འབུམ་སྐྱབས་སློབ་གསོའི་ཐེབས་རྩས་ཟུང་ཆུ་བོད་ཡིག་སློབ་འབྲིང་ལ་ཁྲི་༡༢༠ལྷག་རོགས་རམ་བྱས།

     2019ལོའི་ཟླ་9ཚེས་8ཉིན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཟུང་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་དགེ་སློབ་ཡོངས་སྤྲོ་སེམས་འཁོལ་བའི་ངང་ནས་སློབ་གྲྭའི་ལུས་རྩལ་ཐང་ཆེན་དུ་འཛོམས་ཏེ། ཟུང་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་2019ལོའི་འབུམ་སྐྱབས་སློབ་གསོའི་མ་དངུལ་གཟེངས་བསྟོད་མཛད་སྒོ་དང་དགེ་རྒན་དུས་སྟོན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་གཟབ་རྒྱས་ངང་སྤེལ།

       རྒྱུས་ལོན་པ་ལྟར་ན། འབུམ་སྐྱབས་སློབ་གསོའི་མ་དངུལ་ནི་ཟུང་ཆུའི་ཤེས་ལྡན་པ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་འབུམ་སྐྱབས་ཀྱིས་ཟུང་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་བསྒྲུབ་ཆུ་ཚད་དང་སློབ་ཁྲིད་སྤུས་ཚད་ཇེ་མཐོར་གཏོང་བ་དང་། ཟུང་ཆུ་རྫོང་གི་སྐད་གཉིས་སློབ་གསོ་ཡར་ངོའི་ཟླ་ལྟར་གོང་འཕེལ་ཡོང་བར་དམིགས་ནས། རྫོང་བོད་ཡིག་སློབ་འབྲིང་དུ་སློབ་གསོའི་མ་དངུལ་ཞིག་བཙུགས་པ་རེད། ཁོང་གིས་ལོ་རེར་སྒོར་ཁྲི་20ཡི་ཞལ་འདེབས་ཕུལ་ཏེ་བསྟུད་མར་ལོ་དྲུག་ལ་མ་དངུལ་སྒོར་ཁྲི་120ཕ་ཡུལ་གྱི་སློབ་གསོའི་ལས་དོན་ལ་ཕུལ། མ་དངུལ་འདིའི་སྤྱོད་སྒོ་གཙོ་བོ་ནི་སློབ་ཁྲིད་བཅོས་བསྒྱུར་གྱི་གཟེངས་བསྟོད་དང་། སློབ་ཁྲིད་རྒྱུ་སྤུས་ཀྱི་གཟེངས་བསྟོད། དགེ་རྒན་གྱི་གཟའ་མཇུག་དཔེ་ཀློག་བྱེད་སྒོ། སློབ་མ་རྩེ་གྲ་གསོ་སྐྱོང་གི་རྣམ་གྲངས། སློབ་རའི་རིག་གནས་གསར་སྤེལ་གྱི་རྣམ་གྲངས་སོགས་ཡིན།

      བྱེད་སྒོའི་ཡུལ་དངོས་སུ། རྫོང་སློབ་གསོ་ཅུས་བོད་ཡིག་ཁྲིད་དཔྱོད་ཁང་གི་ཀྲུའུ་རེན་ཐང་སྟོང་སྐྱབས་ཀྱིས་སྐུ་ཞབས་འབུམ་སྐྱབས་ཀྱིས་བོད་ཡིག་སློབ་འབྲིང་གི་དགེ་སློབ་ཚང་མར་བཏོན་པའི་རེ་འདུན་སྒྲོག་འདོན་བྱས། ཁོང་གི་རེ་འདུན་ནི་འདི་ལྟ་སྟེ། དགེ་རྒན་ཞིག་གི་ཆ་ནས། སློབ་གྲྭ་ལ་ངེས་ངར་དགའ་ཞེན་ཆེ་དགོས་ལ། སྤྲོ་སེམས་ཆེན་པོས་བྱ་བར་བརྩོན་ཏེ། བོད་ཡིག་སློབ་འབྲིང་གི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་དགོས། སློབ་མ་ཞིག་ཡིན་ན། སློབ་སྦྱོང་ལ་དུངས་ཤིང་། བརྩོན་འགྲུས་ཆེ་བ་སོགས་ཐོས་པ་དོན་དུ་གཉེར་བ་ཞིག་ཡིན་དགོས།

       བྱེད་སྒོའི་ཁྲོད་དུ། 2018ལོ་ནས་2019ལོའི་བར་གྱི་དགེ་རྒན་གྱི་སློབ་ཁྲིད་བཅོས་བསྒྱུར་གྱི་གཟེངས་བསྟོད་དང་། སློབ་ཁྲིད་རྒྱུ་སྤུས་ཀྱི་གཟེངས་བསྟོད། སློབ་མའི་རྒྱུུགས་འབྲས་གཟེངས་བསྟོད་བཅས་ཀྱི་བྱ་དགའ་གནང་བ་དང་། ཐེངས་འདིའི་བྱེད་སྒོ་རུ་བསྡོམས་པས་འབུམ་སྐྱབས་སློབ་གསོའི་མ་དངུལ་སྒོར་94912ཡིས་བྱ་དགའ་གནང་བ་དང་། འབུམ་སྐྱབས་སློབ་གསོའི་མ་དངུལ་གྱིས་རོགས་རམ་བྱས་པའི་སློབ་རའི་དུས་དེབ་འགྲེམ་སྤེལ་མཛད་སྒོ་ཡང་བསྡུས། གཞན་ད་དུང་2018ནས་2019བར་གྱི་ཕུལ་བྱུང་འཛིན་བདག་དགེ་རྒན་དང་། ཕུལ་བྱུང་དགེ་རྒན། ཕུལ་བྱུང་ལས་ཀ་བ་བཅས་ལ་གཟེངས་བསྟོད་གནང་།

       བོད་ཡིག་སློབ་འབྲིང་གི་དགེ་རྒན་དྲིན་པ་འཚོ་ཡིས་གསར་འགོད་པར་བཤད་རྒྱུར། འབུམ་སྐྱབས་སློབ་གསོའི་མ་དངུལ་གྱིས་དགེ་རྒན་ཆེན་མོ་ཁོང་གིས་ཕ་ཡུལ་གྱི་དར་རྒུད་སེམས་ལ་ཉར་ནས་ཕ་ཡུལ་གྱི་སློབ་གསོར་རྒྱབ་སྐྱོར་བྱེད་པའི་འདུན་པ་ཟབ་མོ་མཚོན་པར་མ་ཟད། ང་ཚོའི་སློབ་གྲྭའི་དགེ་སློབ་ཀུན་གྱིས་འབད་པ་ཧུར་ཐག་དང་སྔར་ལས་ལྷག་པའི་འབྲས་བུ་གཡུར་དུ་ཟ་བ་ཞིག་ལེན་པར་ཡང་སྐུལ་ལྕག་ནན་མོ་ཐེབས་བཞིན་ཡོད། དེ་བས་ཁོང་གིས་ཕ་ཡུལ་གྱི་སློབ་གསོར་འདི་འདྲའི་བླ་མེད་ཀྱི་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཟེར།

རིག་རྩལ་འཁྲབ་སྟོན་ཡུལ་དངོས།

༢༠༡༩ལོའི་སྐབས་སོ་ལྔ་བའི་དགེ་རྒན་དུས་ཆེན་བསུ།

འཁྲབ་སྟོན་བྱེད་བཞིན་པ།

      བྱེད་སྒོའི་མཇུག་ཏུ། སློབ་མ་རྣམས་ཀྱིས་སྣ་མང་རིག་རྩལ་འཁྲབ་སྟོན་གྱི་ལམ་ནས་དགེ་རྒན་དུས་སྟོན་ལ་རྟེན་འབྲེལ་ཞུས་ཏེ་བྱེད་སྒོའི་མཇུག་བསྡུས།

གསར་འགོད་པ་ཚེ་རིང་ལྷ་མོ།


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/9/9 བལྟ་ཀློག (530)