སྡོང་བོ་དེའི་འོག་ནས།


སྡོང་བོ་དེའི་འོག་ནས།


ཐར་བ། དཀར་མཛེས།

                   ཞར་བཀོད་གཉིས།

སྡོང་བོ་དེའི་འོག་ནས།
ངས་བུ་མོ་ཞིག་དང་ཁ་བརྡ་གློད་མྱོང་བ་དྲན།
གློག་སྒྲོན་དེའི་འོད་ལས།
ནམ་མཁའི་སྐར་མ་ལ་ཅེར་བ་ལྟར་བྱས་ནས།
ང་ནི་ཁྱོད་ལ་དགའོ་ཞེས་ལབ་མྱོང་བ་དྲན་ལ།
འགྱུར་མེད་ཀྱི་མིག་ཆུ་སྙིམ་པ་གང་གཏོར་མྱོང་བ་ཡང་དྲན།

                             7.4.ལ་ཁྲིན་ཏུའུ་རུ་བྲིས།

               
རྒྱང་རིང་།


ཆར་སིམ་དེའི་འོག་ནས།
རྒྱང་རིང་ལ་གཟིགས་བཞིན།
སྔས་འགྲམ་གྱི་སྐར་མ་ལག་པས་འཛིན་ཐབས་མེད་པས།
འཁྱག་གྲང་གི་སྒོ་ཆེན་ཕྱེས་རྗེས།
ཁྱོད་རང་མཐོང་རྒྱུ་མི་འདུག་ཨང་།



བློས་མི་ཐོང་བའི་མི།


འཚོ་བའི་ར་སྐོར་ནང་དུ་གཙང་བོ་ཞིག་བྲིས་ཤིང་།
གཙང་འགྲམ་གྱི་མཐའ་རུ་བྱ་ཁྱུ་འགའ་བྲིས་ཡོད།

ས་སྲོད་ཀྱི་དྲན་པ་ལ་མེ་ལོང་ཞིག་བཟོས་ཤིང་།
མེ་ལོང་དེའི་ནང་དུ་ཁྱོད་ཀྱི་གཟུགས་རིས་དེ་བཞེངས་ཡོད།


                                7.4.ཉིན་ལ་ཁྲིན་ཏུའུ་རུ་བྲིས།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/7/8 བལྟ་ཀློག (775)