ཚོར་སྣང་རྣལ་མ།


ཚོར་སྣང་རྣལ་མ།
ཐེ་བོ་དཀོན་སེང་།

      ཕྱི་ལུས་ཀྱི་མཛེས་སྡུག་དང་འབྱོར་བ་ཞེན་ཡང་གྲྭ་པ་ཞིག་ལ་མཚོན་ན་རང་གི་རྒྱན་ལས་སྐྱོན་མིན། གྲྭ་པ་ཞིག་ལ་དགོས་པའི་མཛེས་སྡུག་རྣལ་མ་ནི། ནང་སེམས་ཀྱི་ཤེས་ཡོན་དང་ཕྱི་ལུས་ངག་གི་སྤྱོད་ལམ་གཙང་མ་དག་ཡིན། དེར་བརྟེན་ང་ཚོ་རབ་བྱུང་བ་ཚོས་རང་ཚིགས་མི་ཤོར་བའི་ཆེད་དུ་མཐོན་པོའི་མདུན་ནས་སུག་འདར་མི་རུང་ལ། ཕྱུག་པོའི་སྔུན་ནས་ནམ་ཡང་མགོ་བོ་སྒུར་ག་ལ་དགོས། ང་ཚོ་ལ་ང་ཚོ་དང་འཚམ་པའི་མདུན་ལམ་ཡོད་ཅིང་། ང་ཚོ་ལ་འོས་པའི་ལས་དོན་ཡོད། བསྟན་པ་འདོད་ཡོན་གྱིས་འཇིག་པར་དགོངས་ཏེ་རྗེ་བླ་མས་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ལྷུང་བཟེད་ཁ་སྦུབས་ཏེ་འདོད་ཡོན་ལ་མནན་པ་བཞག་པའི་མཛད་བཟང་ལ་སོམས་དང་། ཆོས་གྲོགས་ཚོ། གློ་ཁུག་སྟོང་ཡང་མི་སྐྱོན། དབུལ་སྡུག་ཡུན་ཙམ་རེད། སེམས་ཁམས་སུ་ཤེས་ཡོན་མེད་པར་སྟོང་བར་ལྷག་ཚེ་མུག་སྡུག་སྐྱེ་བའི་ཕྲེང་བར་མྱོངས་དགོས། དེའི་ཕྱིར་ང་ཚོ་གྲྭ་བཙུན་རྣམ་དག་ཞིག་བྱ་འདོད་ན་གཉེར་བྱ་གཙོ་བོ་ནི་མང་ཐོས་ཀྱི་སློབ་སྦྱོང་ཡིན་པ་ལས་འདོད་ཡོན་གྱི་ནོམ་གསོག་ཡིན་ག་ལ་རུང་། རྒྱུ་ནོར་དང་སློབ་སྦྱོང་གཉིས་ལས་རྒྱུ་ནོར་གདམ་མཁན་གྱི་གྲྭ་བ་ཞིག་ཡིན་ཕྱིན་དེ་ནི་ང་དང་ང་འདྲ་བའི་མི་བུ་ཚོའི་སེམས་ནང་ན་རིན་ཐང་ཅི་ཡང་མེད་པའི་ཁོག་སྟོང་ཞིག་གི་སྣང་བརྙན་ལས་གདེང་འཇོག་གཞན་པ་གང་ཡང་མེད། འདི་ནི་བདག་གིས་སེམས་ཁོངས་ནས་སྒྲོག་འདོད་པའི་ཐ་ཚིག་ཡིན།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/7/29 བལྟ་ཀློག (3574)