ལོ་རྒྱུས་ཀྱིས་མི་བརྗེད་པའི་ཚ་ཁོ་མཁན་ཆེན་གྱི་འཕྲིན་སྐྱེལ་བ་རྒྱ་ཁེ་རབ་འབྱམས་པ་བློ་བཟང་བསྟན་འཛིན།

       ལོ་རྒྱུས་ཀྱིས་མི་བརྗེད་པའི་ཚ་ཁོ་མཁན་ཆེན་གྱི་འཕྲིན་སྐྱེལ་བ། 

—-རྒྱ་ཁེ་རབ་འབྱམས་པ་བློ་བཟང་བསྟན་འཛིན།


 རྨེའུ་རྐང་ཐང་བ།


     ལོ་རྒྱུས་ཀྱིས་ཉི་མ་གཅིག་ལའང་བརྗེད་མ་མྱོང་ཞིང་དགེ་ལུགས་པའི་ལོ་རྒྱུས་ཉམས་ཞིབ་པ་དང་། ཚ་ཁོ་ངག་དབང་གྲགས་པའི་རྣམ་ཐར་འཚོལ་བསྡུ་མཁན་རྣམས་ཀྱིས་མི་སྣེར་མི་མཐུད་ཅིང་ལོ་སྣེར་ལོ་མཐུད་དེ། དུས་རྒྱུན་དུ་རྗེ་བླ་མའི་གསུང་ཐོར་བུའི་ཁྲོད་ན་སྨད་རྒྱལ་རོང་ནས་སྟོད་ཉི་མ་ལྷ་སའི་བར་དུ་དད་བརྩོན་གཉིས་ལྡན་གྱི་ཁྱོད་ལྟ་བུའི་འཕྲིན་སྐྱེལ་བ་ཞིག་ཡོད་པའི་གསང་བའི་ཟུར་ཙམ་གསལ་བར་བྱས་པ་ལས་ཁྱོད་ཀྱི་རྒྱུ་མཚན་དང་མཚན་སོགས་གསལ་བོར་མ་བྱས་པས།   ཚ་ཁོ་བའི་རྣམ་ཐར་ཁྲོད་ན་ཁྱོད་ནི་དྲི་གཞི་རུ་ལུས་ཡོད་སྟབས། ཤེས་འཇོན་གཉིས་ལྡན་གྱི་རྣམ་ཐར་འཚོལ་མཁན་རྣམས་ལ་མཚོན་ནས་བཤད་ན་ཁྱོད་ཀྱི་གནས་ཚུལ་ཟུར་ཙམ་རྟོགས་ན་སྐོམ་གདུང་སེལ་བའི་བདུད་རྩི་བཞིན་དགའ་སྤྲོ་བླ་ལྷག་ཏུ་འཕེལ་བར་གདོན་མི་ཟ། རྒྱུ་མཚན་དེར་བརྟེན་ངས་ཀྱང་ལོ་མང་བོའི་རིང་དུ་ཁྱོད་ཀྱི་རྣམ་ཐར་རྒྱུས་ལོན་བྱ་བའི་སེམས་ཐག་བཅད་ཡོད། ད་ལྟ་གོང་འོག་གི་རྣམ་ཐར་ལོ་རྒྱུས་རྣམས་གཤིབ་བསྡུར་བགྱིས་ཤིང་རྒྱུས་མངའ་བཙུན་པའི་ཉམས་མྱོང་རྒན་པོའི་ངག་རྒྱུན་སོགས་ལ་གཞིར་བཅོལ་ནས་ཁྱོད་ལྟ་བུའི་མཁས་གྲུབ་གཉིས་འཛོམས་ཀྱི་སྐྱེས་བུ་ཁྱད་པར་བ་ཞིག་གི་རྣམ་ཐར་གླེང་བ་དང་མཉམ་དུ་ཚ་ཁོ་མཁན་ཆེན་ངག་དབང་གྲགས་པའི་རྣམ་ཐར་ལའང་ཁྱོད་ཉིད་ལྟ་བུའི་འཕྲིན་སྐྱེལ་བ་ཞིག་ཡོད་པར་གསལ་བཤད་བྱས་ཏེ་ཁོང་ཚོའི་རྒྱུ་ལ་ཁ་སྐོང་ཅུང་ཙམ་ཞུ་ཐུབ་པར་སྨོན།          
     དེ་ལྟ་བུའི་དམ་ཁོང་ནི་སུ་ཁྲོན་རྔ་བའི་རྨེའུ་སྐོར་དུ་ཡབ་དཔོན་རྙིང་དཀར་འབུམ་དང་ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་བགྲང་བྱ་ཞེ་གཅིག་པ་སྟེ་སྤྱི་ལོ་༡༣༦༧ལོར་སྐུ་བལྟམས་ཤིང་སྐུ་ན་ཕྲ་བའི་དུས་ནས་ཕ་ཆོས་དང་སྨན་རྩིས་དང་མཁྱུད་དཔྱད་སོགས་ལ་སྦྱངས་པ་མཛད་པས་མཁྱེན་རྩལ་རྒྱས། དགུང་ལོ་བཅོ་ལྔའི་སྟེང་ནས་ཡབ་ཀྱི་བཀའ་དང་དུ་བླངས་ཏེ་དབུས་མཇལ་འགའ་དང་འགྲོགས་ནས་ལྷ་ལྡན་དུ་ཕེབས་ཏེ་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཆེན་པོ་རྗེ་བློ་བཟང་གྲགས་པ་དཔལ་བཟང་བོ་མཆོག་གི་སྐུ་མདུན་ནས་རབ་བྱུང་དགེ་ཚུལ་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་པ་དང་། རྗེ་ཉིད་ཀྱི་དྲུང་ནས་གཞུང་ཆེན་ཀ་པོད་ལྔ་དང་གསང་བ་སྔགས་ཀྱི་བཤད་པ་སོགས་གསན་ཏེ་རྟོགས་པའི་གོང་འཕང་མངོན་དུ་ཤར།  ད་དུང་ཡང་རྗེ་རེད་འདའ་བ་དང་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན། དབུ་མ་བ་དཔའ་བོ་རྡོ་རྗེ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། འཇམ་དཀར་བ་དཔལ་ལྡན་བཟང་སོགས་ཀྱི་ཞབས་ལ་གཏུགས་ཏེ་ཐུན་མོང་ཐུན་མོང་བ་ཡིན་པའི་ཁྲིད་ལུང་མང་དུ་གསན་བསམ་མཐའ་ཡས་པ་མཛད་དེ་ཐེ་ཚོམ་གྱི་རྒྱ་ལས་གྲོལ་བར་མཛད་པར་མ་ཟད། གསང་ཕུར་དཀའ་བཞིའི་གྲྭ་སྐོར་སོགས་མཛད།

      དགུང་ལོ་ཉེར་ལྔའི་སྟེང་སྟེ་སྤྱི་ལོ་༡༣༩༢་ལོར་ཡབ་ཡུམ་གྱི་འཕྲིན་ལ་མཇལ་ཞིང་མདོ་སྨད་དུ་བྱོན་ནས་རི་ཁྲོད་དུ་བཞུགས་པ་སོགས་ལོ་རྒྱུས་སོན་ན་གསལ། རྗེས་སུ་ཚ་ཁོ་ཁ་ངག་དབང་གྲགས་མཆོག་མདོ་སྨད་དུ་ཕེབས་པར་གསན་ཏེ་བསུ་མར་བྱོན་ནས་རྗེ་ཚ་བའི་ཞབས་ཏོག་བླ་མེད་མཛད། དམ་པ་ཁོང་གིས་རྗེ་ཚ་ཁོ་མཁན་ཆེན་ངག་དབང་གྲགས་པ་མཆོག་ལ་རྨེའུ་སྐོར་དུ་དགོན་པ་ཞིག་འདེབས་དགོས་པའི་གསོལ་བ་རྩེ་གཅིག་ཏུ་བཏབ་པ་བཞིན། རྗེ་ཚ་ཁོ་མཁན་ཆེན་ངག་དབང་གྲགས་པས་ཀྱང་ཨ་འདུས་ཡག་འགོ་དགོན་བཏབ་པའི་རྗེས་སུ་རྔ་ཡུལ་གནམ་ལྕགས་དགོན་འདི་ཉིད་ད་ལྟའི་སྒྱེད་གསུམ་ཁའམ་དབྱར་སྟོན་ཁ་རུ་དམ་པ་ཁོང་རི་ཁྲིད་དུ་བཞུགས་པའི་གནས་འདི་ཉིད་དུ་དགོན་པར་བཏབ་སྟེ་ཐུགས་དགྱེས་པ་ཆེན་པོས་མགོན་པོའི་ཞལ་ཐང་སོགས་རྟེན་བྱིན་ཅན་མང་དག་ཅིག་དགོན་འདིར་རྟེན་སྐལ་དུ་བསྩལ། དེའི་རྗེས་སུ་རི་ཁྲོད་པ་ཁོང་གིས་གནས་འདིར་གཞི་གསུམ་གྱི་ཕྱག་ལེན་གྲ་དག་ཅིང་དྲི་མ་ཉམས་པར་མཛད་དེ་རི་བོ་དགེ་ལུགས་པའི་བསྟན་པ་འཕེལ་སའི་སྡེ་ཁྱད་པར་ཅན་དུ་གྱུར།
ཕྱིས་སུ་མ་ཡུམ་གྱི་དགོངས་པ་རྫོགས་པས་བསྔོ་རྟེན་ཁྱེར་ནས་མཁན་ཆེན་གྱི་དྲུང་དུ་བྱོན་པ་ན། ལོ་རྒྱུས་ས་སོན་དང་ངག་རྒྱུན་བཙུན་པ་རྣམས་སུ། ཁོང་ནས་འཕྲིན་ཡིག་དང་དངོས་པོ་གྱ་ནོམ་པ་བསྐུར་ཏེ་རྗེ་བླ་བའི་དྲུང་དུ་འགྲོ་དགོས་པའི་ཞལ་བཀོད་རྒྱས་པ་བསྩལ་ཞིང་ཞལ་སློབ་ཁ་ཤས་ཕྱག་ཕྱིར་ཁྲིད་བཅུག་སྟེ་ཡར་ལམ་གདན་སར་བྱོན། དགེ་སློང་ཆོས་ཀྱི་གྲགས་པ་མདོ་འདོན་པ་བོར་བསྐོས་ནས་ཁུར་གཏད། རི་བོ་དགའ་ལྡན་དུ་རྗེའི་དྲུང་དུ་མཁན་ཆེན་གྱི་འཕྲིན་ཡིག་སོགས་ཞིབ་རྒྱས་སུ་ཕུལ་པར་མཉེས། རྗེ་གཞོན་ནུ་བློ་གྲོས་ལ་ཆེད་གཉེར་གྱིས་མཇལ། ཞེས་གསལ་བ་ལྟར་རྗེ་བླ་མ་དགུང་ལོ་ཞེ་དྲུག་བཞེས་པ་སྤྱི་ལོ་༡༤༠༢ལོར་བྱང་ཆུབ་ལམ་གྱི་རིམ་པ་གསར་རྩོམ་གནང་བར་མཁན་ཆེན་གྱིས་མཇལ་བའི་ལེན་དུ་ཞུ་ཡིག་རྟེན་དང་བཅས་པ་སྐུར་ས་ཡང་འདི་བ་ཡིན་པར་སྙམ་མོ།།

     ལྷག་ཏུ་འདི་བས་སླར་ཡང་རྗེ་རིན་པོ་ཆེའི་མདུན་ནས་རྣམ་འགྲེལ་གྱི་བཤད་ལུང་དང་། རྩ་ཤེས། བྱང་སའི་ཚུལ་ཁྲིམས་ལེའུ། བྱམས་ཆོས་སྡེ་ལྔ། རིགས་ཚོགས། ལམ་རིམ། མངོན་པ་དང་མཛོད་སོགས་མདོ་ཕྱོགས་དང་། བསྐྱེད་རྫོགས། སྒྲུབ་ཐབས་ཀུན་བཟང་། གསང་འདུས་སྒྲོན་གསལ། རིམ་ལྔ་སོགས་གསང་བ་སྔགས་ཀྱི་ཆོས་སྐོར་དང་།དབང་བཀའ་ཆོས་དང་རྗེས་གནང་གི་རིགས་མང་དུ་གསན་སྦྱངས་ཕུ་ཐག་ཆོད་པ་གནང་བ་ལ་བརྟེན་ནས་བྱང་ངམ་རིང་དུ་རབ་འབྱམས་པའི་མཚན་བཏགས་བཞེས་ཏེ་ཀུན་གྱིས་སྐབས་དེ་ཤེད་ནས་རྒྱ་ཁེ་རབ་འབྱམས་པ་བློ་བཟང་བསྟན་འཛིན་ཞེས་རླུང་ལྟར་གྲགས། ཁོང་གི་མཚན་བློ་བཟང་བསྟན་འཛིན་ཞེས་པ་ཡང་རྗེ་རིན་པོ་ཆེས་དགེ་ཚུལ་གྱི་སྡོམ་པ་བཞེས་དུས་སུ་གསོལ་བ་བཞིན་ངེས་པ་དོན་གྱིས་ཀྱང་བློ་བཟང་བསྟན་འཛིན་དུ་གསོལ་འོས་པ་འདི་ལགས་སོ།།

    ཁོང་རྗེ་རིན་པོ་ཆེ་གསེར་ཁྲི་བཞུགས་སྐབས་དབུ་གདུགས་ཕུབས་པའི་ཁུར་གཏད་པ་སོགས་རྗེ་བླ་མའི་ཞབས་ཏོག་སྒྲུབ་པར་ཐུགས་སྤྲོ་བས་དང་བླངས་བཞེས།  དགུང་ལོ་ཞེ་བདུན་པར་ཕྱིར་རང་ཡུལ་དུ་ཕེབས་ནས་བསྟན་འགྲོའི་དོན་རྒྱ་ཆེ་བར་མཛད་དེ་དགུང་ལོ་དོན་ལྔའི་སྟེང་དགོངས་པ་ཆོས་དབྱིངས་སུ་ཞུགས་པའི་ཚུལ་བསྟན་པར་གྲགས་སོ།།
༢༠༡༩ ༧ ༢༩   


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/8/4 བལྟ་ཀློག (409)