བསམ་གཟས་ནས། ཁྱོད་ལ་བཤད་པ་ཡིན།

བསམ་གཟས་ནས།   ཁྱོད་ལ་བཤད་པ་ཡིན།
           
དགེ་བློ་གྲོས།   རྔ་བ།
      སྤྱིར་ན་ང་རང་ཤེ་མུན་དུ་འདུག་ཡུན་རིང་སོང་བས།   གློ་རྡེག་ཏུ་སྤྱི་ཚོགས་ཀྱི་གནས་བབ་ལ་སྐེ་བསྲིངས་ནས་གཞན་སྐྱོན་ཏག་ཏག་གི་གནད་དོན་ལ་བསམ་གཞིགས་བྱས་ན།   ཅུང་སྔ་སོང་བ་ལྟ་བུ་ཞིག་དང་རང་ཕྱོགས་ནས་སྐྱོན་མེད་ལྟ་བུ་ཞིག་གི་ལྟ་ཚུལ་ཀློག་པ་པོ་དག་ལ་སྐྱེ་སྲིད་ནའང་།   དེ་ནི་གནད་དོན་འདིའི་གནད་དོན་མ་ཡིན་པས་ཁ་རོག་གེར་འདུག་ནས་གཞན་དོན་གྱི་ཆེད་དུ་གཞན་སྐྱོན་གླེང་བར་སྤྲོ།   སོ་སོའི་སྐྱོན་ཆ་ཐེར་ནས་འདོན་པ་དམིགས་ཡུལ་མིན་ལ།  གཞན་གྱི་སྐྱོན་སྐྱོན་དུ་གོ་རྒྱུ་དེ་སྐད་ཆ་འདིའི་རྩ་བའི་རྩ་དོན་ཡིན། གལ་ཏེ།   ངས་བཤད་པའི་སྐད་ཆ་འདི་དག་བདེན་པ་དང་།  ཡང་ན་འུ་ཚོའི་འབྱུང་འགྱུར་ལ་ཕན་པའི་སྐད་ཆ་འདྲ་མིན་ན།  ཀུན་གྱིས་དོར་བའི་གནས་ཡིན་པ་ལས་བླང་བྱ་མིན།  རེད་དེ། ལག་པ་བྲང་ལ་བཞག་ནས་སོས་དལ་བག་ཡོད་ཀྱི་སྒོ་ནས་བསམ་གཞིག་རྣལ་དུ་ཕབ་ན་ངའི་དྲྭ་རྩོམ་འདི་ཐེངས་གཅིག་ལྟ་ཀློག་བྱེད་རྒྱུ་ཤིན་ཏུ་ནས་གལ། ད་རུང་ཀློག་པའི་གོ་རིམ་ཁྲོད་ནས་བདེན་པ་འོས་ལངས་བྱེད་རྒྱུ་ནི་དེ་བས་ནས་ཀྱང་གལ་ལོ།།
      འུ་ཚོས་བྱ་བ་ཆེ་མ་ཆུང་གསུམ་གང་ཞིག་བསྒྲུབས་ཀྱང་ཚད་ཡོད་པའི་སྟེང་ནས་བསྒྲུབ་དགོས་པ་ལས།   ཚད་ལས་བརྒལ་སོང་ན་རྒྱུན་ལྡན་མ་ཡིན་པའི་ངང་ཚུལ་ཡ་མཚན་པ་ཏག་ཏག་འོང་ཡོང་གིན་འདུག   དཔེར་ན།  འདི་ནས་ཡར་བརྩིས་པའི་ལོ་བཞིའི་སྔོན་དུ། གྲྭ་བ་གྲོང་བ་གང་ཡིན་ནའང་།  དེ་རིང་ཁ་སང་ལ་ལྟོས་ཏེ།   ངོ་ཚའི་ཕྱོགས་ལ་ཧ་ཅང་གིས་འཛེམས་པར་མ་ཟད་བྱ་བ་གང་ཞིག་བསྒྲུབས་ཀྱང་མཉམ་འཇོག་དང་བསམ་གཞིག་གི་འོག་ནས་བསྒྲུབས་ནི་རེད་ལ།  རང་གནོད་གཞན་གནོད་ཀྱི་ལས་སྦྱོར་ལ་དེ་བས་འཛེམས་ཀི་རེད། དེང་སང་དེ་ལས་ལྡོག་སྟེ།    ག་ས་གང་གི་མི་བུ་ཚོས།   གསང་བ་ལྐོག་གྱུར་གྱི་དོན་དག་མང་པོ་མང་པོ་ཞིག་དྲྭ་ལམ་ནས་རང་འཐད་རང་མོས་ཀྱི་སྒོ་ནས་གཞན་གྱི་མིག་གི་དགའ་སྟོན་དུ་མངོན་ཅི་ཐུབ་བྱེད་བཞིན་ཡོད་པ་མ་ཟད།   ཁོར་ཡུག་གི་ནད་ཡམས་གཅིག་གིས་གཅིག་ལ་འགོས་ནས་མགྱོགས་འཕྲིན་ཐད་གཏོང་ནང་ནས་ཆགས་སྤྱོད་རྒྱན་དུ་ཁྱེར་ནས་བསླུ་བྲིད་ཀྱིས་གཡོ་སྒྱུ་བཤམས་བཞིན་འདུག   དེ་དང་དེའི་འདྲ་བའི་སྐྱེས་ཕོ་མོ་སུ་ཡིན་ཡང་ད་ནི་མཚམས་བཞག་ན་རེད།   ད་རུང་དེ་འདྲའི་རིགས་ལ་བོད་པའི་ཡུལ་སྲོལ་ལ་བག་ཆགས་ངན་པ་དང་བོད་ཀྱི་ནང་བསྟན་ལ་ཞབས་འདྲེན་ཞུ་བཞིན་པ་དག་རྩད་ནས་མཚམས་འཇོག་རན་རེད།  དེ་བས་རང་གནོད་གཞན་གནོད་ཀྱི་བྱ་བ་འདིའི་རིགས་བལྟས་བལྟས་རིག་རིག་ལ་ཕྱིར་མངོན་མི་བྱེད་རོགས་མ་གཏོགས།

      གལ་ཏེ།  བྱ་བ་དེའི་རིགས་ལ་ཚོད་འཛིན་མི་ཐུབ་ན།  མིག་གིས་མི་རིག་ས་དང་རྣ་ཡིས་མི་གོ་ས་ཞིག་ནས་གསང་བ་གསང་བ་རུ་བྱེད་རོགས།

        བསམ་གཞིག་བྱེད་སྟངས་ཤིག་གིས་རང་ཉིད་རང་གིས་གཅེས་མ་ཤེས་པ་དང་རང་ཉིད་རང་གིས་བདག་རྒྱག་མ་ཤེས་པའི་སྣང་བ་ཞིག་སྐྱེ་ཡི་འདུག   དེ་དག་ཕར་དེེད་ན་རང་ཉིད་ཚད་ལས་བརྒལ་སོང་བ་དང་རང་ཚོད་མ་ཟིན་པས་རེད།   དེ་ཡིན་ཙང་།   སོ་སོའི་བསམ་གཞིག་ཡག་པོ་བཏང་ནས་སྔོན་ཆད་ཀྱི་ཁྱོད་དང་ད་ལྟའི་ཁྱོད་གཉིས་ལ་འགྱུར་བ་སོང་ཡོད་མེད་བརྟག་རྒྱུ་གལ་ཆེ།   གལ་ཏེ་ཁྱོད་ཇེ་ངན་ནས་ཇེ་ངན་དུ་འགྲོ་བཞིན་ཡོད་ན།   རང་སྤྱོད་རང་གིས་བཅོས་ནས་ཡ་རབས་ཀྱི་ཕྱོགས་ལ་མགོ་ཚུད་ལུས་ཚུད་བྱེད་པར་འབད་དགོས་པ་མ་ཟད།  ཞ་ཞོར་དུ་ཧུར་ཐག་འབད་ཐག་གིས་རིག་གནས་ལ་སྦྱང་རྒྱུ་དེ་བས་གལ་ཆེ།   ཇེ་ངན་ནས་ཇེ་བཟང་དུ་འགྲོ་བཞིན་ཡོད་ན། རང་གི་ལུས་ངག་ཡིད་གསུམ་གྱི་སྤྱོད་བཟང་རྒྱུན་སྐྱོང་རྒྱུ་དེའོ།།
       སྤྱིར་ན་མི་སུ་དང་སུ་ཡིན་ནའང་། ཕྱུག་ན་དགའ་བ་དང་།  མཁས་ན་དགའ་བ།   ཡག་ན་དགའ་བ་སོགས་འཇིག་རྟེན་བོན་བརྒྱད་ཀྱི་དབང་དུ་མ་སོང་བའི་མི་བུ་གཅིག་ཀྱང་མེད།   ཐ་ན་མཐོ་བླ་མ་དང་འོག་སྤྲང་པོ་ཞིག་གི་ཚུན་ཆད་ནས་གཉུག་གཤིས་དེས་དབང་བསྒྱུར་ཡོད་ལ་དུས་ད་ལྟའང་མངོན་དུ་ལྡིང་ཡོད། དེ་འདྲ་འདོད་ཆགས་དང་ཕྲག་དོག་མང་པོ་ཞིག་གི་དབང་འོག་ཏུ་ལུས་ནའང་།  དེ་དག་སྐྱོན་དུ་བརྩི་ཡི་མེད།   རྒྱུ་མཚན་དེ་དག་ནི་མི་ཞིག་ཡིན་པའི་མ་མཐའི་ཆ་རྐྱེན་ཡིན་པས་སོ།  ། གལ་ཏེ།   ཆ་རྐྱེན་དེ་དག་མ་ཚང་བ་ཡིན་ན།   གཅིག་བྱས་ན་ཀློས་རྒན་ཞིག་དང་།   ཡང་གཅིག་བཤད་ན།  སངས་རྒྱས་ཞིག་མ་ཡིན་རང་ཡིན་མ་ཡིན་ནམ།   རེད་དེ།   དེ་དག་ཚད་ལས་བརྒལ་སོང་ན། ནོར་འཁྲུལ་དང་སྐྱོན་ཆ་བཟོ་ཡི་ཡོད།  དེ་བས་ངས་འདི་ནས་བྱ་བ་གང་བསྒྲུབ་ཀྱང་ཚད་ལས་མ་བརྒལ་ཞེས་སྐད་འབོད་བརྒྱབས་པ་ཡིན། 
        རང་ཉིད་ཀྱི་ཤེས་རབ་ལ་ཚད་ཡོད་པ་ཇི་བཞིན།  རང་ལ་ཡེ་ནས་ཡོད་པའི་དུག་ལྔ་ལའང་ཚད་ངེས་ཅན་ཞིག་ཡོད། དེ་དག་གི་ནུས་པ་ཚད་ལས་བརྒལ་སོང་བ་ཡིན་ན།  རང་ཉིད་ཀྱིས་རང་ལམ་མེད་པར་བཟོ་ཡི་ཡོད་པ་མ་ཟད།   རང་ལ་དབང་བའི་བདེ་སྐྱིད་དེ་ཡང་རང་དང་ཁ་ཐག་ཇེ་རིང་ནས་ཇེ་རིང་ཡིན།  དཔེར་ན།   ཁྱོད་སློབ་མ་ཡིན་པའི་དབང་དུ་བཏང་ནས་བཤད་ན།  སློབ་མ་ལ་སློབ་མའི་འགན་འཁྲི་ཞིག་ཡོད་ལ།   དུས་ཚོད་ངེས་ཅན་ཞིག་གི་འོག་ནས་སློབ་སྦྱོང་ལ་ཤ་འབད་རུས་འབད་བྱེད་དགོས་པ་རྩ་དོན་རེད་ལ།  རྩ་དོན་ལ་འགན་མ་ཁུར་ནས་གཏི་མུག་དེ་ཤེས་རབ་ལས་རྒྱལ་སོང་ན།   གཏི་མུག་ཚད་ལས་བརྒལ་སོང་བས་རྒྱུགས་ལེན་སྐབས་མཇུག་འབྲས་ཡ་ང་བ་འབྱུང་གིན་ཡོད་པ་མ་རེད་དམ། 
        ཡང་གཅིག་བཤད་ན།  ཁྱིམ་པ་ལ་ཁྱིམ་པའི་འགྲོ་སྲོལ་དང་། གྲྭ་བ་ལ་གྲྭ་བའི་ཚུགས་ཀ་དང་ནང་བསྟན་གྱི་ཚེ་སྲོག་དགོས།  དེ་བས་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་ལ་ཞབས་འདྲེན་མ་ཞུས་ན་ཞུ་འདོད་པ་ཡིན།  དེའི་རྐྱེན་གྱིས་གྲྭ་གྲོང་ཚོས་ག་ས་གང་ནས།   རང་མོས་ཀྱིས་གདམས་པའི་འགན་འཁྲི་འདི་ཡང་གཙུག་ཏུ་བཀུར་ནས།  ཕྱི་ནང་གཉིས་ཀ་བདག་ཡག་པོ་ཞིག་བྱེད་རྒྱུ་དང་།   ཁྲ་ཁྲ་རིག་རིག་དང་འུར་འུར་ཟིང་ཟིང་གིས་དུས་མི་འདའ་བར།  མགྱོགས་འཕྲིན་དང་འདར་དབྱངས་བརྙན་ཐུང་གི་དབང་དུ་མ་སོང་བར།  བོད་ཀྱི་རིག་གནས་ལ་ཤ་ཐང་ཐང་གིས་འབད་དེ་བཅུ་ཕྲག་རིག་པའི་གཞུང་ལུགས་དང་རྫས་དངོས་ཚབ་གསུམ་སོགས་མི་རིགས་རང་གི་ཁྱད་ཆོས་ཀྱི་སྟེང་ནས་རྒྱུན་འཛིན་དང་སྔར་ཡོད་ཀྱི་ནང་བསྟན་རིན་པོ་ཆེའི་རིན་ཐང་ཡང་འཛམ་གླིང་ཡོངས་ལ་ཤེས་སུ་འཇུག་རོགས་ཞུ་ཞེས་རྔ་བ་རུ་བྲིས། ༢༠༡༩——༡༠—-༡༢ཉིན།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/10/17 བལྟ་ཀློག (3385)