཞེས་གསུངས།   རྒྱལ་ཚབ་དར་ཊི་དང་ཀུན་དཔལ། སྤྱོད་འཇུག་དུ་འདིའི་སྐོར་མ་གསུངས།

                    བདག་ལ་རྨོངས་བའི་འབད་པ་ཡིས།།

                    སྨྱོས་པས་ས་འདི་ཀུན་ཏུ་འཁྲུགས།།  

      ཞེས་སྐབས།  རྒྱལ་ཚབ་དར་ཊི་དུ༼དེས་ན་སྐྱེ་བོ་རྣམས་བདག་ལ་རྨོངས་བའི་འབད་པ་ཡིས་ཉོན་མོངས་པས་རྒྱུད་འཁྲུལ་བའི་སྨྱོས་པས་ས་འདི་ཀུན་ཏུ་འཁྲུགས་པ་སྟེ།  གང་ཞིང་ཁྱབ་པ་ཡིན་ནོ།༽ཞེས་དང་།   ཟླ་བའི་འོད་ཟེར་དུ༼སེམས་ར་ངབཞིན་དུ་མི་གནས་པའི་སྨྱོན་པས་བདག་ཉིད་ལ་བསམ་བཞིན་དུ་རྨོངས་པ་སྐྱེད་པར་བྱེད་པ་ལ་འབད་པས་རྨོངས་ཤིང་ལམ་ཕྱིན་ཅི་ལོག་ཉམས་སུ་བླངས་པས་སེམས་རང་བཞིན་དུ་མི་གནས་ཏེ།  སྨྱོན་པར་གྱུར་པས་ས་འདི་འཁྲུགས་ཤིང་ཀུན་ཏུ་གང་བར་འགྱུར་རོ།  ཞེས་དྲིས་པའི་ལན་ཞར་ལ་བྱུང་བ་བཏབ་སྟེ།  འགྲེལ་བ་དག་ལས་འདི་གོང་མ་དང་།  སྦྲེལ་བར་སྣང་ངོ་།   ཀུན་དཔལ་སྤྱོད་འཇུག་ཏུ༼དེ་ལྟར་བདག་མེད་པ་ལ་བདག་དང་བདག་གིར་འཛིན་པ་དང་མི་གཙང་བ་ལ་གཙང་བར་འཛིན་པའི་རྨོངས་པའི་དབང་གིས་ཞེན་ཅིང་ཆགས་པས་ཁྲུས་དང་བྱུག་པ་བྱི་དོར་ལ་སོགས་པ་ལ་འབད་པ་ཡིས་འདོད་པའི་མྱོས་ཆུ་འཐུངས་ཏེ་སེམས་རབ་ཏུ་སྨྱོས་པས་རྣལ་དུ་མི་གནས་པ་རྣམས་ཀྱིས་ས་ཡི་སྟེང་འདི་ཀུན་ཏུ་ཁྱབ་ཅིང་འཁྲུགས་པ་ཤིན་ཏུ་སྙིང་རྗེ་བའི་གནས་ཡིན་ཏེ།༽ཞེས་གསུངས།    ཡོན་ཏན་བུམ་བཟང་དུ༼དེ་ལྟར་སྐྱེ་བོ་འདོང་ལྡན་རྣམས་བདག་ལ་ཕན་པའི་དོན་སྒྲུབ་པ་ལ་ཤིན་ཏུ་རྨོངས་ཤིང་འཁྲུལ་པར་གྱུར་པའི་དབང་གིས་ལུས་ཀྱི་བྱི་དོར་བྱེད་པ་སོགས་དོན་མེད་པའི་ལས་ལ་འབད་པ་ཡིས་འདོད་པའི་མྱོས་ཆུ་འཐུངས་ཤིང་ཆགས་སོགས་ཉོན་མོངས་པའི་གདོན་གྱིས་བརླམས་པས་ཤེས་རྒྱུད་འཁྲུལ་ཞིང་མྱོས་པར་གྱར་པས་ས་སྟེང་འདི་ཀུན་ཏུ་འཁྲུགས་པ་སྟེ་ཀུན་ཏུ་གང་ཞིང་ཁྱབ་པར་གྱུར་པ་ཡིན་ནོ་ཞེས་རྒྱལ་སྲས་ཞི་བའི་ལྷ་ཉིད་ཀྱིས་ཐུགས་སྐྱོ་བའི་སྒོ་ནས་མྱ་ངན་མཛད་དེ་ཤིན་ཏུ་བརྩེ་བའི་གནས་སུ་བྱས་པའོ།   བདག་ལ་རྨོངས་པའི་སོགས་ཚིག་རྐང་གཉིས་པོ་འདི་འགྲེལ་པ་འགར་གོང་གི་ཅི་ཕྱིར་བྱི་དོར་བྱེད་ཅེས་དྲིས་པའི་ལན་དུ་བྱས་ནས་གོང་མ་ལ་ཡར་སྦྲེལ་ནས་འཆད་པ་ལྟར་བྱས་ཀྱང་ཆོག་ལ་འགའ་ཞིག་ཏུ་མར་ལ་སྦྱར་ནས་བཤད་དོ།༽ །ཅེས་གསུངས།     

                    སྒྲ་མེད་ཞུ་བའི་ནགས་རླུང་གཡོབ་པ་ཡི།།

                    གཞན་ལ་ཕན་དོན་སེམས་ཤིང་ཆགས་པར་བྱེད།། 

       ཅེས་སྐབས།   རྒྱལ་ཚབ་དར་ཊི་དུ༼ཤིན་ཏུ་ཡངས་བའི་རྡོ་ལེབ་ཁང་བཟང་དང་འདྲ་བ་ཉམས་དགའ་བར་ཡིད་དང་མཐུན་པའི་སྒྲ་མེད་ཅིང་།  འཇམ་ཞིང་ཞི་བའི་ནགས་ཀྱི་རླུང་གཡོབ་པཡིས་མཛེས་པར་བྱས་པའི་གནས་སུ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགས་པ་གཞན་ལ་ཕན་པའི་དོན་སེམས་ཤིང་འཆགས་པར་བྱེད་པས།   རྣལ་འབྱོར་པ་རྣམས་ཀྱིས་དབེན་པ་བསྟེན་པ་ནི་འཇིག་རྟེན་པའི་བདེ་བ་གང་ལས་ཀྱང་ཁྱད་པར་དུ་འཕགས་པའོ།༽  ཞེས་དང་།    ཀུན་དཔལ་སྤྱོད་འཇུག་ཏུ༼སྒྲ་ཡིས་ཅ་ཅོ་མེད་པས་རབ་ཏུ་འཇམ་ཞིང་ཞི་བའི་ནགས་ཀླུང་རླུང་གིས་བསྐྱོད་པའི་བསིལ་ཡབ་གཡོབ་པ་ཡིས་བསིལ་ཕབ་ཅིང་རྒྱལ་པོ་ཡུལ་འཁོར་ལ་ཕན་པའི་ཐབས་སེམས་ཤིང་འཆག་པར་བས་ཀྱང་།   མཐའ་ཡས་པའི་སེམས་ཅན་གཞན་ལ་ཕན་པར་བྱེད་པས་ཚེ་འདིར་ཡང་བདེ་ལ་ཕྱི་མ་ལའང་བདེ་ཞིང་སྐྱིད་པར་འགྱུར་རོ།༽ཞེས་གསུངས།   ཡོན་བུམ་བཟང་དུ༼ཤིན་ཏུ་ཡངས་པའི་རྡོ་ལེབ་ཀྱི་ཁང་བཟང་དང་འདྲ་བ་ཉམས་དགའ་བ་སྟེ་གཙང་ཞིང་འཇམ་ལ་བདེ་བར་བསམ་གཏན་གྱི་ཚེར་མར་གྱུར་པའམ་ཁམས་དང་མི་འཕྲོད་པའི་སྒྲ་མེད་ཅིང་བགས་ཀྱི་འཇམ་ཞིང་ཞི་བའི་ནགས་ཀྱི་ཀློང་དུ་རླུང་བསིལ་ཡབ་དང་འདྲ་བ་དལ་བུས་གཡོ་བའམ་གཡོབ་པ་ཡིས་ཡིད་ལ་སིམ་པ་སྦྱིན་པའི་གནས་སུ་བྱང་ཆུབ་ཀྱི་སེམས་སྒོམ་པ་སོགས་ཀྱི་སྒོ་ནས་གཞན་སེམས་ཅན་ཐམས་ཅད་ལ་ཕན་བདེ་འབའ་ཞིག་སྐྱེད་པའི་དོན་ཁོ་ན་སེམས་ཤིང་དལ་བུའི་སྒོ་ནས་འཆག་པར་བྱེད་པའི་རྣལ་འབྱོར་བའི་འབྱོར་བའི་ཁྱད་པ་ནི།  འཁོར་ལོས་སྒྱུར་བའི་རྒྱལ་པོ་སོགས་བདེ་་སྐྱིད་ཀྱི་དཔལ་ལ་སྤྱོད་པའི་སྐལ་བ་དང་ལྡན་པའི་རྒྱལ་པོ་རྣམས་ཙནྡན་གྱི་བྱུགས་པས་བསིལ་བར་བྱས་པའི་ཁང་བཟང་གི་ནང་དུ་རྔ་ཡབ་ནོར་བུའི་ཡུ་བ་ཅན་གྱིས་གཡོབ་ཅིང་རྒྱལ་སྲས་དང་འབངས་འཁོར་ལ་ཕན་པའི་དོན་སེམས་ཤིང་འཆག་པར་བྱེད་པ་དེ་ལྟ་བུའི་རྒྱལ་པོ་ཆེན་པོའི་འབྱོར་བ་སོགས་འཇིག་རྟེན་པའི་བདེ་འབྱོར་གང་ལས་ཀྱང་ཆེས་ཆེར་ལྷག་སྟེ་ཆགས་སྡང་བྲལ་ཞིང་རྩོལ་སྒྲུབ་སོགས་ཀྱི་བྱ་བྱེད་ཅི་ཡང་མི་དགོས་པའི་ཕྱིར་རོ།   འདིའི་རྩ་ཚིག་ཏུ།  ནགས་ཀློང་གཡོ་བའམ་གཡོབ་པ་དང་།།   གནས་རླུང་གཡོ་བའམ་གཡོབ་པ་ཞེས་མི་འདྲ་བ་བྱུང་ངོ་།   ཟླ་བའི་འོད་ཟེར་དུ་གསུངས་པ་ནི་ཡོན་ཏན་བུམ་བཟང་ནས་འཆད་པ་དང་མཐུན་ནོ། །

                    གལ་ཏེ་བཟློག་ནའང་ཐམས་ཅད་བཟློག།

                    དེ་མིན་བདག་ཀྱང་སེམས་ཅན་བཞིན།།  

       ཞེས་སྐབས།   རྒྱལ་ཚབ་དར་ཊི་དུ༼གཞན་གྱི་སྡུག་བསྔལ་སེལ་བ་མེད་ན་བདག་གི་སྡུག་བསྔལ་ཀྱང་སེམས་ཅན་གཞན་གྱི་སྡུག་བསྔལ་བཞིན་དུ་བསལ་བྱ་མ་ཡིན་པར་འགྱུར་བས་བདག་ལ་གཅེས་པར་འཛིན་པ་བཞིན་དུ་གཞན་གཅེས་པར་བཟུང་ནས་དེའི་སྡུག་བསྔལ་སེལ་བ་ལ་ཆེད་ཆེ་བྱའོ།༽ཞེས་དང་།   ཡོན་ཏན་བུམ་བཟང་དུ༼དེས་ན་བདག་གི་སྡུག་བསྔལ་དེ་མི་འདོད་པས་གལ་ཏེ་བཟློག་པ་བྱ་རིགས་སོ་སྙམ་ན་གཞན་གྱི་སྡུག་བསྔལ་ཐམས་ཅད་ཀྱང་འདོད་བྱ་མ་ཡིན་པས་བཟློག་རིགས་པར་མཚུངས་ལ།   གཞན་གྱི་སྡུག་བསྔལ་དེ་བཟློག་པར་བྱ་བ་མིན་ན་བདག་གི་སྡུག་བསྔལ་དེ་དག་ཀྱང་སེམས་ཅན་གཞན་གྱི་སྡུག་བསྔལ་ལྟར་བཟློག་མི་རིགས་པ་མཚུངས་སོ།།    དཔེ་འགའ་ཞིག་ཏུ།   གལ་ཏེ་བཟློག་ནའང་ཞེས་འང་སྒྲ་ཡོད་ཀྱང་དཔེ་ཕལ་ཆེར་ལ་འང་སྒྲ་མེད་པས་དེ་ལྟར་བྱས་ན་འཆད་བདེའོ།  ཡང་ན་ཅིའི་ཕྱིར་སེམས་ཅན་གཞན་ཀུན་གྱི་སྡུག་བསྔལ་གྱིས་ནི་བདག་ལ་མི་གནོད་པས་དེ་བཟློག་པ་བྱ་བར་དོན་མེད་ཅེས་བདག་ལ་བརྩད་དུ་མེད་དེ།   གོང་དུ།  མ་འོངས་པ་ཡི་སྡུག་བསྔལ་ཡང་།  ཞེས་སོགས་ཀྱི་ལན་བཏབ་ཟིན་པ་ལྟར་།  བདབ་གི་སྡུག་བསྔལ་དེ་མི་འདོད་པས་གལ་ཏེ་བཟློག་པར་རིགས་སོ་སྙམ་ན་ཞེས་སོགས་སྔ་མ་ལྟར་སྦྱར་ནས་བཤད་ཀྱང་ཆོག་ཏེ།   འདིས་དོན་བསྡུས་ཏེ་སྡུག་བསྔལ་ཐམས་ཅད་བསལ་བྱར་བསྟན་པས་སོ།།  འོན་ཀྱང་སྔ་མ་ལྟར་བཤད་ན་ལེགས་སྙམ།༽ཞེས་གསུངས།    ཀུན་དཔལ་སྤྱོད་འཇུག་དུ༼དོན་དམ་པར་དེ་ལྟར་ཡིན་ཡང་གལ་ཏེ་ཀུན་རྫོབ་ཏུ་བདག་གི་སྡུག་བསྔལ་བཟློག་པ་བྱ་ནའང་གཞན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཡང་བཟློག་པར་བྱ་དགོས་པར་ཡིན༌ལ་གཞན་གྱི་སྡུག་བསྔལ་བཟློག་པར་བྱ་བ་དེ་ལྟར་མིན་ན་བདག་གི་སྡུག་བསྔལ་ཀྱང་སེམས་ཅན་གཞན་གྱི་སྡུག་བསྔལ་བཞིན་དུ་བཟློག་བྱ་མིན་པར་མཚུངས་པས་བཟློག་མི་རིགས་སོ།༽ཞེས་གསུངས།   ཟླ་བའི་འོད་ཟེར་དུ་གསུངས་པ་ནི་ཡོན་ཏན་བུམ་བཟང་དུ་ལུང་དྲངས་ཟིན་ནོ།།།།

  ཞལ་མི་མཐུན་ས་གཙོ་བོ་བུ་སྟོན་གྱི་༼ཟླ་བའི་འོད་ཟེར༽དང་རྒྱལ་ཚབ་ཀྱི་༼རྒྱལ་ཚབ་དར་ཊི༽དང་ཐབ་བསྟན་ཆོས་གྲགས་ཀྱིས་༼ཡོན་ཏན་བུམ་བཟང༽ཀན་དཔལ་གྱིས༼ཀུན་དཔལ་སྤྱོད་འཇུག༽རྣམས་ཡིན།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/6/16 བལྟ་ཀློག (5060)