རྒྱ་ནག་གླང་ཆེན་འགྱིང་རིའི་གནས་ཡིག་དད་ལྡན་སྐྱིད་པའི་ཕོ་ཉ།

༄༅། །རྒྱ་ནག་གླང་ཆེན་འགྱིང་རིའི་གནས་ཡིག་དད་ལྡན་སྐྱིད་པའི་ཕོ་ཉ།

སྭསྟི།
གནས་ལུགས་བདེན་པ་རྙེད་ལ་མ་ངོམས་པར། །
གཉིད་རྨུགས་འགྲོ་རྣམས་སྒྲོལ་ལ་འབད་འབུངས་ཀྱིས། །
གཞོན་ནུ་དོན་ཀུན་འགྲུབ་པའི་དཔའ་བོ་ཁྱོད། །
སྙིང་གའི་པདྨོ་གདན་ལ་འདི་མགྲོན་ཕེབས། །
བསྐལ་པ་དཔག་མེད་ཀློང་དུ་ཕྱིན་དྲུག་མཐུས། །
གཏེར་རུ་བཞེས་པའི་ཚོགས་གཉིས་ཡིད་བཞིན་ནོར། །
མཇལ་བ་ཙམ་གྱིས་ཉོན་མོངས་སེལ་མཛད་ན། །
བདག་བློ་རྨོངས་པའི་མ་རིག་གསལ་བྱེད་ཤོག །
སྔ་རབས་མཁས་པ་རྣམས་ཀྱི་གསུང་རྒྱུན་དུ། །
རྒྱ་ནག་སྟོང་ཁུན་ཡུལ་ཞེས་ཆེ་སྒྲོགས་གིས། །
ལོ་ངོ་ལྔ་སྟོང་བཞུད་པའི་རིག་གཞུང་གྲོགས། །
ནང་བསྟན་ཡང་དག་དཔལ་གྱིས་ཤུགས་ཆེན་ལྡང་། །
ཐང་སྭིན་སྡེ་སྣོད་གསུམ་སོགས་བླ་མ་གང་། །
ལུང་རྟོགས་ཡོན་ཏན་མཛོད་ལ་མངའ་བརྙེས་པའི། །
སྐྱེས་ཆེན་སྐར་ཚོགས་གྲངས་དེ་འཁྲུངས་པའི་ཡུལ། །
གནས་ཆེན་བཞི་ཡིས་བསྐོར་བ་ངོ་མཚར་ཆེར། །
མ ་ཧཱ་ཙི་ནའི་ཡུལ་ཞེས་ཤར་ཕྱོགས་སུ། །
རིག་གཞུང་ལྔ་སྟོང་བགྲང་གི་ལྷུན་པོ་བརྗིད། །
བསྟན་པའི་ཉིན་བྱེད་འོད་ཟེར་འབུམ་ལྡན་པ། །
ཤར་མ་ཧཱན་གྱི་སྐབས་ནས་འདི་འཕྲོས་སྐད། །
མིང་དྷི་རྒྱལ་པོས་ནུབ་གཅིག་རྨི་ལམ་དུ། །
ནུབ་ཕྱོགས་སིན་དྷུ་ཡུལ་ནས་སྟོན་པ་ཞེས། །
གསེར་གྱི་འོད་ཟེར་ཆེན་མོ་འཕྲོ་མཇལ་བ། །
དེ་ནི་བསྟན་པ་དར་བའི་ཀུན་སློང་འཇོག །
རྟེན་འབྲེལ་རྨིས་པའི་ཆེ་བ་འདི་ཡོང་ནས། །
ནུབ་ཕྱོགས་རྒྱ་གར་ཡུལ་ལ་རེ་བལྟོས་པའི། །
བསམ་བློ་བཏང་ཕྱོགས་བཅོས་པའི་ལམ་ལུགས་གང་། །
མྱུར་དུ་རྙེད་ལ་ཐབས་ལམ་དུ་མ་ཞིག །
སྙིང་སྟོབས་ལྡན་པའི་ཆོས་ཀྱི་རྒྱལ་པོ་དང་། །
བྱམས་སེམས་ཅན་གྱི་མཁས་ཆེན་ལོ་ཙཱ་བ། །
བསོད་ནམས་མ་དམན་འབྱོར་ལྡན་དད་པ་ཅན། །
ཞིང་འདིར་འཛོམས་པ་རྒྱལ་རབས་རིས་ཀྱི་གཏམ། །
ཧཱན་གྱི་རྒྱལ་རབས་སྟོབས་ཀ་ཉ་རྒྱས་སྐབས། །
འཕགས་པའི་ཡུལ་ནས་བཙུན་པ་ཡ་མཚན་གཉིས། །
གསུང་རབ་མང་པོ་རྟ་དཀར་ལ་བསྐྱོན་དེ། །
རྒྱ་ནག་དཀྱིལ་མ་ལཱོ་ཡམ་ཡུལ་དུ་འབྱོར། །
འདི་ནས་རྒྱལ་བའི་དཀའ་ལ་སློབ་གཉེ ར་བ། །
བཙུན་པ་ཚོགས་པའི་འདུས་སྡེ་ཐོག་མ་ཞིག །
ཡུལ་འདིའི་བསོད་ནམས་རྒྱན་པའི་ཞིང་ས་རུ། །
རྟ་དཀར་དགོན་ཞེས་མི་འགྱུར་གླིང་དེ ་བསྐྲུན། །
དེ་ཡང་བསྟན་པའི་སྒྲོན་མེ་བྱང་ཕྱོགས་སུ། །
ལུང་བསྟན་འཇམ་དབྱངས་སྨྲ་བའི་གདན་ས་མཆོག །
ཡེ་ཤེས་ལྔ་མཚོན་རི་བོ་རྩེ་ལྔ་རུ། །
རིང་བསྲེལ་མཆོད་རྟེན་བསླངས་བའི་བཤད་པ་ཆེ། །
རྒྱ་ནག་ནང་བསྟན་གདན་ས་ཆེན་པོ་བཞིའི། །
ཤེས་རབ་ལྷ་ཡིས་འཕྲིན་ལས་གཙོ་སྐྱོང་གིས། །
དྭངས་བསིལ་རི་བོ་ཡེ་ཤེས་མྱུར་འབེབས་པས། །
ཆེད་དུ་གདུལ་བྱའི་ཡུལ་གྱི་དགེ་བ་འཕགས། །
སྔར་གྱི་ལོ་རྒྱུས་སྨྲ་བའི་འཆད་པ་ནང་། །
གནས་འདིར་དགོན་སྡེ་ཆེ་ཆུང་གྲངས་མང་ན། །
སུམ་རྒྱ་ལྷག་གིས་བསྟན་པའི་ཆོས་རྔ་དེ། །
ལྷན་དུ་སྒྲོགས་པའི་དུས་བཟང་ཡོད་པ་ཐོས། །
འཇམ་དཔལ་དབྱངས་ནས་གནས་འདིར་བྱིན་བརླབས་ཏེ། །
ཆོས་འཁོར་རྒྱ་ཆེའི་སྲིད་གསུམ་སྙན་པ་བསྐོར། །
ཀོང་ཙེ་རྗེ་སོགས་སྤྲུལ་པ་མང་བསྟན་དེ། །
གདུལ་བྱ་སྨིན་པའི་སྦྱངས་པ་མཐར་གྱུར་བ། །
རྒྱལ་རབས་ཧཱན་ནས་ལོ་ངོ་ཆིག་སྟོང་ནང་། །
མཆོད་པའི་ལྷ་ལ་གཙོ་བོ་འཛིན་པ་དེ། །
བུ་རམ་ཤིང་དང་མི་ཕམ་བྱམས་པ་མགོན། །
ལྷན་དུ་སྣང་བ་མཐའ་ཡས་སྤྱན་རས་གཟིགས། །
འཕགས་པ་འཇིག་རྟེན་དབང་ཕྱུག་པདྨ་དཀར། །
སྙིང་རྗེ་རང་གཟུགས་གེ་སར་སྟོང་འབུར ་བ། །
ཙི་ནའི་ལྷོ་ཕྱོགས་རྒྱ་མཚོ་འགྲམ་ཞིག ་དུ། །
པོ་ཏ་ལ་ཞེས་གླིང་ཕྲན་མངོན་པར་དགའ། །
ཐུགས་རྗེ་ལྷ་ཡིས་གདུལ་བྱ་འགོད་གྱུར་ཏེ། །
བརྩེ་བའི་ཆོས་འཁོར་རྒྱ་ཆེན་བསྐོར་བའི་ཡུལ། །
སྨྱུག་མ་སྨུག་ཅན་སྤུངས་པའི་གདན་ས་འདི། །
རི་བོ་གྲུ་འཛིན་ཞིང་ཅེས་བསྟོད་བསྔགས་པ། །
ཕྱོགས་བཅུའི་སངས་རྒྱས་སྟོང་གི་སྙིང་རྗེའི་གཏེར། །
གཅིག་ཏུ་ཁུར་བ་སྟོན་པ་སྤྱན་རས་གཟིགས། །
གང་ལ་གང་མཐུན་དེ་ལ་དེ་སྟོན་དུས། །
གླིང་འདིར་ལང་འཚོ་མཛེས་མའི་གཟུགས་སུ་མངོན། །
རྒྱལ་རབས་ཐང་ནས་མཆོད་པའི་གཞི་མ་ལ། །
མི་ཕམ་མགོན་དེ་ཤིན་ཏུ་ཡིན་པའི་ཟུར། །
གནས་བརྟན་བཀུར་བའི་ལུགས་ཀྱང་གསར་དར་དེ། །
རྒྱལ་རབས་ཟུམ་དུ་མ་ཆད་དེ་བས་འཕེལ། །
བྱམས་པའི་སྤྲུལ་དང་གནས་བརྟན་སྤྲུལ་པ་ཞེས། །
གང་གང་ཕྱོགས་སུ་མྱུལ་བའི་སྐྱེས་བུ་མང་། །
རྒྱ་ནག་ནང་བསྟན་ལུགས་ཀྱི་དགའ་ལྡན་མགོན། །
སྤྲུལ་སྐུ་ཧྭ་ཤང་ཅན་གྱི་གཟུགས་སུ་གནས། །
ཨན་ཞུའུ་ཡུལ་གྱི་ནང་བསྟན་སྤེལ་རྒྱུན་དུ། །
སྨོན་ལམ་རླབས་པོ་ཆེ་ལ་མཐུ་བཙན་པའི། །
རྒྱལ་སྲས་ས་ཡི་སྙིང་པོས་གདན་ས་དེ། །
ཅུའུ་ཧྭ་རི་བོ་མཚན་འདི་རྨད་དུ་བྱུང་། །
འཁོར་བར་ལྟུང་ན་དུཿཁ་རང་བཞིན་པ། །
གང་ཟག་སུ་ཞིག་དེར་མི་འཇིགས་པ་སུ། །
སྡིག་པ་ཁུར་དུ་ལྷུང་བ་མཐོང་མཉམ་དུ། །
ཐར་ལམ་བཙལ་བའི་གསོལ་བ་སུ་ལ་འདེབས། །
དེ་དུས་དགེ་སློང་ཚུལ་འཛིན་སའི་སྙིང པོ། །
ཕྱག་གཡས་མཁར་གསིལ་གཡོན་དུ་ནོར་བུ་བསྣམས། །
དམྱལ་བ་མ་སྟོང་དབར་དུ་འཚང་མི་རྒྱ། །
བྱམས་སེམས་འདི་ནི་དེ་ཚོགས་མགོན་དུ་གྱུར། །
ཁྲོའོ་ཞོན་ཡུལ་ནས་བཙུན་པ་ཚུལ་ལྡན་ཞིག །
རྒྱལ་སྲས་ས་ཡི་སྙིང་པོའི་སྤྲུལ་པ་ཞེས། །
ཅུའུ་ཧྭ་རི་ལ་ལོ་མང་སྒྲུབ་མཛད་དེ། །
འགྲོ་བ་གང་མང་སྐྱོངས་པའི་འཕྲིན་ལས་ཆེ། །
འདི་ཡང་ལྷོ་ནུབ་ཟི་ཁྲོན་ཞེས་བྱའི་ཡུལ། །
འབྱོར་ལྡན་ཕྱུག་པའི་ལུང་ཞེས་མཚན་སྙན་པ། །
སྔར་ནས་ནང་བསྟན་ཤུགས་ཆེན་དར་བས་ན། །
དགོན་གནས་སྐད་གྲགས་ཅན་དེ་ཅིས་མི་མང་། །
ངོ་མཚར་ལྷུན་པོ་གནམ་ངོས་རལ་སྙམ་པ། །
ཉིན་བྱེད་དབང་པོ་རི་འདབས་ནས་ཤར་གྱི། །
དགུན་དུ་རྩེ་མོར་ཁ་བས་རབ་བཏུམས་ཀྱང་། །
སྨད་བཤམས་གཡུ་ལོ་འཁྲིགས་པའི་དགའ་ཚལ་མཛེས། །
འདི་ནི་སྙན་གྲགས་གཡུ་འབྲུག་སྐད་རྒྱངས་ལྟར། །
རྒྱ་ནག་གླང་ཆེན་འགྱིང་པའི་རི་བོ་ཞེས། །
བྱམས་སེམས་ཀུན་ཏུ་བཟང་པོའི་གནས་རི་ལ། །
འཁྲུལ་མིན་ཚད་དུ་བཀོད་དེ་དད་པ་ཤོར། །
ཐེག་ཆེན་ལུགས་ཀྱི་བཤད་སྲོལ་རྒྱས་པོའི་ནང་། །
ཀུན་ཏུ་བཟང་པོས་རྒྱལ་བའི་བཀའ་ལེན་ཞིང་། །
གླང་ཆེན་ཆིབས་སུ་བསྒྱུར་ཏེ་གནས་ཆེན་འདིར། །
ཞབས་ཀྱིས་བཅགས་ཏེ་གདུལ་བྱ་རིས་མ་འགོད། །
དེ་མིན་བཤད་སྒྲུབ་གཉིས་ལ་མངའ་བརྙེས་པའི། །
ཧྭ་ཤང་མཁན་ཆེན་དུ་མས་བྱིན་བརླབས་ཆེ། །
གླང་ཆེན་འགྱིང་པའི་རི་བོའི་གནས་བཤད་ཙམ། །
ཅི་འཇོན་བདག་ནས་དད་པའི་ངང ་འདིར་སྤྲོས། །
      མདུན་བསུས་ཀྱི་སྨོན་ཚིག་འདི་ལྟ་ནས་རྒྱ་ནག་གླང་ཆེན་འགྱིང་རིའི་གནས་ཡིག་དད་ལྡན་སྐྱིད་པའི་ཕོ་ཉ་ཞེས་བྱ་བ་འདི་རྒྱ་ཆེན་ཆོས་དད་ཅན་ཡང་ན་བྱམས་སེམས་ཀུན་བཟང་དང་གླང་ཆེན་འགྱིང་རི་ལ་ཡིད་ཆེས་རྩེ་གཅིག་ཡོད་པའི་བློ་ལྡན་རྣམས་ཀྱི་སྤྱན་ལམ་དུ་འབུལ་བ་བགྱིས། མཉམ་དུ་རྒྱལ་སྲས་ཀུན་ཏུ་བཟང་པོའི་བྱིན་རླབས་དང་ཆེད་དུ་གནང་བའི་བདེན་པའི་མན་ངག་འཐོབ་སྟེ་མཐར་ཐུག་བདེ་བ་བླ་མེད་བྱང་ཆུབ་ཀྱི་གོ་འཕང་མྱུར་དུ་རེག་པར་སྨོན།
        གླང་ཆེན་འགྱིང་རི། འཕགས་པ་ཀུན་ཏུ་བཟང་པོའི་གནས་གླང་ཆེན་འགྱིང་རི་འདི་རྒྱ་ནག་ནང་ས་ཟི་ཁྲོན་ཞིང་ཆེན་གྱི་ལྷོ་ནུབ་ལོ་ཧྲན་乐山ས་ཁུལ་དུ་ཡོད་ཅིང་། ཤར་ལྷོ་ནུབ་བྱང་བཞི་ལ་རྫོང་ཁག་བཞི་ནས་བསྐོར་ཞིང་། ཤར་དུ་ལོ་ཧྲན་དང་ལྷོ་རུ་འོ་པན། ནུབ་དུ་ཧུང་ཡཱ་དང་བྱང་དུ་ཇ་ཅང་ཅེས་རྫོང་གནས་བཞི་བཅས། ཡིན་ན་སྲིད་འཛིན་གྱི་ཁུངས་བཏོགས་སར་ལོ་ཧྲན་གྲོང་ཁྱེར་ཡིན། གླང་ཆེན་འགྱིང་རི་འདི་རྒྱ་ནག་རང་གི་སྐད་དུ་འུ་མའི་ཧྲན་峨眉山ཞེས་རི་བོ་མཐོ་ཞིང་བརྗིད་ལ་ཤིན་ཏུ་མཛེས་པ་ཡིད་དབང་འཕྲོག་པའི་དོན་དུ་གོ ལོ་རྒྱུས་སྟེང་དུ་རི་བོ་འདི་ལ་མིང་མི་འདྲ་བ་མང་ཙམ་ཡོད་ཅིང ་།མདོ་སྡེ་ཕལ་ཆེན་ལས་བསྟན་པའི་རི་བོ་འོད་ཟེར་ཅན་དང་རྒྱ་ནག་གདོད་མའི་ཆོས་ལུགས་ཏཱབ་ཀྱི་གཞུང་དུ་རི་བོ་རྩེ་རྒྱལ། སྒྲུབ་གནས་བདུན་པ། དེ་མིན་སངས་རྒྱས་ཁྲི་ཡི་རི་བོ། སངས་རྒྱས་འབུམ་གྱི་རི་བོ། ཡང་ན་འོ་མའི་ཧྲན་ཅེས་བརྗིད་མཛེས་རི་བོ། བོད་པས་གླང་ཆེན་འགྱིང་རིའམ་རྒྱ་ནག་གླང་ཆེན་ཞེས་འབོད། ཆེས་སྔ་བའི་བོན་གཞུང་ཁག་ཏུ་རིའི་རྒྱལ་པོ་འོད་ཟེར་ཅན་ཞེས། གང་ལྟ་གནས་རི་འདི་ལ་དད་ལྡན་སྐྱེ་བོ་མང་པོ་ཞིག་དགའ་མགུ་ཡི་རངས་དེ་བློ་བརྟན་དབང་མེད་དུ་འཕྲོག་པ་སོམ་ཉི་དང་བྲལ། ཁྱད་པར་དུ་རི་བོ་འདི་རྒྱ་ནག་ནང་ཆོས་གནས་རི་རྩ་ཆེན་བཞིའི་ཡ་གྱལ་དུ་ངོས་འཛིན་དེ་ལུང་དང་རྟོགས་པའི་སྒྲུབ་བྱེད་གང་མང་དོན། གནས་ཆེན་བཞི་ནི་ཟི་ཁྲོན་གྱི་གླང་ཆེན་འགྱིང་རི་དང་ཨན་ཞུའུ་གྱི་ཅུའུ་ཧྭ་རི་བོ་ཡང་ན་རི་བོ་རྩེ་དགུ། གྲུའུ་ཅང་གི་རི་བོ་པོ་ཏ་ལ། ཧྲན་ཤིའི་གི་རི་བོ་རྩེ་ལྔ་བཅས་ཡིན། རྒྱ་གཞུང་རང་གི་འགྲེལ་ལུགས་སུ་བལྟོས་ན་གནས་ཆེན་པོ་བཞི་འདི་ས་ཆུ་མེ་རླུང་གི་ཁམས་བཞི་རུ་བསྡུས་པ་ལས་གྲངས་ཀ་རྐྱང་པ་བཞི་ཁོ་ན་ལ་བརྟེན་ནས་མ་ཡིན་གསུངས། ཅུའུ་ཧྭ་རི་བོ་འདི་གཤིན་རྗེ་ཡི་ཞིང་དུ་བཏོགས་པས་ན་ཁམས་ས། རི་བོ་པོ་ཏ་ལ་འདི་བཻཌཱུཪྱ་ཡི་ཞིང་དུ་བཏོགས་པས་ན་ཁམས་ཆུ། གླང་ཆེན་འགྱིང་རི་འདི་དངུལ་མདོག་གི་ཞིང་ལ་མཚན་པས་ན་མེ་ཡི་ཁམས། རི་བོ་རྩེ་ལྔ་འདི་སེར་པོ་གསེར་མདོག་གི་མཚན་པས་ན་རླུང་གི་ཁམས་བཅས་གནས་ཆེན་བཞི་ཡི་བཀོད་པ་དེ་ལྟར་སྒྲིགས་ཡོད། ལོ་ལྟར་གནས་ཆེན་བཞི་ལ་རྒྱལ་ཕྱི་ནང་གི་བསྐོར་བ་བྱེད་མཁན་མང་ལ་གནས་བཞིའི་ཡུལ་ལྗོངས་ལ་མོས་པའང་ཡང་ན་གནས་བཞིའི་བྱིན་བརླབས་ལ་མོས་པའི་སྐྱེ་བོ་སོ་སོས་ཐད་དུ་ཉིད་ཀྱི་རེ་འདོད་སྐོང་དེ་སྤྲོ་བ་དང་དགའ་བ་དང་དུ་བསྐྱེད་ཐུབ། སྔོན་གྱི་ལོ་རྒྱུས་ཁག་ཏུ་སྙན་ངག་པ་མང་པོ་ཞིག་གླང་ཆེན་འགྱིང་རི་ལ་བཅར་ཏེ་སོ་སོས་ཚོར་སྣང་ལས་འབུར་བའི་བསྟོད་ཚིག་དུ་མ་ཞིག་ཀྱང་ཡོད་ལ། དཔེར་ན། ཟུང་རྒྱལ་རབས་སྐབས་ཀྱི་མཁན་ཆེན་སུའུ་ཏོང་ཕོའོ་ནས་འགྱིང་རིའི་ནུབ་ངོས་གངས་དཀར་བརྗིད། །བྱང་བལྟས་ཁྲི་འདུ་ཁྲོན་པའི་གཏིང་། །
       ཅེས་གསུངས་པས། ནུབ་ངོས་ཀྱི་གངས་དཀར་དེ་བོད་ཀྱི་མི་ཉག་གངས་དཀར་ལ་གཟིགས་པ་ཡིན་ཞིང་། གླང་ཆེན་འགྱིང་རི་འདི་ཁུ་ལུན་རི་བོའི་རི་བརྒྱུད་བྱང་མའི་ཆིན་ལིང་དང་མིང་ཧྲན་རི་བོ་གཉིས་ལས། མིང་ཧྲན་ཆང་ནས་རི་བརྒྱུད་ཀྱི་ཁོངས་སུ་བཏོགས། རི་རྩེ་འབུར་མ་གསུམ་དེ་གསེར་ཏོག་金顶དང་སངས་རྒྱས་ཁྲི་དང་འབུམ་གྱི་རྩེ་འབུར་གཉིས་བཅས། རི་རྩེ་མཐོ་ཤོས་དེ་རྒྱ་མཚོ་ངོས་ལས་སྨིའི་སུམ་སྟོང་བརྒྱ་མེད་དགུ་བཅུ་གོ་དགུ་དང་རི་འདི་བསྐོར་བ་ཚར་གཅིག་ལ་སྤྱི་ལེ་བརྒྱ་དང་སུམ་ཅུ་ཡོད། རི་བོ་འདི་ཡི་དབྱིབས་གཟུགས་ལ་ཆེས་ཤིན་ཏུ་མཚར་བས་ཟེར་སྲོལ་ལ་གླང་ཆེན་འགྱིང་རི་བྲིས་ན་དཀའ་ཞེས་རི་མོའི་ཐོག་ཡོང་འཚེར་བ་གྲགས། ཡིན་ན་བལྟ་ལུགས་ཞིག་ནས་གནས་རི་འདི་གླང་པོ་ཆེ་རོག་པོས་ཕྱིར་ཕྱོགས་པ་ལྟར་དུ་གནས་པ་ཡོད། ཁྱད་པར་དུ་བོད་ཀྱི་ཡིག་ཚགས་དུ་མ་ཞིག་ནས་རི་བོ་འདི་འཕགས་པ་ཀུན་ཏུ་བཟང་པོའི་གནས་ཡིན་པས་ན་འཕགས་པས་གླང་དཀར་མཆེ་བ་དྲུག་ལྡན་ཞིག་ཆིབས་པའི་རྒྱུ་མཚན་དང་རི་བོ་དེ་ཡང་གླང་ཆེན་རང་གི་གཟུགས་སུ་གནས་པས་ན་ཤིན་ཏུ་ངོ་མཚར་བའི་བཀོད་པ་ལྟར། དེ་ན་བརྗིད་པའི་ལྷུན་པོ་འདི་ལ་དཔྱད་ལྡན་མཁས་པ་རྣམ་པས་མཚན་ཉིད་ལྔ་ནས་མཆོད་པ་མཛད་ཅིང་། བརྗིད་པ། མཛེས་པ། མཚར་བ། དབེན་པ། གཟར་བ་བཅས་རྣམ་བཞག་ལྔ་བསྟན་ཡོད།
          སྤྱིར་ན་གླང་ཆེན་འགྱིང་རི་འདིར་གཟུགས་དབྱིབས་ཆགས་སྟངས་ནས་བཅད་མཚམས་བགོས་ན་རིམ་པ་གསུམ་དུ་ཕྱེ་ཐུབ། རིམ་པ་དང་པོ་དེ་རི་མདའ་ཡི་གྲོང་བརྡལ་ནས་རྒྱལ་ཁབ་དཀའ་དྲིན་དྲན་པའི་པོའོ་གོ་སི་དགོན་པ་报国寺ནས་གཡས་ཕྱོགས་སུ་བསྐྱོད་དེ་འབྲུག་སྒོ་དགོན་པ་龙门洞དང་两河口ཆུ་གཉིས་ཁ། གཙང་ཆུ་ཤང་净水乡ནས་ཁྲི་ལོ་དགོན་万年寺པའི་དབར་དུ། གཡོན་ཕྱོགས་སུ་བསྐྱོད་ན་སྟག་འདུལ་དགོན་伏虎寺ནས་བརྒྱུད་雷音寺འབྲུག་གྲགས་དགོན། ཕོ་ཁམས་ལྷ་ཁང་顿阳殿ནས་清音阁སྒྲ་གསལ་གླིང་།
འབྲུག་དཀར་དགོན་པ་白龙洞ནས་ཁྲི་ལོ་དགོན་དབར། རིམ་པ་གཉིས་པ་དེ་ཁྲི་ལོ་དགོན་ནས་བརྒྱུད་གླང་བུ་ཁྲུས་རྫིང་洗象池འོག་གི་九龙岗འབྲུག་དགུ་སྒང་། དེ་མིན་སྒྲ་གསལ་གླིང་ནས་བརྒྱུད་དེ་ཧུང་ཚོན་ཕིང་洪椿坪ནས་བགྲེས་སོང་དགུ་ཕུག་九老洞དང་ལྷ་འཕྲད་དགོན་遇仙寺དུ་ལམ་ཀ་གཉིས་ཕན་ཚུན་སྦྱོར་བའི་དབར། རིམ་པར་གསུམ་པ་དེ་འབྲུག་དགུ་སྒང་ནས་བརྒྱུད་གླང་བུ་ཁྲུས་རྫིང་དང་གསེར་ཏོག་རི་རྩེ་དབར། རིམ་པ་དང་པོའི་མཚམས་ཀྱི་ཡུལ་གྱི་ཁྱད་ཆོས་ལ་ཚ་བ་དྲོད་དང་ལྡན་ཞིང་ཞིང་ག་འབྲུ་རིགས་ལེགས་པར། ལམ་ཀ་མང་ཞིང་ཕན་ཚུན་གྲོག་མའི་ཚང་ལྟར་སྦྲེལ་བ། རིམ་པ་གཉིས་པའི་ཡུལ་གྱི་བཀོད་པ་དེ་བརྟན་སྡོད་ཀྱི་གྲོང་མི་ཉུང་ཞིང་ཕྱོགས་བཞིར་རྩྭ་རྩི་ཤིང་ལྗོན་པ་སྣ་མིན་གྱིས་བཏུམས་པ། གནམ་གཤིས་ཀྱི་དྲོད་ཚད་སྙོམས་ལ་མཛེས་ལྗོངས་ཀྱི་ཆ་ཤས་ཡོངས་སུ་རྫོགས་པས་དབེན་གནས་ཀྱི་མཚན་ཉིད་དང་དུ་དོད། ལམ་ཀ་ཡང་ཅུང་དོག་ལ་ཕལ་ཆེར་གཟབ་ཏེ་བགྲོད་དགོས་པ་བྱ། རིམ་པ་གསུམ་པའི་བཀོད་པ་དེ་གནམ་གཤིས་གྲང་ཡང་ལྟད་མོའི་མིག་རྒྱངས་ཡངས་པ། ཕྱོགས་ཡོངས་ཀྱི་རི་ཀླུང་གི་རྒྱུག་འགྲོས་གསལ་པོ་མཐོང་ལ་ལྷུན་པོའི་སྐེད་མཚམས་སུ་འཁྲིགས་པའི་སྤྲིན་གྱི་རྒྱ་མཚོ་ཡང་སྐྱེས་བུའི་བྲང་འོག་ཏུ་བཙུད། ལམ་ཀ་རྣམས་གཟར་ལ་ཤིན་ཏུ་དོག་པས་ཚང་ཚིང་གཡུ་ལོ་བཀོད་པའི་དགའ་ཚལ་དཀྱིལ་དུ་རྒྱུ་མའི་རྐང་ལམ་ཕྲ་མོ་རུ་བགྲོད་པའི་སྣང་བ་ལས་མ་གོའོ། །
གླང་ཆེན་འགྱིང་རིར་ནང་ཆོས་མ་དར་བའི་སྔ་རོལ་དུ་གདོད་མའི་ཏོབ་ཆོས་道教ཀྱི་སྒྲུབ་ཁང་ངམ་ལྷ་ཁང་འགའ་ལས་ཅང་མེད། ཅིན་ཤར་མའི་东晋དུས་སུ་ནང་ཆོས་ཐོག་མར་དར་ཏེ་ཀུན་བཟང་དགོན་པ་དེང་སང་གི་ཁྲི་ལོ་དགོན་པ་འདི་དངོས་སུ་བཞེངས། རིམ་པར་ནང་ཆོས་རྒྱ་ཆེར་སྤེལ་ཡོང་དུས་སྔར་གྱི་ཏོབ་ཆོས་སྐྱོངས་པའི་སྒྲུབ་རྒན་མང ་པོ་ཞིག་ནང་བསྟན་ལ་ཡིད་སྤྲོ་སྟེ་བསྟན་པའི་རྗེས་སུ་འཇུག་ཏོབ་ཀྱི་ལྷ་ཁང་དེ་རྣམས་ཕལ་ཆེར་ནང་ཆོས་སུ་བསྒྱུར། བཤད་སྒྲུབ་ལ་མངའ་བརྙེས་པའི་བླ་མ་རྣམས་འགྱིང་རི་ལ་ཕེབས་ཏེ་བསྟན་པའི་བྱ་བ་མཛད་དུས་ཕྱོགས་ཡོངས་ཀྱི་སློབ་བུ་དུ་མ་བུང་བ་སྤྲིན་གྱི་ཚོགས་ལྟར་གནས་འདི་རུ་འདུས་ཏེ་ཚོགས་པའི་ལྷ་ཁང་དང་དགོན་པ་ཅི་མང་བཞེངས། གཞན་པའི་ཡིག་གཞུང་འགའ་ལས་བཤད་པ་ལྟར་ན་རི་བོ་གླང་ཆེན་དུ་ནང་ཆོས་དང་ཏོབ་ཆོས་ཀྱི་བར་དུ་མ་མཐུན་འཁྲུག་པ་མང་པོ་མངོན་ལྐོག་ཏུ་ལངས་མྱོང་ཡོད་ལ། ཐང་དང་ཟུང་གི་སྐབས་སུ་ཆོས་ལུགས་གཉིས་ཀ་མཉམ་དུ་སྡོད་ན་ཡང་ཕལ་ཆེར་མིང་རྒྱལ་རབས་ཀྱི་དུས་སུ་འགྱིང་རིའི་ཏོབ་ཆོས་དེ་དངོས་སུ་ཉམས་ཆག་ཕྱིན་དེ་ཆིང་རྒྱལ་རབས་སྐབས་སུ་ཡོངས་སུ་རྒུད་དེ་གླང་ཆེན་འགྱིང་རི་ལ་ཏོབ་ཆོས་མེད་པ་ཆགས། འདི་དུས་འགྱིང་རི་ལ་ནང་པའི་དགོན་པ་ཆེ་ཆུང་བརྒྱ་དང་བདུན་ཅུ་ལྷག་ཡོད།
        ཅིན་ཤར་མ་ནས་རིམ་པར་དར་བའི་ནང་ཆོས་དེ་ཐང་རྒྱལ་རབས་ཀྱི་དཀྱིལ་ཙམ་ལ་སླེབས་དུས་ཤིན་ཏུ་དར་ཆེ་བའི་སྐལ་པ་འཐོབ་དེ་དགོན་པའི་གྲངས་ཀའང་ཇེ་མང་སོང་། སྤྱི་ལོ་875ནས་རིམ་པར་སློབ་དཔོན་བློ་གྲོས་ལེགས་པ་慧通禅师ནས་ཕལ་ཆེན་དགོན་པ་ལ་སྤྲིན་འཁོར་དགོན་归云寺ཞེས་མིང་བསྒྱུར། གནམ་གསལ་སྒྲུབ་ཁང་ལ་སྤྲིན་འདུས་དགོན་集云寺ཞེས་མིང་བརྗེ། དེ་མིན་གླང་སྙིང་ར་བ་ལ།  དེང་སང་གི་སྒྲ་གསལ་གླིང་ སྤྲིན་གཟིམ་དགོན་卧云寺ཞེས། ཀུན་བཟང་དགོན་ལ་白水寺ཆུ་དཀར་དགོན། བཙུན་མ་ཡེ་ཤེས་མའི་慧尼སྒྲུབ་ཁང་ལ་ཆུ་ནག་དགོན་黑水寺ཞེས་མིང་ཚང་མ་བསྒྱུར། འདི་ནི་གླང་ཆེན་འགྱིང་རིའི་གནས་ཡིག་ལས་སྤྲིན་གསུམ་ཆུ་གཉིས་ཞེས་པའི་དགོན་ཆེན་ལྔ། དེས་ན་དགོན་པའི་མིང་ལ་སྤྲིན་དང་ཆུ་རུ་སྒྱུར་དགོས་དོན་དེ་མེ་ཡི་འཇིགས་པ་བཟློག་པའི་དོན་དུ་གོ །ཆུ་དང་སྤྲིན་ནི་མེ་ཡི་དགྲ་རུ་ལངས་བས་ཁམས་བཞིའི་མ་བུ་དགྲ་གྲོགས་ཀྱི་རྣམ་བཞག་སྦྱོར་བའི་རིག་པ་སྤྱད་ཡོད། རྒྱལ་རབས་ཐང་ནས་ལོ་རབས་བཏུས་མར་ནང་ཆོས་ཇེ་དར་དུ་སོང་བས་ཁྱད་པར་དུ་སྤྱི་ལོ་980ཡི་ཟུང་བྱང་མའི་སྐབས་སུ་ཁྲི་ལོ་དགོན་པའི་རྟེན་གཙོ་འཕགས་པ་ཀུན་བཟང་གི་ཟངས་སྐུ་ཆེན་མོ་འདི་ལེགས་པར་བཞེངས།
        མིང་རྒྱལ་རབས་ཀྱི་རྒྱལ་པོ་འན་ལིའི་万历གྱི་མ་ཡུམ་ཚུའུ་ནན་མཆོག་ནས་གླང་ཆེན་འགྱིང་རིའི་འཕགས་པ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས་སྟེ་རྒྱལ་བུ་འན་ལིའི་འཁྲུངས་པའི་དགེ་མཚན་གྱི་རྐྱེན་པས་རྗེས་སོར་རྒྱལ་པོ་འདིས་མ་ཡུམ་གྱི་གསོལ་འདེབས་འགྲུབ་པའི་དཀའ་དྲིན་རྗེས་དྲན་ལྟར་གླང་ཆེན་འགྱིང་རི་ལ་ཞལ་འདེབས་གྱ་ནོམ་པ་གནང་གིས་ཡོད། འདི་ནས་འགྱིང་རིའི་འཛུགས་བསྐྲུན་གོང་འཕེལ་ལ་ཤུགས་རྐྱེན་ཡངས་མོ་ཐེབས། ཡིན་ན་ཆིང་རྒྱལ་རབས་ཀྱི་དུས་སུ་གླང་ཆེན་འགྱིང་རིའི་བསྟན་པ་ཅུང་ཉམས་པའི་ཚུལ་དུ་ཕྱིན། དགོན་པ་ཁག་གི་འཚོ་བའི་ཐད་དུ་འོ་རྒྱལ་འཕྲད་དེ་ཨ་མཆོད་ཀྱི་ལས་ལ་བྲེལ་བའི་བཙུན་པ་མང་ཙམ་དོན། ཆིང་རྒྱལ་རབས་ཀྱི་འཇུག་རྫོགས་ཏེ་མིང་གོ་ལ་སླེབས་དུས་འགྱིང་རི་ལ་དགོན་པ་བདུན་ཅུ་དོན་གསུམ་ལས་ལྷག་མེད། དགོན་པ་དེ་ཚོགས་མང་ཤོས་མིང་དང་ཆིང་གི་སྐབས་སུ་བཞེངས་པ་ཤ་སྟག་ཡིན། རིག་གསར་གྱི་སྐབས་སུ་དགོན་པ་ཁག་ལ་གཏོར་སྐྱོན་ཐེབས་ཏེ་ཡོངས་རྫོགས་བདག་མེད་དུ་ལུས། སྤྱི་ལོ་1980ནས་སླར་དགོན་པ་དང་འདུ་གནས་རྣམས་ཉམས་གསོ་གང་ལེགས་འཐོབ། ཁྱད་པར་དུ་ལམ་ཀ་དང་གློག་གི་ཁུར་སྒམ་སོགས་འཛུགས་ཏེ་གནས་བསྐོར་བ་རྣམས་ལ་སྟབས་བདེ་གང་མང་སྟེར། དེང་སང་གླང་ཆེན་འགྱིང་རི་ལ་དགོན་པ་ཉི་ཤུ་རྩ་དྲུག་བཅས་སོ། །


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/8/2 བལྟ་ཀློག (30626)