བླ་བྲང་ཡབ“རྒྱལ་པོའི”སྐུ་ཚེའི་མཛད་རིམ་ལ་དཔྱད་པ།

བླ་བྲང་ཡབ“རྒྱལ་པོའི”སྐུ་ཚེའི་མཛད་རིམ་ལ་དཔྱད་པ།

པདྨ་ཚེ་རིང་།  ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་པ།  

    ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་བླ་བྲང་དགོན་པའི་དགོན་བདག་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པའི་ཡབ་གཞིས་མགོན་པོ་དོན་གྲུབ་སྟེ། ཡོངས་གྲགས་སུ་བླ་བྲང་ཡབ“རྒྱལ་པོ”་བྱ་བ་དེ་ཉིད་ཀྱི་སྐུ་ཚེའི་མཛད་རིམ་གལ་ཆེ་བ་རྣམས་གཙོ་གནད་དུ་བཟུང་ནས། དུས་རབས་ཉི་ཤུའི་སྟོད་དུ་ཁོང་ཉིད་ཁམས་ཕྱོགས་ཀྱི་ཡུལ་དཔོན་གཞུང་བསྐོའི་ལས་འགུལ་དང་། མདོ་སྨད་བླ་བྲང་ཕྱོགས་ཀྱི་བླ་བྲང་དོན་རྐྱེན་སོགས་ལ་ཞུགས་པའི་གནས་ཚུལ་རྣམས་མཐར་ཆགས་སུ་བཀོད་ཅིང་། སྐབས་དེའི་དུས་བབ་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ཀྱི་ཡོ་ལང་རེ་རེས་ཁོང་གི་མི་ཚེ་ལ་ཐེབས་པའི་ཤུགས་རྐྱེན་དང་། ཁོང་གིས་ཀྱང་སྐབས་དེ་དང་དེའི་སྤྱི་ཚོགས་ཀྱི་གནས་སྟངས་ལ་ནུས་པ་ཅི་འདྲ་ཐོན་ཚུལ་སོགས་ཞིབ་བརྗོད་བྱས་ཡོད། དེ་བཞིན་ཁོང་གིས་ལོ་རྒྱུས་དང་སྤྱི་ཚོགས་ལ་ཐེབས་པའི་ནུས་པ་དེ་དག་གི་དོན་སྙིང་དང་རིན་ཐང་ལ་གདེང་འཇོག་ཀྱང་བྱས་ཡོད། འདི་ནི་ཡབ་རྒྱལ་པོ་ཁོང་གི་སྐུ་ཚེའི་མཛད་རིམ་ཆེད་དུ་བྲིས་ཤིང་དེ་ལ་དཔྱད་པ་བཏང་བ་ཐོག་མ་ཡིན་པས། ཁོང་གི་སྐུ་ཚེའི་བྱུང་བ་དང་འབྲེལ་བའི་ལོ་ཚིགས་དང་། མི་མིང་དང་ས་མིང་། བྱ་བའི་འབྱུང་རྐྱེན་དང་རྒྱབ་ལྗོངས་སོགས་དང་འབྲེལ་བའི་དོགས་གནད་རྣམས་དཔྱད་ཡིག་དང་ངག་རྒྱུན་ཁུངས་ཐུབ་དག་ལ་གཞི་བཅོལ་ཏེ་ཅི་ནུས་ཀྱིས་དོགས་གཅོད་བྱས་ཡོད།

བརྡ་ཆད་གཙོ་བོ།    ཡབ་མགོན་པོ་དོན་གྲུབ།   ཀུན་མཁྱེན་ལྔ་པ་ཚང་།   མཱ་ཆི་ཚང་།   བླ་བྲང་དོན་རྐྱེན།


ཡབ་གཞིས་སྐུ་འཁོར་ནང་མ།

    དུས་རབས་ཉི་ཤུའི་དུས་སྟོད་དུ། ཆིང་གནམ་བསྐོས་གོང་མའི་རྒྱལ་རབས་ཐོར་ཞིག་ཏུ་སོང་ཞིང་དེང་རབས་སྲིད་ལུགས་ཀྱི་ངོ་བོ་ཀུན་ནས་མཚོན་པའི་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཅེས་པ་གསར་ཏུ་བཙུགས། རྒྱལ་རབས་རྙིང་པའི་སྲིད་འཛིན་མ་ལག་ལ་གཡོ་འགུལ་བྱུང་པ་ནས་སྲིད་ལུགས་གསར་པའི་སྒྲིག་གཞི་ཆ་ཚང་ཞིག་ཆགས་པའི་བར་སྐབས་དེར་སྤྱི་ཚོགས་གསར་རྙིང་གི་འགལ་འདུ་དང་། ཆབ་སྲིད་ཉམས་ཉེན། སྡེ་གཟར། ཟིང་འཁྲུག་སོགས་ཀྱི་རླབས་རྒྱུན་དྲག་པོ་མཚམས་ཆད་མེད་པར་ཕྱོགས་ཀུན་ཏུ་ཁྱབ་ཅིང་། བོད་མདོ་སྨད་ཀྱི་ཡུལ་གྲུ་ཁག་ཏུ་ཡང་གཡུལ་འཁྲུག་དང་དུས་ཟིང་སོགས་རིམ་པར་བྱུང་། སྐབས་དེར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་བདག་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡབ་གཞིས་མགོན་པོ་དོན་གྲུབ་སྟེ་ཡོངས་གྲགས་སུ་བླ་བྲང་ཡབ“རྒྱལ་པོ”བྱ་བ་དེ་ཉིད་ཁམས་ཕྱོགས་ཀྱི་ཡུལ་དཔོན་གཞུང་བསྐོའི་ལས་འགུལ་དང་བླ་བྲང་དོན་རྐྱེན་སོགས་སུ་ཞུགས་ཤིང་ཡུལ་དུས་དེ་དག་གི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་འཕེལ་འགྱུར་ལ་ནུས་པ་ཆེན་པོ་ཐོན། དེ་ལྟ་ནའང་དེང་གི་དུས་སུ་མདོ་སྨད་ལོ་རྒྱུས་ལ་ཉམས་ཞིབ་བྱེད་མཁན་དག་གི་ཁྲོད་དུ། ཁོང་གི་མི་ཚེ་དང་འབྲེལ་བའི་ལོ་རྒྱུས་ལ་དོ་སྣང་བྱེད་མཁན་ཕལ་ཆེར་མ་བྱུང་ལ་དེར་འབྲེལ་གྱི་དཔྱད་གཞིའི་ཡིག་ཆ་ཡང་མང་པོ་མེད་པས། འདིར་ཁོ་བོས་རྒྱ་བོད་དབྱིན་གསུམ་གྱི་ཡིག་ཆ་དག་གི་ཁྲོད་ན་ཤིན་ཏུ་ཁ་ཐོར་ཏུ་ཡོད་པའི་ས་བོན་རྣམས་གཅིག་ཏུ་བསྡུས་ཤིང་འབྲེལ་ཡོད་ཀྱི་དམངས་ཁྲོད་ངག་རྒྱུན་དག་ཀྱང་གང་ནུས་ཀྱིས་འཚོལ་བསྡུ་བྱས་ཏེ། ཁོང་གི་སྐུ་ཚེ་ཧྲིལ་བོ་དེ་གཉེར་པ་བྱེད་པའི་སྐབས་དང་། དཔོན་པཱོ་ཀྲིན་(保正)ཀྱི་སྐབས། ཡབ་རྒྱལ་པོའི་སྐབས། སྐུ་ཚེའི་སྨད་ཀྱི་སྐབས་བཅས་དུས་རིམ་མི་འདྲ་བ་བཞི་རུ་ཕྱེ་ཞིང་། དུས་རིམ་དེ་དག་ཏུ་ཁོང་གི་སྤྱི་ཚོགས་ཀྱི་གོ་གནས་དང་ཐོབ་ཐང་ཅི་འདྲ་ཡིན་པ་དམིགས་བསལ་གྱི་ལོ་རྒྱུས་དོན་རྐྱེན་དང་། སྤྱི་ཚོགས་ཀྱི་རྒྱབ་ལྗོངས་མི་འདྲ་བར་འབྲེལ་ཏེ་འཕོ་འགྱུར་གྱི་ཚུལ་ཇི་ལྟར་བྱུང་ཚུལ་ལ་དཔྱད་པར་བྱའོ།།

དང་པོ། དཔོན་གཞོན་པ་དང་གཉེར་པ་མགོན་པོ་དོན་གྲུབ།(1869-1905)

    མགོན་པོ་དོན་གྲུབ་ནི་ཁམས་ལི་ཐང་སྟེ་དེང་གི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལི་ཐང་རྫོང་དགའ་བ་ཡུལ་ཚོ་རུ1869ལོར[①]སྐྱེས། ཁོང་ནི་ཡུལ་དེའི་རུས་དགའ་རུ་གཏོགས་པའི་བླ་རི་དོན་གྲུབ[②]ཅེས་པ་ལ་སྲས་གསུམ་ཡོད་པ་ལས་འབྲིང་བ་ཡིན།  ཡུམ་སུ་ཡིན་མི་གསལ། ཁོང་ལ་ཆུང་མ་ཆེན་ཆུན་གཉིས་ཡོད་པ་ལས་ཆེན་མའི་མིང་ལ་གུ་རུ་ལྷ་མཚོ(1880-1944)ཟེར། ཁོང་གཉིས་ལ་བུ་གསུམ་དང་བུ་མོ་གཉིས་སྐྱེས། ཆུན་མའི་མིང་དང་གནས་ཚུལ་གསལ་པོ་མ་རྙེད་ཀྱང་བུ་གཉིས་སྐྱེས།[③]གཞན་ལི་ཨན་ཀྲེ(李安宅)ཡིས་ད་དུང་ཆུན་མ་གཞན་ཞིག་ཡོད་ཚུལ་དང་དེ་ལ་ཡང་བུ་ཞིག་སྐྱེས་པ་བླ་བྲང་གི་སྤྲུལ་སྐུ་ཞིག་ཏུ་ངོས་འཛིན་བྱས་ཀྱང་ཡུན་རིང་མ་འགོར་བར་འདས་ཚུལ་སོགས་བཀོད་འདུག[④]པར་བརྟགས་ན་ཆུང་མ་དངོས་མིན་ཡང་ལོགས་སུ་འབྲེལ་བ་ཡོད་པའི་བུད་མེད་གཞན་ཞིག་ཡོད་པ་འདྲ། ཁོང་ཆུང་ངུའི་དུས་སུ་ཕ་ཡུལ་དགའ་བ་རུ་སོ་ནམ་གྱི་ལས་ལ་ཞུགས་ཤིང་། ནར་སོན་རྗེས་ལི་ཐང་གི་དཔོན་གཞོན་པ་ཞེས་པའི་དཔོན་པོ་ཞིག་ཡོད་པ་དེའི་གཉེར་པ་བྱས། དེ་ནི་ཕལ་ཆེར་ཁོང་གི་མི་ཚེའི་ཁྲོད་དུ་མི་ཆེན་དཔོན་ཆེན་གྱི་འཁོར་དུ་འཚོ་བ་རོལ་བ་ཐེངས་དང་པོ་རེད། དཔྱད་ཡིག་ལྟར་ན1905ལོར་འབའ་ཐང་དོན་རྐྱེན་བྱུང་སྐབས་ཁོང་དགུང་ལོ་སོ་དྲུག་ཏུ་སོན་ཞིང་དཔོན་གཞོན་པའི་གཉེར་པ་བྱེད་མུས་ཡིན་ལ། 1903ལོ་ནས་1905ལོའི་བར་དུ་ལི་ཐང་དུ་བཞུགས་པའི་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པར་མཇལ་ཞིང་ཀུན་མཁྱེན་ཚང་ནས་དམིགས་བསལ་གྱིས་བརྩེ་གཟིགས་གནང་པའི་གནས་ཚུལ་ཡང་འདུག་པས[⑤]སྐབས་དེ་ཙམ་ནས་བླ་ཆེན་དཔོན་ཆེན་རྣམས་ལ་འབྲེལ་བ་བྱེད་པའི་གོ་སྐབས་བྱུང་ཡོད་པ་རྟོགས་ཐུབ།

    ཨ་བློའི་རང་རྣམ་དུ་ཁོང་གི་ཡབ་མགོན་པོ་དོན་གྲུབ་ནི“གཟུགས་སྟོབས་ཆེ་ལ། རྟ་རྒྱུགས་མདའ་འཕེན་ལ་མཁས་པ། བློ་གྲོས་ལྡན་ཞིང་འཇོན་ཐང་ཆེ་བ། རང་བཞིན་དྲང་ཞིང་ཁ་ཁོག་མེད་པ་ཞིག་ཡིན།”[⑥]ཞེས་བཀོད་ཡོད་པ་འདི་ནི་རྒྱ་ཞབས་དྲུང་ཚང་གིས་མཛད་པའི་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པ་ཚང་གི་རྣམ་ཐར[⑦]དང་། གོ་མིན་ཏང་གི་མཐའ་མཚམས་རྟོག་ཞིབ་པ་མཱ་ཧེ་ཐེན(马鹤天)་གྱི་ཟིན་ཐོ[⑧]སོགས་སུ་བཀོད་པའི་མགོན་པོ་དོན་གྲུབ་ཀྱི་འབྲེལ་ཡོད་ནང་དོན་ཁག་དང་ཕལ་ཆེར་གཅིག་ཏུ་ངེས་ལ། ཁོང་གི་སྐུ་ཚེའི་ལོ་རྒྱུས་ལ་བལྟས་ནའང་གོང་གི་ཕྱིར་དྲན་ཚན་པ་འདི་དང་ཤིན་ཏུ་འཚམ་པར་འདུག་པས་འདི་ལས་ཁོང་གི་བྱད་གཟུགས་དང་མི་གཤིས། འཇོན་ནུས་སོགས་ཟུར་ལྟ་ལེབ་མཐོང་བྱེད་ཐུབ།

    དེ་ལྟར་མགོན་པོ་དོན་གྲུབ་ནི་གཞོན་པའི་དུས་སུ་ཐོག་མར་ཕ་ཡུལ་དགའ་བ་རུ་སོ་ནམ་གྱི་ལས་ལ་ཞུགས་པ་དང་། རྗེས་ནས་རྫོང་ཐོག་ཏུ་སྡེ་པའི་ཁྱིམ་ཏུ་གཉེར་བ་ཙམ་བྱས་པ་ལས་སྤྱི་ཚོགས་ཀྱི་ལས་དོན་དང་ལོ་རྒྱུས་དོན་རྐྱེན་གལ་ཆེ་བ་གང་ལ་ཡང་ཞུགས་མེད་པས། ཁོང་གི་སྐུ་ཚེ་སྟོད་ཀྱི་གནས་ཚུལ་ཡང་ཡིག་ཚང་དང་ངག་རྒྱུན་དུ་འདི་ཙམ་ལས་མ་བྱུང་།

གཉིས་པ། འབའ་ཐང་དོན་རྐྱེན་དང་དཔོན་པཱོ་ཀྲིན།(1905-1920)

    ཆིང་རྒྱལ་རབས་ཀྱི་དུས་མཇུག་སྟེ1904ལོར་དབྱིན་ཇིས་བོད་ལ་བཙན་འཛུལ་བྱས་ཏེ། དབྱིན་དམག་ལྷ་སར་རླུགས་ཤིང་རྒྱལ་དབང་བཅུ་གསུམ་པ་ཕྱི་སོག་ལ་བྲོས་བྱོལ་དུ་ཕེབས། གནས་ཚུལ་དེར་ཆིང་སྲིད་གཞུང་གིས་དོ་སྣང་ཆེན་པོ་བྱས་ཏེ1905ལོར་ཧྥིན་ཆོན(凤全)བྱ་བ་གསར་དུ་བོད་བཞུགས་ཨ་བན་དུ་བསྐོས་ཤིང་ཆབ་མདོ་སོགས་ཁམས་ཕྱོགས་ལ་ལྟ་སྲུང་དུ་མངགས། ཁོང་འབའ་ཐང་ལ་བསླེབས་རྗེས་ས་གནས་དེ་གའི་མི་སེར་གྱིས་གྱེན་ལོག་བྱས་ཏེ་བཀྲོངས། དེ་ལ་ལོ་རྒྱུས་སུ་འབའ་ཐང་དོན་རྐྱེན[⑨]ཟེར་ཞིང་། དོན་རྐྱེན་དེ་བྱུང་མ་ཐག་གོང་མ་ཀོང་ཤིས་(光绪)བཀའ་ཕབ་སྟེ་སི་ཁྲོན་ནས་ཀྲོའོ་ཨར་ཧྥིན(赵尔丰)སོགས་དོན་རྐྱེན་བདེ་ལ་འགོད་དུ་བཏང་། ཀྲོའོ་སོགས་ལི་ཐང་དུ་བསླེབས་སྐབས་ལི་ཐང་གི་སྡེ་པ་དང་བཅས་པའི་ཡུལ་མི་ཕལ་ཆེ་བ་རི་མགོར་བྲོས། མགོན་པོ་དོན་གྲུབ་གཅིག་པུ་ནི“ངའི་ཡབ་ནི་དཔོན་གཞོན་པ་ཚང་གི་གཉེར་པ་ཡིན་ལ། ཁྱིམ་སྲུང་རྒྱུའི་ལས་འགན་ཡོད་པས་ཨུ་ཚུགས་ཀྱིས་མི་འདུག་ཐབས་མེད་བྱུང་།”[⑩]ཞེས་ལྟར་ཤུལ་ཏུ་བསྡད། ཀྲོའོ་བསླེབས་རྗེས་མགོན་པོ་དོན་གྲུབ་ཀྱིས་གུས་བརྩི་ཆེན་པོས་ཀྲོའོ་ལ་མཇལ་པས། ཀྲོའོ་ཡིས་ཁོང་ལ་གནོད་པ་ཅི་ཡང་མ་བྱས་པར་བྲོས་སོང་པ་རྣམས་རེ་རེ་བཞིན་ཕྱིར་འབོད་དུ་བཅུག   ཡིན་ཡང་སྐབས་དེའི་ལི་ཐང་གི་དཔོན་འབངས་ཕལ་ཆེ་བས་ཀྲོའོ་ལ་མཐུན་ཐབས་མ་བྱས་པས། ཉེ་རབས་ཁམས་ཕྱོགས་སུ་ཚ་ཚ་འུར་འུར་གྱིས་སྤེལ་བའི་ཡུལ་དཔོན་གཞུང་བསྐོའི་ལམ་ལུགས(改土归流)ཞེས་པ་དེ་ཐོག་མར་ལི་ཐང་ནས་འགོ་བརྩམས་ཏེ་ལག་བསྟར་བྱས། དོན་རྐྱེན་དེའི་ཁྲོད་དུ་མགོན་པོ་དོན་གྲུབ་ཀྱིས་ཀྲོའོ་ལ་མཐུན་རྐྱེན་གང་ནུས་བསྒྲུབས་པས། ཀྲོའོ་ཤིན་ཏུ་མགུ་ཞིང་མགོན་པོ་དོན་གྲུབ་ལ་རྒྱལ་ཁབ་ཀྱི་མི་སེར་ཡག་པོ་ཞེས་བསྟོད། ད་དུང་ཞོན་ཧྥུ་སི(宣抚司)[11]ཞེས་རིམ་པ་བརྒྱད་པའི་དཔོན་གནས་ཤིག་ཀྱང་སྤྲད། འདི་ནི་ཕལ་ཆེར་སྤྱི་ལོ1906ཙམ་ལ་ཁེལ་ཞིང་ཁོང་གི་མི་ཚེའི་ཁྲོད་ཀྱི་དཔོན་པོའི་མཚན་གནས་ཐོབ་པ་ཐེངས་དང་པོ་རེད།

    1910ལོ་ཙམ་ལ་ཁོང་གི་དཔོན་གནས་དེ་ཤར་ལམ་པཱོ་ཀྲིན(东路保正)[12]ཞེས་པར་བསྒྱུར། དེ་དང་མཉམ་དུ་ཁོང་གི་ཁྱིམ་ཚང་གི“འཚོ་བའི་ཆ་རྐྱེན་སྤྱིར་བཏང་གི་མི་སེར་དཀྱུས་མ་དག་ལས་ཡག་པོ་བྱུང་།”[13]ཡིན་ན་ཡང་དེ་ནས་ལོ་གཉིས་ཀྱི་རྗེས་ཏེ1911ལོར་ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ཆིང་གོང་མའི་སྲིད་གཞུང་མགོ་རྟིང་བསློགས་ཤིང་ཀྲོའོ་ཡང་བཀྲོངས། གསར་དུ་ཚུགས་མ་ཐག་པའི་མི་སེར་རྒྱལ་ཁབ་ལ་ནུབ་ཁམས་དང་སྡེ་པ་གཞུང་གི་ས་མཚམས་ལ་ལྟ་མཁན་མ་བྱུང་པས། དེ་སྔོན་ཡུལ་དཔོན་གཞུང་བསྐོའི་སྐབས་གནོད་པ་ཐེབས་པའི་ཕྱག་ཕྲེང་རྫོང་གི་མི་སྟོང་ལྷག[14]ལི་ཐང་དུ་ཡོང་ནས་ཟིང་ཆ་བསླངས། མགོན་པོ་དོན་གྲུབ་ཚང་གི་ཁང་པ་མེར་བསྲེགས་ཤིང་ཅ་དངོས་ཚང་མ་འཕྲོག མགོན་པོ་དོན་གྲུབ་བཟའ་ཚང་འཁོར་དང་བཅས་པ་ཕ་ཡུལ་དགའ་པའི་ཕྱོགས་སུ་བྲོས་ཏེ་ལོ་གསུམ་ལ་མི་མངོན་པ་བྱས་ནས་བསྡད། 1915ལོར་ལི་ཐང་རྫོང་དུ་ཕྱིར་ཕེབས།

    དེ་ལྟར་ཆིང་རྒྱལ་རབས་ཀྱི་དུས་མཇུག་ཙམ་ནས་སྤྱི་ཚོགས་ཡོངས་ལ་འགྱུར་ལྡོག་སྣ་ཚོགས་བྱུང་ཞིང་། ཁྱད་པར་དུ་ལི་ཐང་ཕྱོགས་སུ་འབའ་ཐང་དོན་རྐྱེན་གྱིས་རྐྱེན་བྱས་ཏེ་ཡུལ་དཔོན་གཞུང་བསྐོའི་ལས་འགུལ་སྤེལ་བས། མགོན་པོ་དོན་གྲུབ་ནི་སྤྱིར་བཏང་གི་མི་སེར་དཀྱུས་མ་ཞིག་ནས་ཐད་ཀར་ས་གནས་ཀྱི་དཔོན་པོ་ཞིག་ཏུ་གྱུར་ཏེ་ཁོང་གི་འཚོ་བའི་ཆ་རྐྱེན་དང་སྤྱི་ཚོགས་ཀྱི་གོ་གནས་ལ་བསམ་ཡུལ་ལས་འདས་པའི་འགྱུར་ལྡོག་བྱུང་། ཡིན་ཡང་དེ་ནས་བཟུང་ཁོང་གི་འཚོ་བ་དང་ལས་དོན་ལ་གཏན་འཇགས་ཀྱི་གོ་སྐབས་ཤིག་ཡེ་ནས་མ་བྱུང་བར་ནམ་ཡང་ཉེན་ཁ་དང་འགྱུར་ལྡོག་ཁོ་ནའི་ཁྲོད་ནས་དུས་འདའ་བར་བྱས།ཁོང་ཉིད་ཡུལ་དཔོན་གཞུང་བསྐོའི་ལས་འགུལ་དུ་ཞུགས་པ་དེ་ནི་ཁོང་གི་མི་ཚེའི་ནང་དུ་ཡུལ་སྤྱིའི་བདེ་སྡུག་དང་འབྲེལ་བའི་དོན་རྐྱེན་དུ་ཞུགས་པ་ཐེངས་དང་པོ་ཡིན་ལ། སྤྱི་ཚོགས་ཀྱི་སྲིད་འཛིན་མ་ལག་བསྐྱར་འཛུགས་དང་གསར་རྙིང་སྡེབ་སྒྲིག་བྱེད་པའི་སྐབས་དང་། ཆབ་སྲིད་ཀྱི་སྟོབས་ཤུགས་མི་འདྲ་བས་འཐེན་འཁྱེར་བྱེད་སྐབས་བཅས་ལ་ཇི་ལྟར་གདོང་གཏད་པ་དང་། ཇི་ལྟར་གནས་བབ་བེད་སྤྱོད་བྱས་ཏེ་ཐར་ལམ་འཚོལ་བ་སོགས་ཀྱི་ཐད་ཉམས་མྱོང་གཞན་ན་མེད་པ་མང་པོ་བསགས། དེ་ཡང་མ་འོངས་པའི་མི་ཚེའི་ཁྲོད་དུ་དེ་ལས་ཛ་དྲག་ཆེ་བའི་དུས་འགྱུར་དང་གཡུལ་འཁྲུག་སོགས་ལ་གདོང་ལེན་བྱ་རྒྱུར་གྲ་སྒྲིག་བྱེད་པ་དང་མཚུངས་སོ།།


ཡབ་ཚང་༡༩༤༠ལོའི་ལོ་སར་སྐབས་གྱ་སྟོན་ལ་རོལ་བའི་རྣམ་པ།

གསུམ་པ། བླ་བྲང་དོན་རྐྱེན་དང་ཡབ“རྒྱལ་པོ།”(1920-1928)

    ཆིང་རྒྱལ་རབས་ཀྱི་སྐབས་སུ་བླ་བྲང་ཕྱོགས་ནི་ཀན་སུའུ་ཞིང་ཆེན་ཟི་ལིང་མཁར་ཡ་རྫིའི(甘肃省西宁府循化厅)ཁོངས་སུ་གཏོགས་མོད།“དོན་དངོས་སུ་ཀུན་མཁྱེན་འཇམ་དབྱངས་བཞད་པས་དགོན་པའི་དབང་ཆ་བདག་ཏུ་བཟུང་ཡོད”[15]པས་ཡ་རྫི་སོགས་གཞུང་ཕྱོགས་ནས་བླ་བྲང་ཕྱོགས་ཀྱི་ཆོས་སྲིད་ཀྱི་བྱ་བར་ནུས་པ་ཐོན་པ་ཤིན་ཏུ་ཉུང་། ཆིང་རྒྱལ་རབས་ཀྱི་མཇུག་ཙམ་ནས་མཱ་ཆི(马麒)[16]ཞེས་པའི་ཧེ་རིགས་དམག་ཤེད་ཅན་ཞིག་དུས་ཡུན་ཐུང་ངུའི་ནང་དུ་སྟོབས་ཤུགས་ཧ་ཅང་རྒྱས་པར་གྱུར་ཏེ་ཟི་ལིང་ལྟེ་བ་བྱས་པའི་མཚོ་སྔོན་གྱི་ས་ཆ་ཕལ་ཆེ་བ་དབང་དུ་བསྡུས། འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པའི་སྐབས་མཱ་ཆི་དང་འབྲེལ་བ་ཡག་ཙམ་བྱུང་ཡོད། 1916ལོར་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་བ་སྐུ་གཤེགས་རྗེས་བླ་བྲང་དགོན་པའི་ནང་ཁུལ་དུ་རྒྱལ་ཚབ་དབལ་མང་དང་ཕྱག་མཛོད་ལིས་བརྩོན་འགྲུས་(李宗哲)བར་འགལ་བ་བྱུང་བར་མཱ་ཆི་ཡིས་ལིས་བརྩོན་འགྲུས་ལ་རྒྱབ་སྐྱོར་བྱས་པས།དབལ་མང་གཙོས་པའི་བླ་བྲང་ཕྱོགས་དང་མཱ་དམག[17]བར་འཁྲུག་རྩོད་དྲག་པོ་ཤོར་ཞིང་བླ་བྲང་ཕྱོགས་ལ་ཕམ་ཉེས་ཆེན་པོ་ཐེབས། དེ་ནས་བཟུང་མཱ་དམག་གིས་བླ་བྲང་དུ་དམག་སྒར་བཏབ་ཅིང་། དགོན་པའི་ཆོས་སྲིད་ཀྱི་དབང་ཆ་ཡོངས་སུ་རྫོགས་པ་ལིས་བརྩོན་འགྲུས་སོགས་མཱ་ཕྱོགས་ལ་བློ་ཉེ་བ་རྣམས་ཀྱིས་བཟུང་།

    1.    བླ་བྲང་དོན་རྐྱེན་གྱི་འབྱུང་རྐྱེན།

    1916ལོར་མགོན་པོ་དོན་གྲུབ[18]ཀྱི་སྲས་འབྲིང་བ[19]རྟ་མགྲིན་དབང་ཆེན་བྱ་བ་མདོ་སྨད་བསྟན་པའི་མངའ་བདག་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པའི་ཡང་སྤྲུལ་དུ་ངོས་འཛིན་བྱས། སྐབས་དེར་བླ་བྲང་ཕྱོགས་སུ་མཱ་འགོག་དམག་འཁྲུག་གི་མེ་ལྕེ་དགུང་དུ་མཆེད་བཞིན་པའི་སྒང་ཡིན་པས། ཁོང་གིས་རང་གི་སྙིང་ཉེ་བའི་བུ་དེ་རེ་ཞིག་དེ་འདྲའི་ཉེན་ཁ་ཆེ་བའི་གནས་ཞིག་ཏུ་གཏོང་མ་འདོད་པར།“ལོ་འགའི་རྗེས་སུ་མཆོག་སྤྲུལ་སྐུ་ནར་སོན་རྗེས་ཕེབས་ན་ཆེས་ལེགས”[20]ཚུལ་ཞུས་མོད། བླ་བྲང་ཕྱོགས་ཀྱིས་ཡང་ཡང་ཨུ་ཚུགས་མཐར་སྐྱེལ་བྱས་པས་མཐར་མགོན་པོ་དོན་གྲུབ་ཀྱིས་བླ་བྲང་ཕྱོགས་ལ།

    གཅིག་ནས་སྐུ་ཕྲེང་ལྔ་བ་ཁྲི་ལ་བཀོད་ན་ཡང་ད་དུང་སྐུ་ན་ཕྲ་བས། དགོན་པའི་བདག་དབང་གཙོ་བོ་ཁུ་བོ་དགེ་བཤེས་ངག་དབང་དོན་ལྡན་གྱིས་འགན་འཁུར་རྒྱུ་དང་། གཉིས་ནས་བླ་བྲང་ན་བསྡད་ཡོད་པའི་མཱ་དམག་ངེས་པར་དུ་ཕྱིར་འཐེན་དགོས་རྒྱུ། གསུམ་ནས་བླ་བྲང་དགོན་པའི་ལྷ་སྡེ་མི་སྡེའི་དཔོན་འབངས་ཐམས་ཅད་ཀྱིས་སྐུ་ཕྲེང་བཞི་པ་ཇི་ལྟར་བརྩིས་པ་བཞིན་སྐུ་ཕྲེང་ལྔ་པ་ཚང་ཡང་བརྩི་དགོས།[21]

    ཞེས་པའི་ཆ་རྐྱེན་དོན་ཚན་གསུམ་བཏོན། དེ་དག་མཱ་ཆི་དང་བླ་བྲང་ཕྱོགས་ནས་ཡུན་རིང་མ་འགོར་བར་ཁས་བླངས་ཤིང་། ད་དུང་ཡབ་ཚང་གི་རེ་བ་ལྟར་གན་རྒྱའི་ནང་དོན་ཡི་གེར་བྲིས་ཏེ་ཕྱོགས་གཉིས་ཀྱིས་མཚན་རྟགས་ཀྱང་བཀོད། འདི་ནི་ཡབ་གཞིས་དང་མཱ་ཆི་ཕྱོགས་གཉིས་བར་དུ་དགོན་པའི་བདག་དབང་དང་འབྲེལ་བའི་ཆ་རྐྱེན་བཏོན་པ་ཐེངས་དང་པོ་ཡིན་ལ། ཐེངས་འདིར་ཡབ་ཚང་དང་མཱ་ཕྱོགས་བར་ཐད་ཀར་འབྲེལ་བ་བྱས་པ་མ་ཡིན་པར་མཱ་ཕྱོགས་ལ་ཉེ་བའི་རྒྱལ་ཚབ་གུང་ཐང་སྐུ་ཕྲེང་ལྔ་པ་སོགས་བརྒྱུད་དེ་གྲོས་མཐུན་བྱུང་པ་ཞིག་རེད། གན་རྒྱའི་ནང་དོན་ཉུང་བསྡུས་ཡིན་ཡང་དོན་སྙིང་ཆེན་པོ་ཡོད་དེ། དེས་མཱ་ཆི་ཚང་གི་སྟོབས་ཤུགས་བླ་བྲང་ནས་ཕྱིར་གཙང་འཐེན་བྱེད་དགོས་པ་དང་། དགོན་པའི་ཆོས་སྲིད་ཟུང་འབྲེལ་གྱི་རྩ་འཛུགས་ལ་ཤུགས་བརྒྱབ་སྟེ་དབང་ཆ་གཅིག་བསྡུས་ཀྱིས་ཡབ་གཞིས་ནས་བདག་འཛིན་བྱ་རྒྱུ་ཡིན་པའི་འདོད་ཚུལ་བླ་བྲང་ཕྱོགས་ཀྱི་དགོན་མ་ལག་དང་། ལྷ་སྡེ་མི་སྡེ་ཡོངས་དང་། དེ་དག་གི་ཁ་གཏད་དུ་ཡོད་པའི་མཱ་ཆི་བཅས་ལ་བརྡ་གསལ་པོར་སྤྲད་པ་རེད། འདི་ཡང་དེའི་ཕྱིས་ཀྱི་ལོ་རྒྱུས་ལ་བལྟས་ཚེ་ཡབ་ཚང་གིས་གཙོ་འཛིན་བྱས་པའི་བླ་བྲང་ཕྱོགས་ཀྱི་ཆོས་སྲིད་སྐྱོང་ལུགས་ཀྱི་རྩ་བའི་ལམ་ཕྱོགས་ཤིག་ཡིན་པའང་ཤེས་ཐུབ། སྤྱིར་མཱ་ཆི་ཡིས་མགོ་ལོག་དང་ཡུལ་ཤུལ་བཅས་པའི་མཚོ་སྔོན་ཡོངས་ལ་གོམ་པ་རིམ་བགྲོད་ཀྱིས་དབང་དུ་སྡུད་བཞིན་པའི་འཕེལ་ཕྱོགས་ལ་བལྟས་ན། གོང་གི་ཆ་རྐྱེན་དོན་ཚན་དེ་གསུམ་པོ་ནི་མཱ་ཕྱོགས་ཀྱིས་དང་ལེན་བྱེད་མི་སྲིད་པ་ཞིག་ཡིན་མོད། སྐབས་དེར་བླ་བྲང་ནི་མཱ་ཕྱོགས་ལ་བློ་ཉེ་བ་རྣམས་ཀྱིས་ཁ་ལོ་བསྒྱུར་ཡོད་པ་དང་ལྔ་པ་ཚང་ཁྲི་ལ་དགོད་རྒྱུ་བྱུང་ན་དེའི་ཤུགས་རྐྱེན་ལ་བརྟེན་ནས་བླ་བྲང་ཕྱོགས་ལ་ལུགས་མཐུན་གྱི་སྒོ་ནས་ཡུན་རིང་གཏན་འཇགས་ཀྱིས་དབང་བསྒྱུར་ཆོག་པ་དང་། ད་དུང་བོད་ཁུལ་གཞན་ལ་སྟོབས་ཤུགས་རྒྱ་བསྐྱེད་རྒྱུར་དམིགས་གསལ་གྱི་ནུས་པ་ཡང་ལྡན་པས། ཐབས་བརྒྱ་ཇུས་སྟོང་གིས་དེ་ཉིད་འགུག་ཐབས་བྱས་པ་རེད།

    1920ལོར་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པ་དང་མཉམ་དུ་ཡབ་གཞིས་འཁོར་དང་བཅས་པ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས།སྐབས་དེར་ཡབ་གཞིས་དང་མཱ་ཆི་ཕྱོགས་གཉིས་བར་སྔར་སྲོལ་ལྟར་ཕྱི་ཚུལ་གྱི་འབྲེལ་ལམ་ཡག་པོ་བཙུགས། རྒྱལ་ཚབ་གུང་ཐང་གིས“ཆཱན་ཤིའི་ཐམ་ཀ་སོགས་ཀྱང་ཕྱག་ཏུ་ཕུལ”[22]བ་དང་། “ཁུ་བོ་དགེ་བཤེས་ངག་དབང་དོན་ལྡན་པ་བླ་བྲང་ཕྱག་མཛོད་ཆེན་མོར་བསྐོ་བཞག་མཛད”[23]པ་སོགས་བྱས་པས“དགོན་པའི་ནང་ཁུལ་གྱི་དབང་ཆ་རྣམས་རིམ་གྱིས་མགོན་པོ་དོན་གྲུབ་ཕ་བུ(ཨ་བློ)སོགས་ཀྱི་ལག་ཏུ་གཅིག་བསྡུས་བྱས”[24]། དུས་དེ་ནས་བཟུང་ཁོང་ཉིད་དེ་སྔོན་ལི་ཐང་དུ་པཱོ་ཀྲིན་ཞེས་པའི་ས་གནས་ཀྱི་དཔོན་ཕྲན་ཞིག་ནས་མདོ་སྨད་བསྟན་པའི་བདག་པོ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡབ་གཞིས་སུ་གྱུར་ཅིང་། མདོ་སྨད་ཕྱོགས་ཀྱི་དམངས་ཁྲོད་དུ“བླ་བྲང་ཡབ་རྒྱལ་པོ”ཞེས་རིམ་གྱིས་གྲགས་པ་འབར། སྐབས་དེའི་དམངས་ཁྲོད་ཀྱི་ངག་རྩོམ་ཞིག་ཏུ“ཡབ་རྒྱལ་པོའི་དུང་ཟླ་ཤར་པས།། དགྲ་ནག་པོའི་མུན་པ་སེལ་ཐ།། མི་གཞན་པའི་བུ་དང་མི་འདྲ།། དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་བ།། ས་ཁམས་གསུམ་དབང་དུ་བསྡུས་ཀྱང་།། མི་འདི་ལ་འགྲན་ཡ་མི་ཚུགས།།”[25]ཞེས་བསྟོད་པ་བྱས་པ་ལས་ཀྱང་སྐབས་དེའི་བླ་བྲང་ཕྱོགས་ཀྱི་སེར་སྐྱ་མང་ཚོགས་ཀྱི་ཁོང་ལ་རེ་བཞག་དང་དགའ་མོས་ཇི་འདྲ་བྱས་ཡོད་པ་ཟུར་ཙམ་རྟོགས་ཐུབ། ཡིན་ཡང་། སྐབས་དེར་བླ་བྲང་མཐའ་བ་ན་ཐོང་ཤི་དམར་ལྡིང[26]བྱ་བས་སྣེ་ཁྲིད་པའི་མཱ་ཆི་ཚང་གི་དམག་སྔར་བཞིན་བསྡད་ཡོད་ལ། རྒྱལ་ཚབ་གུང་ཐང་ཚང་ཡང་ལས་གནས་ལས་དངོས་སུ་གཟུར་མེད་པས། གསར་དུ་བསླེབས་མ་ཐག་པའི་ཡབ་གཞིས་ཚང་གིས་བླ་བྲང་དགོན་པའི་དབང་ཆ་ཡོངས་རྫོགས་བདག་གིར་འཛིན་པ་ལ་དངོས་བརྒྱུད་གང་རུང་ནས་བཀག་རྒྱ་ཐེབས།

    ལྔ་པ་ཚང་གསེར་ཁྲིར་མངའ་གསོལ་ནས་ཡུན་རིང་མ་འགོར་བར“མཱ་ཆི་ཡིས་ལྔ་པ་ཚང[27]དང་ཡབ་གཞིས་སྐུ་འཁོར་ཟི་ལིང་དུ་གསོལ་སྟོན་ལ་གདན་འདྲེན་ཞུས”[28]། ཡབ་སོགས་ཟི་ལིང་དུ་འབྱོར་རྗེས་མཱ་ཆི་ཡིས་ཕྱོགས་གཅིག་ནས་སྣེ་ལེན་གཟབ་རྒྱས་བྱས་ཏེ་ཤིན་ཏུ་མཛའ་བའི་རྣམ་འགྱུར་བསྟན་ཞིང་ཕྱོགས་གཅིག་ནས་གུང་ཐང་ཚང་རྒྱལ་ཚབ་ནས་ཕྱིར་འཐེན་རྒྱུ་ལ་མི་འཐད་པའི་བརྡ་བསྟན་པ་དང་།མཱ་དམག་བླ་བྲང་ནས་ཕྱིར་འཐེན་རྒྱུའི་སྐོར་ཀྱང་ཟུར་ཙམ་མ་གླེང་བས། ཡབ་ཚང་གིས་གསོལ་སྟོན་ཐོག་ནས་ཐད་ཀར་མི་འཐད་པའི་རྣམ་འགྱུར་བསྟན་པས་ཕྱོགས་གཉིས་ཀྱི་འབྲེལ་བ་ལ་གས་ཆག་ཐེངས་དང་པོ་ཤོར།དེ་བས་ཡབ་ཚང་གིས་རང་གི་བུ་ཨ་བློ་ལ“མཱ་ཆི་ཡིས་ཐེངས་འདིར་དམག་ཕྱིར་འཐེན་རྒྱུའི་སྐོར་ཚིག་གཅིག་ཀྱང་མི་བཤད་པ་མ་ཟད། ད་དུང་ངེད་ཅག་ལ་འཇིགས་སྐུལ་བའི་རྣམ་པ་ཡང་ཡོད་པས། ཁོ་དང་ལིས་བརྩོན་འགྲུས་དང་གུང་ཐང་ཚང་སོགས་ངན་འབྲེལ་བྱས་ཏེ་བླ་བྲང་དགོན་པ་དབང་འོག་ཏུ་བསྡུ་བསམ་པ་རེད།”[29]ཅེས་བཤད། ཟི་ལིང་ནས་ཕྱིར་ལོག་རྗེས་ཡབ་ཚང་གིས་མཱ་ཆི་ཕྱོགས་སུ་གནས་ཚུལ་ཡག་པོ་མེད་པ་ལ་དམིགས་ཏེ། ཕྱོགས་གཅིག་ནས་མཱ་ཆི་དང་འབྲེལ་བ་ཡག་པོ་མེད་པའི་ཀ་ཅུ་སོགས་ཀྱི་དམག་བདག་གཞན་རྣམས་ལ་འབྲེལ་བ་བཙུགས་ནས་ས་ཁུལ་རང་བཞིན་གྱི་ཕྱི་འབྲེལ་གྱི་སྟེང་ནས་ཐར་ལམ་བཙལ། ཕྱོགས་གཅིག་ནས་དགོན་མ་ལག་དང་ལྷ་སྡེ་ཤོག་ཀའི་རྩ་འཛུགས་ལ་ཤུགས་བརྒྱབ། ཡབ་ཚང་གི་བྱེད་ཕྱོགས་དེ་དག་ནི་མཱ་ཆི་ཡི་འཐབ་ཇུས་དང་ཐད་ཀར་རྒྱབ་འགལ་དུ་སོང་པས་མཱ་ཆི་ཡིས་བླ་བྲང་དགོན་པར་ཐེ་གཏོགས་བྱེད་པར་ལྡོག་ཕྱོགས་ནས་སྐུལ་འདེད་ཀྱི་ནུས་པ་ཐོན། དེ་ནས་ཡུན་རིང་མ་འགོར་བར་མཱ་ཆི་ཡིས་ཐོག་མར་དགོན་པའི་གཞུང་ཁྲལ་བཀག་ཅིང་མཱ་གཞུང་རང་ནས་ཁྲལ་བསྡུའི་ལས་ཁུངས་བཙུགས་ཏེ་ཁྲལ་ལོག་སྣ་ཚོགས་བསྡུ་བའི་འགོ་བརྩམས།དགོན་པའི་མཇལ་བ་མང་ཚོགས་གྱི་རྒྱུ་རྫས་རྣམས་བླངས་ཤིང་མཚམས་རེར་སྦྱིན་བདག་རྣམས་ཀྱང་བཀག་སྐྱིལ་བྱས།[30]ད་དུང་དགོན་པའི་ལས་སྣེ་བ་རྣམས་གང་འདོད་ཀྱིས་བརྗེ་འཐེན་བྱས་པས་དགོན་པའི་གྲྭ་མང་དང་ཉེ་འཁོར་གྱི་མི་སེར་རྣམས་ཉིན་རེ་ལས་ཉིན་རེར་མཱ་དམག་ལ་སྡང་བར་གྱུར།

    སྤྱི་ལོ1924ལོའི་ཟླ2པར་མཱ་ཆི་བླ་བྲང་དུ་ཡོང་སྟེ་ཡབ་གཞིས་ལ“སྒེར་གྱིས་མེ་མདའ་དང་དམག་རྟ་གྲ་སྒྲིག་བྱས་ཏེ་ངོ་ལོག་བྱ་རྒྱུར་ལྐོག་ཇུས་འཐེན་སོང”[31]ཞེས་ཉེས་འཛུགས་བྱས་ཏེ། དགོན་པ་ལ་བསམ་ཡུལ་ལས་འདས་པའི་ཆ་རྐྱེན་དོན་ཚན་ལྔ་བཏོན་པ་འདི་ལྟ་སྟེ།

     གཅིག ལྔ་པ་ཚང་གི་ཡབ་གཞིས་ནས་ཡུལ་སྡེ་ཤོག་ཀའི་མང་ཚོགས་ལ་སྐུལ་སློང་བྱས་ཏེ། ངོ་ལོག་བྱ་རྒྱུར་ལྐོག་ཇུས་འཐེན་བཞིན་འདུག་པས།ད་ནས་བཟུང་དགོན་པའི་ལས་དོན་ལ་ཞུགས་མི་ཆོག་པ་དང་།གཉིས། ངོ་ལོག་དོན་རྐྱེན་མི་འབྱུང་ཕྱིར་དགོན་པའི་ལྷ་སྡེ་ཁག་གི་མེ་མདའ་ཚང་མ་ཡར་སྤྲད་དགོས་པ་དང་། དམག་རྟ་སྟོང་གཅིག་ཡར་སྤྲད་དགོས། གསུམ། འཇམ་དབྱངས་བཞད་པའི་ཞབས་ཕྱི་བརྒྱད་ཅུས་མེ་མདའ་རིང་པོ་རེ་ཡར་སྤྲད་དགོས། བཞི། དགོན་པས་རྗེས་ཕྱོགས་ཆོས་འདོན་རྒྱུ་ལས་སྲིད་དོན་ལ་ཁ་ཡ་བྱེད་མི་ཆོག ལྔ། དགོན་པ་ལྟེ་བ་བྱས་ཏེ་ངོ་ལོག་པ་ཡིན་པས། བླ་བྲང་དགོན་པར་དངུལ་སྲང་ཁྲི་བཞི་ཡི་ཆད་པ་གཅད་རྒྱུ་ཡིན། ད་དུང་དགོན་པའི་གྲྭ་པ་རྒན་གཞོན་ཚང་མ་མི་རེས་དངུལ་སྲང་ལྔ་བཅུ་རེ་སྤྲད་དགོས།[32]ཞེས་པའོ།།

    དེ་ནས་ཡབ་གཞིས་དང་ལྷ་སྡེ་གོང་འོག ཞབས་ཕྱི་བརྒྱད་ཅུ་སོགས་ཀྱི་མེ་མདའ་ཚང་མ་བཙན་གྱིས་བསྡུས། ལྷ་སྡེ་ཁག་གི་འགོ་བ་ཉི་ཤུ་ལྷག་འཛིན་བཟུང་བྱས། ཁུ་བོ་ངག་དབང་དོན་ལྡན་ཕྱག་མཛོད་ནས་ཕྱུང་ཞིང་། ཡབ་ཚང་དང་གཅེན་ཨ་བློ་གཉིས་ལ་ལྟ་རྟོག་ནན་མོ་བྱས་ཏེ་འགྲོ་འདུག་ལ་ཕལ་ཆེར་རང་དབང་མེད་པར་བཟོས། ཐེངས་འདིའི་ཆ་རྐྱེན་དོན་ཚན་ལྔ་བོ་ནི་བླ་བྲང་དགོན་པ་མཱ་དམག་གིས་སྟངས་འཛིན་བྱས་པའི་གནས་ཚུལ་འོག་ཏུ་མཱ་ཕྱོགས་ཀྱིས་བཏོན་པ་ཡིན་ལ། འདི་ནི་ཕྱོགས་གཉིས་བར་དགོན་པའི་བདག་དབང་དང་འབྲེལ་བའི་ཆ་རྐྱེན་བཏོན་པ་ཐེངས་གཉིས་པ་རེད། འདིའི་སྔོན་དུ་མཱ་ཆི་ཚང་དང་ཡབ་ཚང་གཉིས་ཀྱིས་ཁོག་ཏུ་ཕན་ཚུན་ལ་ཅི་ཙམ་སྡང་ན་ཡང་། ཕྱི་ཚུལ་ནས་སྔར་སྲོལ་ལྟར་ཕན་ཚུན་ལ་གུས་བརྩི་བྱས་པ་ཡིན་མོད། ཐེངས་འདིར་མཱ་ཆི་ཡིས་བདག་དབང་འཕྲོག་རྩོད་ཀྱི་འགལ་བ་གང་ཡོད་འཛེམ་བག་མེད་པར་ཕྱི་རུ་བཏོན། དེ་ནི་དེ་སྔོན་ཡབ་གཞིས་འཇམ་པོས་འགུག་ཐབས་བྱས་པ་ལ་དོན་འབྲས་མ་བྱུང་པར་ཐད་ཀར་དྲག་ཤུགས་ལ་བརྟེན་ནས་བཙིར་གནོན་བྱེད་པའི་ལམ་ཕྱོགས་སུ་སྤོས་པ་ཡིན་ལ། དེ་ཡང་བླ་བྲང་དོན་རྐྱེན་གྱི་ཐད་ཀའི་འབྱུང་རྐྱེན་ཡང་རེད། དེ་ལྟར་ཡབ་གཞིས་སྐུ་འཁོར་ནང་མ་སོགས་ལ་མཱ་ཕྱོགས་ཀྱིས་སྟངས་འཛིན་ནན་མོ་བྱས་པས་ཐབས་ཟད་ཏེ་ལྐོག་ཏུ་ཀན་སུའུ་ཡི་དམག་སྤྱི་དང་ཞིང་ཆེན་གཙོ་འཛིན་ལུའུ་ཧོང་ཐོ(甘肃督军兼省长陆洪涛)[33]བྱ་བ་ལ་གཏུག་བཤེར་བྱས། ལུའུ་ཡིས་དོན་རྐྱེན་རྩད་ཞིབ་མཁན་བཏང་སྟེ་གནས་སྐབས་སུ་འགལ་བ་ཞི་འཇགས་སུ་བཏང་ཡང་མཱ་ཆི་ཡིས་དམག་གཅིག་ཀྱང་ཕྱིར་མ་འཐེན་ལ། ཡབ་གཞིས་དང་ཕྱག་མཛོད་སོགས་ཀྱི་དབང་ཆ་ཡང་སླར་གསོ་མ་བྱས། ཨ་བློའི་རང་རྣམ་ལྟར་ན་དུས་དེ་ཙམ་ནས་བཟུང་ཡབ་ཚང་གིས་དོན་དག་འདྲ་མིན་ཅི་ཞིག་བྱུང་ནའང་མཐའ་གཅིག་ཏུ“དྲག་ཤུགས་ལ་བརྟེན་ནས་མཱ་ཆི་ཚང་ལ་ངོ་རྒོལ་བྱ་རྒྱུ་སེམས་ཐག་བཅད”[34]ཅེས་བཀོད་ཡོད་པ་ལྟར་དེའི་ཕྱོགས་ལ་གྲ་སྒྲིག་བྱས།

    ཐེངས་འདིར་གཞུང་ལ་གཏུག་བཤེར་བྱས་པར་ནུས་པ་གང་འཚམ་ཐོན་པས། རྗེས་ཕྱོགས་མཱ་ཆི་དང་འཐབ་རྩོད་བྱེད་སྐབས་གཞུང་ལ་གཏུག་བཤེར་བྱ་རྒྱུ་ནི་དོན་འབྲས་ཡོད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་ངོས་འཛིན་བྱས། སྐབས་དེར་དམངས་ཁྲོད་དུ“ཡབ་རྒྱལ་པོ་བྱང་སེམས་ཅན་པོ།། མ་སེམས་ཅན་འགྲོ་དོན་བསམ་ནས།། རྒྱུ་ནོམ་པའི་འགྲོ་སྒོ་བཏང་སྟེ།། རྒྱ་གོང་མའི་སྙན་ལ་བཞག་ཐལ།། ཡབ་རྒྱལ་པོའི་ཁ་ལས་རླུང་རྟ།། ལྷོ་གཡུ་འབྲུག་དགུང་ནས་གྲགས་ཐལ།།”[35]ཅེས་བསྟོད་བསྔགས་བྱས་ཡོད་པར་བལྟས་ན། ཡབ་ཚང་གིས་གཞུང་ལ་གཏུག་བཤེར་བྱས་པ་དེས་ནུས་པ་གང་འཚམ་ཐོན་ཞིང་དམངས་ཁྲོད་དུ་ཚང་མས་གདེང་འཇོག་མཐོན་པོ་བྱས་ཡོད་པའང་རྟོགས་ཐུབ།

    ལོ་དེའི་ཟླ5པར་ཀུན་མཁྱེན་ལྔ་པ་ཚང་དང་ཡབ་གཞིས་སྐུ་འཁོར་རྣམས་ལན་ཇུ་རུ་པཎ་ཆེན་སྐུ་ཕྲེང་དགུ་པ་ལ་མཇལ་དུ་ཕེབས། སྐབས་དེར་ཕྱོགས་གཅིག་ནས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་དགུ་བར་མཇལ་ཞིང་རྒྱུ་མཚན་རྣམས་ཞུས། ཕྱོགས་གཅིག་ནས་ལན་ཇུ་རུ་དམག་སྲིད་ཀྱི་བདག་པོ་རྣམས་ལ་ངོ་དང་ངོ་འཕྲད་དེ་གཏུག་བཤེར་བྱས། ལྔ་པ་ཚང་དང་ཡབ་གཞིས་ལན་ཇུ་རུ་པཎ་ཆེན་རིན་པོ་ཆེ་ལ་མཇལ་དུ་ཕེབས་པ་ནི། མཱ་ཆི་ལ་མཚོན་ན་ཆེས་མི་འདོད་པའི་གནས་ཚུལ་ཞིག་ཡིན་ཏེ། ལན་ཇུ་རུ་ཞིང་ཆེན་རིམ་པའི་དཔོན་པོ་རྣམས་ལ་ཐད་ཀར་གནས་ཚུལ་ཞུ་གཏུག་བྱེད་ཆོག་པར་མ་ཟད། པཎ་ཆེན་རིན་པོ་ཆེའི་ཤུགས་རྐྱེན་ལ་བརྟེན་ནས་ཞིང་ཆེན་དང་རྒྱལ་ཁབ་རིམ་པ་བཅས་ལ་བླ་བྲང་གི་གནས་ཚུལ་ཤེས་སུ་འཇུག་ཐུབ་པ་དང་། གཞན་ཀུན་མཁྱེན་ཚང་ཕེབས་རྗེས་བླ་བྲང་དུ་མཇལ་བ་དང་མཆོད་འབུལ་བྱེད་མཁན་མེད་པར་གྱུར་ཏེ“དེ་སྔོན་གྱི་ཚོང་ཁྲོམ་འཁྲུག་ཆ་ཆེ་བ་དེ་སྟོང་ལྷང་ངེར་གྱུར་ཅིང་། དེ་གའི་ཧེ་རིགས་ཚོང་པ་དང་ཟི་ལིང་མཱ་ཆི་སོགས་ཀྱིས་བལྟས་བལྟས་རིག་རིག་ངང་རང་གིས་བདག་འཛིན་བྱེད་ཆོག་པའི་རྒྱུ་ནོར་འབོར་ཆེ་བ་རྣམས་མེད་པར་གྱུར”[36]ཞེས་པ་ལྟར་མཱ་ཕྱོགས་ལ་དཔལ་འབྱོར་གྱི་སྟེང་ནས་ཀྱང་གྱོང་གུན་ཐེབས། ཆེས་ཚབས་ཆེ་བ་ནི“ལྔ་པ་ཚང་ལན་ཇུ་རུ་ཕེབས་པའི་ཉིན་ནས་བཟུང་། བླ་བྲང་ཕྱོགས་ཀྱི་སེར་སྐྱ་མང་ཚོགས་ཀུན་སེམས་སྡུག་གིས་རབ་ཏུ་མནར་ཞིང་མཱ་ཆི་ལ་སྡང་སེམས་རུས་པའི་གཏིང་ནས་སྐྱེས”[37]ཞེས་པ་ལྟར་སྤྱི་ཚོགས་ཁྲོད་དུ་མཱ་ཆིའི་དབང་བསྒྱུར་ལ་ངོ་རྒོལ་བྱེད་པའི་བསམ་བློ་ཤུགས་ཇེ་ཆེ་ནས་ཇེ་ཆེར་འཕེལ་བཞིན་ཡོད་པ་བཅས་སོ།།

    2.    བླ་བྲང་དོན་རྐྱེན་གྱི་བྱུང་རིམ།

    ལན་ཇུ་ནས་ཕྱིར་ཕེབས་སྐབས་ཡབ་སོགས་ཉེན་ཁ་ལ་འཕྲད་པར་དོགས་ནས་ཀུན་མཁྱེན་རིན་པོ་ཆེ་བླ་བྲང་དུ་གདན་མ་དྲངས་པར་མཛོད་དགེའི་ཕྱོགས་སུ་ཕེབས། དེ་ལ“མཱ་ཆི་དྲག་ཏུ་ཁྲོས་ཤིང་འཇིགས་སྐུལ་ཏེ་དྲག་ཤུགས་ལ་བརྟེན་ནས་ཀུན་མཁྱེན་རིན་པོ་ཆེ་བླ་བྲང་ལ་ཕྱིར་འཁྲིད་རྒྱུ་ཡིན་ཚུལ་བཤད་པར། ཡབ་ཚང་གིས་བླ་བྲང་དུ་ཁྲལ་ལོག་བསྡུ་བ་མཚམས་འཇོག་པ་དང་བླ་བྲང་གི་མཱ་དམག་ཕྱིར་འཐེན་མ་བྱས་ན་དགོན་པར་ཕྱིར་ཕེབས་རྒྱུ་མིན་ཞེས་བཤད།”[38]1925ལོའི་ཟླ་གཉིས་པའི་མཇུག་ཙམ་ལ་ཡབ་སོགས་མཛོད་དགེ་དམེ་བོ་སྒར་གསར་དུ་ཕེབས་ཤིང་དེ་རུ་ཚོགས་འདུ་ཞིག་བསྡུས་ཏེ་ད་སྔའི་གནས་སྟངས་དང་མ་འོངས་པའི་འཕེལ་ཕྱོགས་ལ་གྲོས་ཞིབ་བྱས། དཔྱད་ཡིག་ལྟར་ན་ཐེངས་དེའི་ཚོགས་འདུ་ནི་མཱ་འགོག་སྐོར་ལ་དམིགས་ནས་ཆེད་དུ་བསྡུས་པའི་ཚོགས་འདུ་ཐེངས་དང་པོ་ཡིན་འདུག་ལ། ཚོགས་ཐོག་ཏུ་ཚང་མས་གཅིག་མཐུན་གྱིས་ཀན་སུའུ་གཞུང་གི་རྒྱབ་རོགས་ལ་རེ་བ་མེད་པས་ད་ནས་བཟུང་རང་ཉིད་རང་གི་ནུས་པར་བརྟེན་པ་ལས་འོས་མེད་ཅེས་བརྗོད། གཞན་དེའི་ཕྱིས་ཀྱི་བྱ་བའི་བྱུང་རིམ་དག་ལ་བལྟས་ཚེ་ཐེངས་དེའི་ཚོགས་ཐོག་ཏུ་ཡབ་ཚང་གིས་བླ་བྲང་ཕྱོགས་ཀྱི་ཡུལ་སྡེ་ཤོག་ཀའི་ཡུལ་དམག་ལ་འབོད་སྐུལ་དང་རྩ་འཛུགས་བྱས་ནས་མཱ་དམག་ལ་འགོག་རྒོལ་བྱ་རྒྱུ་དང་། གཅེན་ཨ་བློས་ཀུན་མཁྱེན་རིན་པོ་ཆེ་སྲུང་སྐྱེལ་བྱས་ཏེ་ཅོ་ནེའི་བྱང་རྒྱུད་ཀྱི་དགོན་སྡེ་ཁག་ལ་གསང་སྟབས་ཀྱིས་ཉེན་ཡོལ་བྱ་རྒྱུ[39]སོགས་གཏན་ཁེལ་བྱས་པར་མངོན།

    སྒར་གསར་དུ་ཚོགས་འདུ་བསྐངས་རྗེས། ཡབ་སོགས་ཀྱིས་མཱ་འགོག་ཟི་ལེན་པུའུ་ཞེས་པ་བཙུགས་ཤིང་ཡབ་ཚང་གིས་སྐུ་དངོས་སུ་སྤྱི་དཔོན་གྱི་འགའ་བཞེས་ནས་བླ་བྲང་དགོན་པའི་ཁོངས་གཏོགས་ཡུལ་སྡེ་སོ་སོའི་ཡུལ་དམག་བསྡུས། མཚོ་སྔོན་དང་ཟི་ཁྲོན་སོགས་སུ་ཡོད་པའི་ལྷ་སྡེ་མི་སྡེའི་ཡུལ་དམག་བཅས་ཁྱོན་མི་ཆིག་ཁྲི་ལྷག་འདུས། འདི་ནི་བླ་བྲང་དོན་རྐྱེན་མ་བྱུང་གོང་གཞི་རྒྱ་ཆེས་ཆེ་བའི་ཡུལ་དམག་གི་འདུན་མ་ཞིག་ཡིན་ལ། མཱ་འགོག་སྐོར་ལ་ཆེད་དུ་བསྐངས་པའི་འདུན་མ་ཐེངས་གཉིས་པའང་རེད། ཐེངས་དེའི་འདུན་མ་བསྡུ་ཡུལ་གང་ཡིན་གསལ་ཁ་མ་བྱུང་མོད་ཨ་རིའི་མྱུར་ཞིབ་པ་རོ་ཁི(Joseph.F.Rock)ཡི་རྟོགས་བརྗོད་དུ་འདུན་མ་བསྡུ་དུས་ནི་ལུགས་རྙིང་གི་ཟླ4པའི་ཚེས15ཉིན[40]ཡིན་ཚུལ་བཤད་འདུག ཕལ་ཆེར་འདུན་མ་བསྡུས་པའི་ཤུགས་རྐྱེན་ཐེབས་པའམ་ཡང་ན་འབྲེལ་ཡོད་ཀྱི་བཀོད་སྒྲིག་ཅིག་ཡིན་སྲིད་དེ། གང་ལྟར་ཟླ4པའི21ཉིན་བླ་བྲང་དུ་སེར་སྐྱ་མང་ཚོགས་མང་པོ་མཉམ་འདུས་ཀྱིས་མཱ་དམག་ཕྱིར་འཐེན་དགོས་ཚུལ་རེ་འབོད་བྱས་པས་མཱ་དམག་གིས་སྐབས་ཐོག་དེར་མི50ལྷག་ལྔ་ལམ་དུ་བརྫངས།[41]མཱ་ཆི་ཚང་གིས་བླ་བྲང་ཕྱོགས་ཀྱིས་ཡུལ་དམག་བསྡུས་པའི་གནས་ཚུལ་ཐོས་འཕྲལ་མཱ་དམག་བླ་བྲང་ཕྱོགས་སུ་དཔུང་བཏེགས། བླ་བྲང་ཕྱོགས་ནས་ཀྱང་དཔུང་ཁག་གཉིས་སུ་བགོས་ནས་གཅིག་གིས་རྒན་གྱ་རུ་མཱ་དམག་གི་གདོང་བླངས། གཅིག་གིས་བླ་བྲང་དགོན་པར་ཡོད་པའི་མཱ་དམག་ལ་སྐོར་རྒོལ་བྱས།1925ལོའི་ཟླ་4་པའི་ཚེས25ནས27བར་བསྟུད་མར་ཉིན་གསུམ་ལ་དྲག་ཏུ་འཐབ་ཅིང་མཐར་བླ་བྲང་ཕྱོགས་ཀྱི་ཡུལ་དམག་རྣམས་ཕམ་ཏེ་བསང་ཁོག་ཏུ་ཕྱིར་འཐེན། དེ་ནས་མཱ་དམག་གིས་བསང་ཁོག་ལ་དྲག་རྒོལ་བྱས་ཤིང་ཡུལ་དེ་གའི་མང་ཚོགས་དཀྱུས་མ་ལ་ཤི་རྨས་ཚབས་ཆེན་བཏང་། བླ་བྲང་ཕྱོགས་ནས་ཀྱང་ཨ་བློ་སོགས་ཀྱིས་ངེས་མེད་རྒོལ་རྡུང་རུ་ཁག་རྩ་འཛུགས་བྱས་ཏེ་མཱ་དམག་ལ་འཇབ་རྒོལ་བྱས་ཤིང་མཱ་ཕྱོགས་ཀྱི་གཞི་རྒྱ་ཆེ་བའི་ཚུར་རྒོལ་གྱི་ནུས་པ་འཇོམས་ཐབས་བྱས། ལོ་དེའི་ཟླ7པའི་ནང་དུ་མཱ་དམག་གིས་གཙོས་ཕྱོགས་ཀྱི་དགོན་གྲོང་མང་པོ་བཅོམ།

    དེ་ནས་ཡང་ཡབ་སོགས་ཀྱིས1925ལོར་ཅོ་ནེའི་ས་དམར་བཞུགས་ཁྲི་ཐང་ནས་མཱ་འགོག་སྐོར་གྱི་འདུན་མ་ཐེངས་གསུམ་པ་བསྡུས[42]། ཚོགས་ཐོག་ཏུ་ཇི་ལྟར་དམག་ཤུགས་རྒྱ་བསྐྱེད་དེ་མུ་མཐུད་དུ་མཱ་དམག་ལ་ཕར་རྒོལ་བྱ་རྒྱུའི་སྐོར་ལ་གྲོས་བྱས།ཐེངས་དེར་སི་ཁྲོན་སོགས་ནས་སྡེ་ཤོག་མང་པོ་སླེབས་ཤིང་ཁྱོན་མི་གྲངས་ཉིས་ཁྲི་ལ་ལོངས་པ་བྱུང་། གཞི་རྒྱ་ཆེ་བའི་ཡུལ་དམག་སྐོང་ཚོགས་བྱས་པ་དེས་སྐབས་དེའི་ཀན་སུའུ་དང་སི་ཁྲོན་ཞིང་ཆེན། པེ་དབྱང་(北洋)སྲིད་གཞུང་བཅས་ཀྱིས་དོ་སྣང་མི་བྱེད་ཐབས་མེད་དུ་གྱུར་ཅིང་། ཀན་སུའུ་ཞིང་ཆེན་ནས་བཀའ་ཕབ་ཏེ་གནས་ཚུལ་རྩད་གཅོད་བྱ་རྒྱུ་ཡིན་པའི་བརྡ་བཏང་བས། བླ་བྲང་ཕྱོགས་ཀྱི་ཡུལ་དམག་གིས་ཀན་སུའུ་གཞུང་ནས་ཐག་གཅོད་བྱེད་པར་ཡིད་ཆེས་ཏེ་བག་ཡངས་ངང་བསང་ཁོག་ཏུ་བསྡད། ཡིན་ཡང“ལན་ཇུ་ཡི་ཕྱི་རོལ་ལ་ནུས་པ་ཐོན་མི་ཐུབ་མཁན་ལུའུ་ཧོང་ཐོ་ནི་མཱ་ཆི་ཡིས་མིག་ནང་དུ་མ་བཞག་པར”[43]། ཟླ8པའི་ཚེས26ཉིན་གྱི་དགུང་མོ་ནམ་སྨད་ཙམ་ལ་མཱ་དམག་བསང་ཁོག་ཏུ་བསྡད་ཡོད་པའི་བླ་བྲང་གི་དམག་སྒར་ཐོག་ལ་རྒྱུག་ནས་ཕན་ཚུན་ལ་དམར་འཛིང་དྲག་པོ་བྱས། བླ་བྲང་ཕྱོགས་ལ་གྲ་སྒྲིག་མེད་ཅིང་། མཚོན་ཆ་རྗེས་ལུས་ཡིན་པ་དང་རྩ་འཛུགས་ཚགས་དམ་པོ་མེད་པ་བཅས་ཀྱིས་ཡང་བསྐྱར་ཤི་རྨས་ཚབས་ཆེན་བཏང་།[44]“དེ་འཕྲོས་ཀྱི་བོད་མི་རྣམས་ཀྱིས་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པ་ཚང་སྲུང་སྐྱོབ་བྱས་ཏེ་སི་ཁྲོན་གྱི་མཐའ་མཚམས་སུ་འབྲོ་དགོས་བྱུང་སོང་།”[45]སྐབས་དེར་ཞིང་ཆེན་གཞུང་ནས་དོན་རྐྱེན་རྩད་ཞིབ་པར་ཞོན་ཞཱ་ཧྥི(宣侠父)[46]བྱ་བ་ཞིག་མངགས་ཏེ་དངུལ་རྭ་རུ་འབྱོར། ཁོང་གིས་ཡབ་སོགས་ལ་བོད་མི་ཚོས་ཕྱོགས་གཅིག་ནས་རིག་གནས་སྦྱང་སྟེ་གསར་བཅོས་བྱེད་དགོས་པ་དང་། ཕྱོགས་གཅིག་ནས་མཐུན་སྒྲིལ་བྱེད་དགོས་ཚུལ་སོགས་བཤད་ཅིང་། ཁོང་གི་རེ་བ་ལྟར་ལེ་བར་བཞི་བརྒྱའི་ནང་ཁུལ་གྱི་ཤོག་ཀ་སོ་སོའི་འགོ་དཔོན་ཐམས་ཅད་གཅིག་ཏུ་བསྡུས་ནས་ཀན་སུའུ་དང་མཚོ་སྔོན་གྱི་བོད་རིགས་མནའ་མཐུན་ཚོགས་པ(甘青藏民同盟)ཞེས་པ་ཞིག་གཟུག་རྒྱུའི་སྐོར་གྱི་ཚོགས་འདུ་ཞིག་བསྡུས། ཚོགས་འདུ་རུ་ཞོན་ཞཱ་ཧྥུ་ཡིས་སྐད་ཆ་མང་པོ་བཤད། “མཐར་མནའ་མཐུན་གྱི་གཙོ་བོ་ཧྭང་ཝེ་ཀྲུང་(ཡབ་ཚང)ལགས་ཀྱིས་མནའ་ཚིག་སྒྲོག་སྦྱང་བྱས”[47]འདི་ནི་མཱ་འགོག་སྐོར་གྱི་ཚོགས་འདུ་ཐེངས་བཞི་པ་ཡིན་ལ། ལོ་དེའི་ཟླ10བར་ཤིས་ཚང་ནས་དངོས་སུ་མནའ་མཐུན་ཚོགས་པ་གཟུག་རྒྱུ་གཏན་ཁེལ་བྱས། ཞོན་ཞཱ་ཧྥུས་དངུལ་རྭ་ནས་མནའ་མཐུན་ཚོགས་པ་གཟུག་རྒྱུར་གྲོས་འགོ་བཏོན་ཞིང་སྐུལ་སློང་བྱས་པ་དེས་ཁོང་ལ་བླ་བྲང་ཕྱོགས་ཀྱི་སྟོབས་ཤུགས་གསོ་སྐྱོང་བྱས་ཏེ་མཱ་ཆི་ཡི་འགྲན་ཟླར་བསླང་པའི་དམིགས་ཡུལ་ཡོད་པ་ཤིན་ཏུ་གསལ་བས། དེ་ནི་སྐབས་དེའི་ཞིང་ཆེན་དང་རྒྱལ་ཁབ་གཞུང་གི་མི་རིགས་ས་ཁུལ་དང་འབྲེལ་བའི་དམག་དོན་ཐབས་ཇུས་ཤིག་ཀྱང་ཡིན་སྲིད། སྐབས་དེར་ཞིང་ཆེན་གཞུང་གི་རྩད་ཞིབ་པ་ཚོས་ཡབ་ཚང་ལ་ཀ་ཅུ་རུ་གྱོད་བཤད་དུ་ཡོང་དགོས་ཚུལ་ཀྱི་བརྡ་བཏང་མོད། ཡབ་ཚང་གིས་བླ་བྲང་ནས་མཱ་དམག་ཕྱིར་མི་འཐེན་པ་དང་། འཕྲོག་ཟིན་པའི་རྒྱུ་ལ་སྐྱིན་ཚབ་མི་འཇལ་བ། བསད་པའི་མི་ལ་སྟོང་མི་འཇལ་ན་དོན་གཞན་བཤད་རྒྱུ་མེད་ཅེས་མ་སོང་། ཟླ4པའི་ཟླ་མཇུག་ཏུ་ཕྱོགས་ཡོངས་ནས་དམག་འཁྲུག་ལངས་པ་ནས་ཟླ་བརྒྱད་པའི་མཇུག་ཏུ་བསང་ཁོག་ནས་དམར་འཐབ་དྲག་པོ་བྱས་པའི་བར་གྱི་ཟླ་ངོ་བཞི་ཙམ་གྱི་རིང་ལ། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་གཡུལ་འཁྲུག་དངོས་མ་ཡིན་པར་ཡུལ་དུས་ལ་ངེས་པ་མེད་པར་འཇབ་རྒོལ་དང་གསོད་བཅོམ་ཐེངས་མང་བྱས།

    1925ལོའི་ཟླ9པར་རྒྱལ་དམངས་དམག(国民军)གིས་ཀན་སུའུ་ཡོངས་ལ་རིམ་གྱིས་ཁ་ལོ་བསྒྱུར། རྒྱལ་དམངས་དམག་གིས་ཀན་སུའུ་ཕྱོགས་ཀྱི་སྔར་ཡོད་ས་གནས་དམག་ཤེད་ཅན་དག་གི་མགོ་གནོན་ཐབས་བྱས་པས་མཱ་ཆི་ཚང་ཕྱོགས་གང་ཐད་ནས་གནས་བབ་ཇེ་སྡུག་ཏུ་གྱུར་། སྐབས་དེར་ཨ་བློ་སོགས་ཀྱིས་མུ་མཐུད་དུ་གཞུང་ཕྱོགས་ལ་ཞུ་གཏུག་བྱས་པས། མཐར1926ལོའི“ཟླ8པར་པེ་དབྱང་སྲིད་གཞུང་གིས་ཧྥིན་ཡུའུ་ཞང(冯玉祥)ལ་མཱ་ཆི་ཡིས་བླ་བྲང་དུ་གསོད་འཕྲོག་བྱས་པའི་དོན་རྐྱེན་ཐག་གཅོད་བྱེད་པར་བཀའ་ནན་བབས།”[48]ཞིང་ཆེན་ནས་ཨུ་ཚུགས་མཐར་སྐྱེལ་གྱིས་རྩད་གཅོད་བྱེད་དུ་བཅུག་པས་མཐར་ཕྱོགས་གཉིས་ཀྱིས་དངོས་སུ་གྱོད་བཤད་འགོ་བརྩམས། ཐེངས་དེར་བླ་བྲང་ཕྱོགས་ནས།

    གཅིག མཱ་ཆི་ཕྱིར་འཐེན་དང་འགོ་དཔོན་གཞན་པ་ཞིག་འཇོག་དགོས། གཉིས།བླ་བྲང་དུ་ཡོད་པའི་མཱ་དམག་ཕྱིར་འཐེན་དགོས། གསུམ།མི་བདུན་སྟོང་ལྷག་བསད་པའི་འདས་པོ་ལ་སྟོང་འཇལ་དགོས། བཞི།འཇམ་དབྱངས་བཞད་པའི་བླ་བྲང་གི་བདག་དབང་སྔར་ཡོད་སོར་ཆུད་དགོས། ལྔ།ས་གནས་མི་སེར་གྱི་ལག་ནས་འཕྲོག་ཟིན་པའི་རྒྱུ་དངོས་ཚང་མ་ཕྱིར་སྤྲད་དགོས། དྲུག བླ་བྲང་ལ་དམག་སྡེ་གཞན་པ་ཡོང་ནས་སྲུང་སྐྱོབ་བྱེད་དགོས། བདུན།དགོན་པ་སོ་སོ་ནས་འཕྲོག་སོང་པའི་ལྷ་སྐུ་རྙིང་པ་དང་གསེར་དངུལ་གྱི་རྒྱུ་དངོས་རྩ་ཆེན་རྣམས་ཕྱིར་སྤྲད་དགོས། བརྒྱད།བོད་རིགས་རྣམས་ཀྱང་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་ཁོངས་གཏོགས་ཡིན་པས། རྒྱལ་ཁབ་ཀྱི་ཚད་ལྡན་ཁྲལ་འཇལ་བ་ལས་དེ་མིན་གནས་སྐབས་ཀྱི་ཁྲལ་རིགས་སྣ་ཚོགས་གཏན་ནས་མི་འཇལ། དགུ བསྲེགས་ཟིན་པའི་ལྷ་ཁང་དང་མི་སེར་གྱི་སྡོད་ཁང་ལ་འཇལ་སྐྱིན་སྤྲད་དགོས། བཅུ།ཐོང་ཤི་དམར་ལྡིང་ལ་ཁྲིམས་ཆད་ནན་མོ་གཅད་དགོས། བཅུ་གཅིག དེ་སྔོན་བསྡུས་པའི་ཆད་དངུལ་རྣམས་ཕྱིར་སྤྲད་དགོས། ད་དུང་བསྡུས་མེད་པའི་ཆད་དངུལ་རྣམས་མེད་པར་གཏང་དགོས།

    ཅེས་པའི་ཆ་རྐྱེན་དོན་ཚན་བཅུ་གཅིག་བཏོན། ཡིན་ཡང་མཱ་ཕྱོགས་ནས།གཅིག སྟོང་མི་འཇལ། གཉིས།དམག་ཕྱིར་མི་འཐེན། གསུམ།ཐོང་ཤི་ལ་ཉེས་ཆད་མི་གཅད།འདི་གསུམ་ཁས་མ་བླངས་ན་གྱོད་བཤད་ཐབས་མེད་ཅེས་བཤད་པས་རེ་ཞིག་ལུས་སོ།།

    ཡིན་ཡང་ཀན་སུའུ་གཞུང་ངོས་ནས་མཱ་ཆི་ལ་ཡང་དང་ཡང་དུ་གནོན་ཤུགས་སྤྲད་པས། མཱ་ཆི་ཡིས་རང་ཉིད་ཀྱི་གནས་བབ་ཡག་པོ་མེད་པ་ཚོར་ནས། སྔོན་ལ“སོག་པོ་རྒྱལ་པོ་ཝང་ཀུན་དགའ་དཔལ་འབྱོར་དང་། པཎ་ཆེན་སྐུ་ཕྲེང་དགུ་བའི་ཟི་ལིང་གི་སྐུ་ཚབ། ཟི་ལིང་ཤར་སྒོའི་ཁ་ཆེའི་ལྷ་ཁང་གི་ཆོས་དཔོན་ཆེན་མོ་སོགས་དངུལ་རྭར་བཏང་ཏེ། ཡབ་ཚང་ལ་མཐུན་སྦྱོར་བྱེད་དུ་བཅུག ད་དུང་བླ་བྲང་གི་ཡེ་ཤུའི་ཆོས་པ་བཅུ་ཕྲག་ཅིག་ཡོད་པ་དེ་དག་མངགས་ཏེ་ཡབ་ཚང་ལ་བཤད་དུ་བཅུག་མོད། ཡབ་ཚང་གིས་རེ་རེ་བཞིན་ཚིག་ནན་མོས་ཕྱིར་ལྡོག”[49]སྐབས་དེར་ཞིང་ཆེན་ནས་སྔར་བཞིན་མཱ་ཆི་ལ་ཡང་དང་ཡང་དུ་སྐུལ་བས་མཐར་ཐབས་མེད་པར་ཞིང་ཆེན་གཞུང་ནས་གཙོ་འཛིན་བྱས་པའི་གྱོད་ཐེངས་གཉིས་པ་བཤད་རྒྱུ་དང་ལེན་བྱས། འདི་ཡང་བླ་བྲང་དོན་རྐྱེན་བྱུང་རྗེས་བླ་བྲང་དང་མཱ་ཆིའི་བར་གྱི་གནས་བབ་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བཏང་བའི་ཆེས་མཐའ་འཇུག་གི་གྱོད་བཤད་པ་ཡང་རེད།

    3.    བླ་བྲང་དོན་རྐྱེན་གྱི་མཇུག་འབྲས།

    སྤྱི་ལོ་1927ལོའི་ཟླ2པར་། ཀན་སུའུ་ཞིང་ཆེན་གྱི་ཆེད་བསྐོས་ལས་འཛིན་པ་ཅཱ་ཙོན་ཀྲོའུ(贾宗周)ཞེས་་པ་མངགས་ཏེ་ཕྱོགས་གཉིས་ཀྱི་སྐུ་ཚབ་མཉམ་དུ་བསྡུས་ཤིང་གྱོད་བཤད། ཐེངས་དེར་མཱ་ཕྱོགས་ཀྱི་རྣམ་འགྱུར་སྔོན་དང་མི་འདྲ་བར་གནད་དོན་གང་ཡིན་ཡང་བཤད་སླ་བར་གྱུར། དེ་ཡང་མཱ་ཆི་བླ་བྲང་ཕྱོགས་ལ་སྐྲག་པའམ་ཡང་ན་བླ་བྲང་དབང་དུ་བསྡུ་རྒྱུ་ལ་སྤྲོ་བ་མེད་སོང་པས་མ་ཡིན་པར། གཙོ་བོ་སྐབས་དེར་ཀན་སུའུ་རྒྱལ་དམངས་དམག་ལ་མཐུན་ཐབས་མ་བྱས་ན་རང་ཉིད་ཀྱི་སྲིད་དབང་ལ་བར་ཆད་འབྱུང་པའི་ཉེན་ཁ་ཡོད་པས་ཡིན་ནོ།། དེ་ལྟར་ཕྱོགས་གཉིས་བར་འདུམ་གྲོས་མང་དུ་བྱས་མཐར་བླ་བྲང་གནད་དོན་ཐག་གཅོད་བྱེད་པའི་དོན་ཚན་བཞི་གཏན་འབེབས་བྱས་པ་འདི་ལྟ་སྟེ།

    གཅིག འཇམ་དབྱངས་བཞད་པའི་དབང་ཆ་དང་དགོན་པར་ཕྱིར་ཕེབས་པའི་དུས་ཚོད་དེ། 1927ལོའི་ཟླ6པའི་ཚེས1ཉིན་གྱི་སྔོན་ལ་འཇམ་དབྱངས་བཞད་པ་ཕྱིར་དགོན་པར་ཕེབས་དགོས་པ་དང་། དགོན་པའི་སྔར་ཡོད་ཀྱི་དབང་ཆ་ཡོངས་སུ་རྫོགས་པ་ཕྱིར་སླར་གསོ་བྱ་དགོས། གཉིས། བླ་བྲང་དུ་སྡོད་པའི་དམག་གི་གནད་དོན་དེ། བླ་བྲང་དུ་བསྡད་ཡོད་པའི་ཟི་ལིང་མཁར་གྱི་དམག་དཔུང་ལས་རྐང་དམག་རུ་ཆུང་གཅིག་ལས། གཞན་ཚང་མ་ཟླ3པའི་ཚེས1གི་སྔོན་ལ་ཕྱིར་འཐེན་དགོས་པ་དང་། བླ་བྲང་དུ་ཞིང་ཆེན་ནས་མངགས་པའི་བདེ་སྲུང་རུ་ཁག་གཅིག་བཏང་སྟེ་ས་གནས་ཀྱི་བདེ་འཇགས་སྲུང་དགོས། གསུམ། བླ་བྲང་དུ་སྲིད་འཛིན་ལས་ཤག(设治局)གཟུག་རྒྱུ་སྟེ། བླ་བྲང་དུ་ས་གནས་སྲིད་འཛིན་ལས་ཤག་བཙུགས་ཏེ་ལས་ཤག་གི་གཙོ་འཛིན་གྱིས་རང་འགན་གྱི་ལས་དོན་ཁོ་ན་ལས་སངས་རྒྱས་ཆོས་ལུགས་ལ་གནོད་མི་བྱེད་པ་དང་། དམག་ཁྲིམས་ཀྱི་དབང་ཆ་ཡང་ལས་ཤག་གཙོ་འཛིན་གྱིས་འགན་གཅིག་ལྕོགས་སུ་འཁུར་དགོས། དེ་ཡང་ལས་ཤག་གཙོ་འཛིན་ནི་ཞིང་ཆེན་སྲིད་གཞུང་ནས་ཐད་ཀར་བསྐོ་གཞག་བྱ་རྒྱུ་དང་ཁོས་ཡུལ་དེའི་དམག་ཁྲིམས་ལ་འགན་འཁུར་དགོས། ལས་ཤག་གཙོ་འཛིན་ལ་ས་ཁུལ་དེའི་ཁྲལ་བསྡུ་བའི་གནས་ཚུལ་ལ་ལྟ་རྟོག་བྱེད་པའི་དབང་ཆ་ཡོད། སྲིད་འཛིན་ལས་ཤག་ནི་ཞིང་ཆེན་སྲིད་གཞུང་གི་ཐད་གཏོགས་ལས་ཁུངས་ཡིན། སྲིད་འཛིན་ལས་ཤག་གི་བདག་སྐྱོང་ཁྱབ་ཁོངས་ནི་གཙོ་འཛིན་ལས་གནས་སུ་འབྱོར་རྗེས་ཟླ་གསུམ་གྱི་ནང་དུ་ཡུལ་གྱི་གནས་ཚུལ་ལ་རྟོག་ཞིབ་བྱས་ནས་ཞིང་ཆེན་སྲིད་གཞུང་ལ་ཆེད་དུ་ཡར་ཞུ་བྱས་ཏེ་ཐག་གཅོད་བྱ་དགོས། བཞི། སྲིད་འཛིན་ལས་ཤག་དང་བདེ་སྲུང་རུ་ཁག་གི་འགྲོ་གྲོན་གྱི་གནད་དོན། སྲིད་འཛིན་ལས་ཤག་དང་སྡེ་སྲུང་རུ་ཁག་གི་འགྲོ་གྲོན་ཡོངས་སུ་རྫོགས་པ་གནས་སྐབས་སུ་ཞིང་ཆེན་ནོར་སྲིད་ལས་ཁུངས་ཀྱིས་གཏང་རྒྱུ་ཡིན་ལ། སྲིད་འཛིན་ལས་ཤག་དངོས་སུ་ཚུགས་རྗེས་སྲིད་འཛིན་ལས་ཁུངས་དང་བདེ་སྲུང་རུ་ཁག་གི་འགྲོ་གྲོན་ས་གནས་ཀྱི་ཡོང་འབབ་ནང་ནས་གཏང་དགོས།ཞེས་པའོ།།

    དོན་ཚན་དེ་དག་ཕྱོགས་གཉིས་ཀྱིས་ཁས་བླངས་ཤིང་། སྔ་ཕྱིར་བདེ་སྲུང་རུ་ཁག་དང་སྲིད་འཛིན་ལས་ཤག་གི་གཙོ་འཛིན་སོགས་བླ་བྲང་དུ་འབྱོར། དེར་ཡོད་པའི་མཱ་དམག་རྣམས་ཀྱང་ཕྱིར་ཟི་ལིང་དུ་ལོག ཟླ6པའི་ཚེས2ཉིན་བླ་བྲང་གི་སྲིད་འཛིན་ལས་ཤག་དངོས་སུ་བཙུགས། ལས་ཤག་གི་བདག་སྐྱོང་ཁྱབ་ཁོངས་སུ་བསང་ཁོག་དང་རྒན་གྱ། ཁོ་ཚེ། ཉིན་མ། དངུལ་རྭ། ཨ་མཆོག གཙོས། ཁ་གྱ་སྟོད་སྨད། གཏེར་ལུང་། རྟ་རྫོང་། སྣང་ར་སྟོད་སྨད་དང་། དམེ་བོ། ཁྱ་དགེ འབོ་ར། རྡོ་དཀར། རྒྱལ་མོ་དགོན། ཀླུ་ཤོད་ཚོ་བ་བརྒྱད་དེ་ཁྱོན་ཡུལ་སྡེ་ཤོག་ཚན་བཅུ་བདུན་བགོས། ཐེངས་འདིར་བཱ་ཙེའི་ནུབ་རྒྱུད་དང་ཡ་རྫིའི་བྱང་རྒྱུད་ཀྱི་ས་ཆ་མང་པོ་ཁོངས་སུ་བསྡུས་པས། སྔར་ལས་ལྡབ་གཅིག་གིས་ཆེ་བ་བྱུང་། ཟླ7པའི་ཚེས2ལ[50]བླ་བྲང་དགོན་པ་དང་བྲལ་ནས་ལོ་ངོ་གསུམ་ལོན་པའི་ཀུན་མཁྱེན་འཇམ་དབྱངས་བཞད་པ་ལྔ་པ་ཚང་གི་ཡབ་མགོན་པོ་དོན་གྲུབ་ཀྱིས་གདན་འདྲེན་ཞུས་ཏེ་དངུལ་རྭ་ནས་བླ་བྲང་དུ་ཕེབས།

    བླ་བྲང་དོན་རྐྱེན་ནི་སྤྱིའི་ཆ་ནས་བཤད་ན་པེ་དབྱང་སྲིད་གཞུང་སྐབས་ཀྱི་ཁ་ཆེའི་དམག་ཤེད་ཅན་མཱ་ཆི་ཚང་གི་མཚོ་སྔོན་ཡོངས་དབང་དུ་སྡུད་བཞིན་པའི་སྐབས་ཀྱི་ལས་རིམ་གྱི་ཆ་ཤས་ཤིག་ཏེ། བླ་བྲང་ཕྱོགས་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་འཛིན་ནུས་པ་ཉམས་ཞན་དུ་བཏང་ནས་དམག་ཤེད་ཅན་གྱི་སྒྲིག་གཞི་གསར་པ་ལ་བརྟེན་ནས་དབང་བསྒྱུར་བར་བརྩམས་པ་ན། ཡབ་སོགས་བླ་བྲང་ཕྱོགས་ཀྱིས་ནུས་ཤུགས་ཡོད་དགུས་དེ་ལ་ངོ་རྒོལ་བྱས་ཏེ་བླ་བྲང་དགོན་པའི་ཆོས་སྲིད་གྱི་བདག་དབང་སྲུང་སྐྱོབ་དང་ཤོར་ཟིན་པ་ཕྱིར་ལེན་པའི་བརྒྱུད་རིམ་ཞིག་རེད། བྱེ་བྲག་ཏུ་ལི་ཐང་དུ་གན་རྒྱ་བཞག་པ་ནས་བཟུང་ཆེས་མཐའ་མཇུག་གི་གྱོད་དོན་ཐག་གཅོད་མ་བྱས་བར་དུ་ཕན་ཚུན་ལ་ཆ་རྐྱེན་འདོན་སྐབས་ཡབ་ཚང་གིས་ཐོག་མཐའ་བར་གསུམ་དུ་མཱ་དམག་བླ་བྲང་ནས་ཕྱིར་འཐེན་དགོས་པ་དང་ཀུན་མཁྱེན་རིན་པོ་ཆེའི་དབང་ཆ་ཡོངས་སུ་རྫོགས་པ་སླར་གསོ་བྱེད་དགོས་ཞེས་པ་གཉིས་གཙིགས་སུ་བཟུང་ནས་བཤད། མཱ་དམག་བླ་བྲང་དུ་གཏན་སྡོད་བྱས་པ་ནི་བླ་བྲང་ལ་མཚོན་ན་དགོན་པའི་རང་བདག་གི་རྩ་དོན་ཐོབ་ཤོར་དང་འབྲེལ་བ་ཡོད་པ་ཞིག་ཡིན་ལ། མཱ་ཆི་ཚང་ལ་མཚོན་ན་བླ་བྲང་ཕྱོགས་གཏོགས་ཀྱི་ཡུལ་སྡེ་ཀུན་ལ་དབང་བསྒྱུར་ཐུབ་མིན་གྱི་གཞི་རྩ་ཡང་ཡིན་པས། དོན་རྐྱེན་གྱི་མགོ་ནས་མཇུག་བར་གནད་དོན་འདི་ལ་དམིགས་ནས་འཐེན་འཁྱེར་དང་རྩོད་པ་བྱས་པ་རེད། ཀུན་མཁྱེན་བཞི་བ་ཚང་སྐུ་གཤེགས་རྗེས་སུ་ལིས་བརྩོན་འགྲུས་སོགས་མཱ་ཕྱོགས་ལ་བློ་ཉེ་བ་རྣམས་ཀྱིས་དགོན་པའི་ཁ་ལོ་བསྒྱུར་པ་དང་། ལྔ་པ་ཚང་ཁྲིར་བཀོད་པའི་རྗེས་ཀྱང་སྔར་བཞིན་གུང་ཐང་སྐུ་ཕྲེང་ལྔ་པ་ཚང་རྒྱལ་ཚབ་ནས་ཕྱིར་མ་འཐེན་པ་དང་དགོན་པའི་ལས་སྣེ་སོགས་གང་བྱུང་དུ་བརྗེ་འཐེན་བྱས་པས། ལྔ་པ་ཚང་གི་དབང་ཆ་སྔར་སྲོལ་ལྟར་རང་ལག་ཏུ་གཅིག་སྡུད་མ་ཐུབ་པས་དེ་ཐོབ་པའི་ཆེད་དུ་ལྔ་པ་ཚང་གི་དབང་ཆ་སླར་གསོ་བྱ་དགོས་པའི་རེ་བ་བཏོན་པ་རེད།

    དོན་རྐྱེན་ཐག་གཅོད་བྱས་པ་དེས། བླ་བྲང་ཕྱོགས་ནས་མཱ་དམག་གཏན་ཕུད་བྱེད་ཐུབ་པ་བྱུང་པ་དང་། བླ་བྲང་དགོན་པ་མཱ་ཆིའི་དམག་ཤེད་ཀྱི་དབང་བསྒྱུར་འོག་ནས་དངོས་སུ་བཅིངས་གྲོལ་ཐོབ་ཅིང་སྔར་ལས་ལྡབ་གཅིག་ཙམ་ཆེ་བའི་དམིགས་གསལ་སྲིད་འཛིན་ས་ཁུལ་ཞིག་ཏུ་བསྒྱུར། དེ་དང་མཉམ་དུ་ཞིང་ཆེན་གཞུང་ནས་ཀྱང་གོ་སྐབས་འདི་ལ་བརྟེན་ནས་བླ་བྲང་དུ་སྲིད་སྐྱོང་ལས་ཤག་དང་བདེ་སྲུང་རུ་ཁག་བཙུགས་ཤིང་དེ་གཉིས་ཡུན་རིང་མ་འགོར་བར་རྫོང་དང་ཟི་ལེན་པུའུ་རུ་བསྒྱུར། ལས་ཁུངས་འདི་གཉིས་བཙུགས་པ་ནས་བཟུང་བླ་བྲང་ས་ཁུལ་དུ་དེང་རབས་ཅན་གྱི་ངོ་བོ་ལྡན་པའི་སྲིད་འཛིན་སྒྲིག་གཞི་དང་དམག་གི་དཔུང་སྡེ་དངོས་སུ་ཚུགས་པ་དང་། དེའི་མི་སྣ་བསྐོ་བཞག་དང་འགྲོ་སོང་ཡོངས་རྫོགས་ཞིང་ཆེན་གཞུང་ནས་ཐད་ཀར་འགན་ལེན་བྱས་པས། བླ་བྲང་དགོན་པ་ཞེས་ཆོས་སྲིད་ཟུང་འབྲེལ་གྱི་མ་ལག་རྒྱ་ཆེན་པོ་དེ་ཚད་ངེས་ཅན་ཞིག་གི་སྟེང་ནས་ཀྲུང་ཧྭ་མིན་གོའི་སྲིད་ལུགས་གསར་པའི་སྒྲོམ་དུ་དངོས་སུ་བཅུག་པ་ཡིན་ནོ།།

   

དངུལ་རྭའི་འདུན་མ་ཆེན་པོ།

    བཞི་པ།  རྨེའུ་ཚང་དང་ཡབ་ཚང་གི་སྐུ་ཚེའི་སྨད། (1928-1949)

    1928ལོའི་ཟླ10པར་མགོན་པོ་དོན་གྲུབ་གྱི་སྲས་ཆེ་བ་ཨ་བློ་བོད་དམག་ཟི་ལེན་པུའུ་ཡི་སྤྱི་དཔོན(番兵司令部游击司令)དུ་བསྐོས། སྐབས་དེར་དགུང་ལོ་ང་དགུར་སོན་པའི་མགོན་པོ་དོན་གྲུབ་ཀྱིས་ཕྱོགས་གཅིག་ནས་རང་ཉིད་ལོ་ན་བགྲེས་ཤིང་ནད་གཞི་ལྕི་བ་དང་། ཕྱོགས་གཅིག་ནས་རང་གི་བུ་ཨ་བློའི་སྲིད་འཛིན་གྱི་ཉམས་མྱོང་དང་སྤྱི་ཚོགས་སྟེང་དུ་ཤུགས་རྐྱེན་ཆེ་རུ་གྱུར་ཡོད་པས་ཁོང་ཉིད་དགོན་པའི་སྲིད་ཕྱོགས་ཀྱི་སྤྱིའི་འགན་འཛིན་ལས་བཟུར་ཏེ།“ནམ་རྒྱུན་ཁྱིམ་དུ་བསྡད་ཅིང་། ཐད་ཀར་ཆོས་སྲིད་ཀྱི་བྱ་བར་ཞུགས་རྒྱུ་ཇེ་ཉུང་དུ་བཏང་།”[51]ཡིན་ཡང་བླ་བྲང་ནི་དགོན་མ་ལག་དང་ལྷ་སྡེ་མི་སྡེ་ཤིན་ཏུ་རྒྱ་ཆེ་ལ། ཡུལ་སྡེ་འགའ་ཞིག་དགོན་པའི་ཁོངས་སུ་གཏོགས་མིན་ལ་དབྱེ་མཚམས་ཀྱང་གསལ་པོ་མེད་པས། ཡུལ་གྱི་དཔོན་པོའམ་དགོན་སྡེ་གཞན་དང་ལྷ་སྡེ་རྩོད་པའི་འགལ་བ་ཡང་མང་པོ་བྱུང་། དེ་བས་ཡབ་ཚང་ནི་དགུང་ལོ་བགྲེས་ཤིང་ཆབ་སྲིད་ཀྱི་ལས་གནས་ནས་བཟུར་ཡོད་ན་ཡང་། 1930ལོ་ཙམ་ནས་རྔ་བ་ཚོ་དྲུག་ཏུ་ཡུལ་སྡེའི་བར་གྱི་རྩོད་རྙོག་ཅིག་བྱུང་པས་ཁོང་ཉིད་གནད་དོན་ཐག་གཅོད་བྱེད་དུ་མི་འགྲོ་ཀ་མེད་བྱུང་། རྔ་བ་ནི་སྲིད་འཛིན་ས་ཁུལ་གྱི་ཆ་ནས་བཤད་ན་སི་ཁྲོན་གྱི་ཁོངས་སུ་གཏོགས་ཤིང་། ཆོས་ཕྱོགས་ནས་རྔ་བ་རྨེའུ་རྒྱལ་པོ་ནི་ཀིརྟི་ཚང་གི་ཡོན་བདག་ཡིན་པ་ལས་བླ་བྲང་དང་ཐད་ཀར་འབྲེལ་བ་ཆེན་པོ་མེད། ཆབ་སྲིད་ཐད་སྐབས་དེར་ཀིརྟི་ཚང་དང་རྨེའུ་རྒྱལ་པོ་སོགས་ནི་མཱ་ཆི་དང་འབྲེལ་བ་ཡག་པོ་ཡོད་པས་བླ་བྲང་དང་ཁ་ཕྱོགས་གཅིག་ཏུ་སོང་མེད། ཡང་རྔ་བའི་ཚོ་དྲུག་དང་དམེ་སྐོར། ཨ་མཆོག་མཚན་ཉིད་། ད་དུང་སོ་མང་རྒྱལ་པོ། ཁྲོ་ཆུའི་དཔོན་པོ་སོགས་བླ་བྲང་དང་ཆོས་སྲིད་གཉིས་ཆར་འབྲེལ་ཟབ་པས་ས་ཁུལ་དེར་རྨེའུ་རྒྱལ་པོའི་མཐའ་སྐོར་ཏེ་བླ་བྲང་ཕྱོགས་གཏོགས་ཀྱི་འབྲེལ་བའི་དྲ་བ་ཞིག་ཀྱང་ཆགས་ཡོད།

    དེ་ལས་རྔ་བ་ཚོ་དྲུག་ནི་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོའི་སྐབས་ཙམ་ནས་བླ་བྲང་གི་ལྷ་སྡེར་གྱུར་བ་ཞིག་ཡིན་མོད། 1930ལོར་ཙམ་ལ་ཚོ་དྲུག་ཏུ་རྡོ་ཞར་ཞེས་པའི་དཔོན་ཁག་གོང་འོག་གཉིས་ཡོད་པ་དེ་གཉིས་ནང་འགལ་ཞིག་བྱུང་། ཡབ་ཚང་གིས་ཚོ་དྲུག་རྨེའུ་རྒྱལ་པོ་ལ་ཤོར་དོགས་ཀྱིས་དེའི་བར་དུ་ཐེ་གཏོགས་བྱས། དེ་ལྟར་རིམ་གྱིས་ཡབ་ཚང་དང་རྡོ་ཞར་བར་ལ་འགལ་བ་བྱུང་ཞིང་བླ་བྲང་ཕྱོགས་ཀྱིས་ཚ་ཁོ་དཔོན་པོ་དང་འབྲེལ་བ་བྱས་ནས་རྡོ་ཞར་གཡོ་ཐབས་ཀྱིས་འཛིན་བཟུང་བྱས་ཏེ་ཁྲོ་ཆུར་བསྐྱལ་ཞིང་ཕྱིར་ཡོང་མེད་པར་གྱུར། དེ་ནས་ཡབ་ཚང་ནི་རྡོ་ཞར་ཕྱོགས་ལ་མི་དགའ་བ་རྣམས་ཀྱི་རྒྱབ་དཔུང་བྱས་ཏེ་མེ་སྐྱོང་ཞེས་པའི་འགོ་དཔོན་ཕ་བུ་གཉིས་ཀྱང་བསད། དེའི་བུ་གཞན་ཞིག་ཡོད་པ་དེས་རྨེའུ་ཚང་ལ་མགོ་བཏགས། མ་གཞི་རྡོ་ཞར་ཕྱོགས་ནི་བླ་བྲང་ལ་ངོ་ལོག་ཏེ་རྨེའུ་ཚང་ལ་མགོ་འདོགས་རྒྱུའི་བསམ་པ་གཏན་ནས་མེད་མོད། ཡབ་ཚང་ནི་རྡོར་ཞར་ཕྱོགས་ལ་མི་དགའ་བ་རྣམས་ཀྱི་ཁར་རྒྱུགས་ནས། མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་བཟོས་པས་རྡོ་ཞར་ཚང་གཙོས་པའི་ཚོ་དྲུག་གིས་རྨེའུ་ཚང་ལ་མགོ་བཏགས།“དེ་ནས་བཟུང་རྔ་བ་ཕྱོགས་ཀྱི་འགོ་དཔོན་རྣམས་ཀྱིས་ཡུལ་དམག་བསྡུས་ཏེ་རྨ་ཆུའི་ལྷོ་རྒྱུད་དུ་ལོ་གསུམ་ཙམ་ལ་ཁ་གཏད་དུ་ལངས།”[52]

    ཚོ་དྲུག་ཤོར་དོགས་ཀྱིས་རྨེའུ་ཚང་དང་འགལ་ཟླར་གྱུར་པའི་གནས་ཚུལ་འདི་ནི་ཡབ་ཚང་གིས་ཆབ་སྲིད་དང་དམག་དོན་གྱི་ལམ་ནས་ཡུལ་སྡེའི་བར་གྱི་འགལ་བ་ཐག་གཅོད་བྱེད་སྐབས་ཀྱི་ཕམ་ཁ་ཞིག་རེད། དེ་ལས་བོད་ཀྱི་སྤྱི་ཚོགས་ཀྱི་དམིགས་བསལ་ཁྱད་ཆོས་ཏེ་ཆོས་ལུགས་ཀྱི་ཤུགས་རྐྱེན་ལ་བརྟེན་ན་གནད་དོན་ཆེ་ཕྲ་ཅི་རིགས་བདེ་བླག་ངང་ཐག་གཅོད་ཐུབ་པ་ལྟར། 1937ལོར་ལྔ་པ་ཚང་དབུས་སུ་ཕེབས་སྐབས། རྨེའུ་རྒྱལ་ཞིང་སྐྱོང་དང་ཚོ་དྲུག་གི་དཔོན་ཕྲན་རྣམས་དངུལ་རྭར་སོང་སྟེ།“དེ་སྔོན་བླ་བྲང་དང་རྨེའུ་རྒྱལ་ལྷ་སྡེ་འགའ་ཞིག་གི་དོན་དུ་འགྲིག་མིན་གྱི་གླེང་གཞི་བྱུང་ནས་ལོ་མང་སོང་ཡང་། འདི་སྐབས་དོན་རྩ་གང་ལེགས་སྒོས་འདུམ་པའི་ཆེད་ཡིག་ཀྱང་བྲིས་ཏེ། རྨེའུ་རྒྱལ་པོས་གུས་འདུད་ལྷུར་ལེན་བཅས་བཤགས་པ་ཕུལ། ”[53]ཅེས་པ་ལྟར། ཚོ་དྲུག་ཀུན་མཁྱེན་ཚང་གི་ལྷ་སྡེ་རུ་ཕུལ་ཅིང་། རྨེའུ་རྒྱལ་ཞིང་སྐྱོང་སོགས་ཀྱིས་འགྱོད་བཤགས་བྱས་ཏེ་གྱོད་ལེགས་པར་བསྡུམས།

    1937ལོ་ནས1940ལོའི་བར་དུ་ལྔ་པ་ཚང་དང་མཉམ་དུ་དབུས་གཙང་དུ་ཕེབས། དབུས་སུ་རྒྱལ་ཚབ་རྭ་སྒྲེང་གཙོས་དབུས་གཙང་ཕྱོགས་ཀྱི་སྐུ་དྲག་མི་དྲག་དང་བླ་ཆེན་དཔོན་ཆེན་མང་པོ་དང་མཇལ། ལམ་བར་དུ་ནད་གཞི་ལྕི་མོས་མནར་ཏེ་ཡང་ནས་ཡང་དུ་མི་བདེ་བ་བྱུང་། དབུས་ནས་ཕྱིར་ཕེབས་རྗེས་ཕལ་ཆེར་དགེ་སྒྲུབ་སྡིག་སྤོང་ཁོ་ནར་གཞོལ་ནས་བསྡད། དགུང་ལོ་དོན་དྲུག་ཐོག་ཞལ་འདོན་མ་ཎི་དུང་ཕྱུར་ལེགས་འགྲུབ་བྱུང་ཞིང་། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུ་ཞིག་ཀྱང་བཞེངས་ནས་ལེགས་པར་གྲུབ། 1948སྟེ་དགུང་ལོ་བརྒྱད་ཅུ་ལོན་པའི་གྱ་སྟོན་ཤིན་ཏུ་གཟབ་རྒྱས་ཤིག་སྤེལ། དཔྱད་ཡིག་ཁག་ཏུ་འདས་ལོ་མི་གསལ།

    ལྔ་བ།    མཇུག་སྡོམ།

    མགོན་པོ་དོན་གྲུབ་སྐུ་འཚོ་བའི་དུས་སྐབས་ནི་ཆིང་རྒྱལ་རབས་ཀྱི་མཇུག་ནས་མིན་གོའི་མཇུག་བར་ཡིན་ལ། དེ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་སྤྱི་ཚོགས་གསར་རྙིང་བར་འགལ་རྩོད་ཆེས་ཆེ་བའི་དུས་སྐབས་ཤིག་ཀྱང་རེད། སྐབས་དེར་ཁམས་ཕྱོགས་སུ་ཡུལ་དཔོན་གཞུང་བསྐོའི་ལས་འགུལ་ཤུགས་ཆེར་སྤེལ་བས་ཡུལ་དེའི་སྤྱི་ཚོགས་ཀྱི་སྒྲིག་རིམ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ཞིང་པ་དཀྱུས་མ་རུ་སྐྱེས་པའི་མགོན་པོ་དོན་གྲུབ་ནི་ཁོར་ཡུག་དེའི་འོག་ཏུ་པཱོ་ཀྲིན་ཞེས་པའི་ཡུལ་གྱི་དཔོན་པོ་ཞིག་ཏུ་གྱུར། ཡིན་ཡང་དེ་ནས་ཡུན་རིང་མ་འགོར་བར་ཁོང་ཉིད་ལི་ཐང་ཕྱོགས་ཀྱི་ས་གནས་ཀྱི་དཔོན་ཕྲན་ཞིག་ནས་མདོ་སྨད་བསྟན་པའི་བདག་པོ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡབ་གཞིས་ཏེ། སྐབས་དེའི་མདོ་སྨད་སྤྱི་ཚོགས་སུ་སྐུ་དབང་ཆེས་ཆེ་བའི་མི་སྣ་ཞིག་ཏུ་གྱུར། མགོན་པོ་དོན་གྲུབ་ཡབ་གཞིས་སུ་གྱུར་བ་ནི་གོང་དུ་བརྗོད་པའི་དུས་འགྱུར་དེ་དག་དང་འབྲེལ་བ་མེད་པར་སྟེས་དབང་ངམ་ལུགས་སྲོལ་རྙིང་པའི་དབང་དུ་སོང་བ་ཞིག་ཡིན་ལ། ཁོང་ཉིད་ཡབ་གཞིས་སུ་གྱུར་རྗེས་ཁོང་གི་མདུན་དུ་ལྷགས་པའི་བླ་བྲང་དགོན་པ་ནི་ཕྱི་ནང་གཉིས་ཆར་ཉེན་ཁ་དང་འགལ་བ་སྣ་ཚོགས་ཀྱིས་གང་ནས་ཡོད་པས། ཁོང་གིས་གནས་བབ་དེ་དག་བསྒྱུར་ཐབས་ལ་ཐོག་མར་དགོན་མ་ལག་དང་ཡུལ་སྡེ་ཤོག་ཀའི་འབྲེལ་བ་དང་། ཡུལ་དམག་གི་རྩ་འཛུགས་བཅས་ལ་ཤུགས་བརྒྱབ་ནས་རང་ངོས་ཀྱི་སྟོབས་ཤུགས་ཆེ་རུ་སྐྱེད་ཐབས་བྱས། དེ་ནས་གོང་རིམ་ལ་མཱ་ཕྱོགས་ཀྱི་ཉེས་སྤྱོད་རྣམས་ཞུ་གཏུག་བྱས་ཤིང་རྒྱལ་ཁབ་གཞུང་གི་སྲིད་ཇུས་ཀྱི་སྟེང་ནས་རྒྱབ་སྐྱོར་འཐོབ་པར་འབད་འབུངས་བྱས།

དེ་ལྟར་ཡབ་གཞིས་གཙོས་པའི་བླ་བྲང་ཕྱོགས་དང་མཱ་ཆི་བར་འགལ་བ་རིམ་པར་བྱུང་ཞིང་མཐར་ཕྱོགས་ཡོངས་ནས་དམག་འཁྲུག་ལངས་ཏེ་བླ་བྲང་ཕྱོགས་རབ་ཏུ་ཕམ། སྐབས་དེར་ཡུལ་དམག་ལ་ཐད་ཀར་རྩ་འཛུགས་དང་བཀོད་འདོམས་བྱེད་མཁན་ནི་ཡབ་ཚང་ཡིན་ལ། ཕམ་པའི་རྒྱུ་མཚན་ཡང་གཙོ་བོ་བླ་བྲང་གི་ཡུལ་དམག་ནི་ཡུལ་སྡེ་ཤོག་ཚན་སོ་སོ་ནས་གནའ་བོའི་ལུགས་སྲོལ་ལྟར་རྩ་འཛུགས་བྱས་པ་ཡིན་པས། རྩ་འཛུགས་ཚགས་དམ་པོ་མེད་ལ་འཐབ་རྩལ་ལ་སྦྱོང་བ་དང་ཉམས་མྱོང་སོགས་གང་ཡང་མེད་ཁར་མཚོན་ཆ་ཡང་ཤིན་ཏུ་རྗེས་ལུས་ཡིན་པ་དང་། དེའི་ཁ་གཏད་དུ་ཡོད་པའི་མཱ་དམག་ནི་དེ་ལས་ལྡོག་ཏེ་གཞུང་གི་ཆེད་ལས་དམག་དཔུང་ཡིན་པས། ཚད་ལྡན་གྱི་དམག་རྩལ་སྦྱང་ཡོད་ལ་དེང་རབས་ཅན་གྱི་དྲག་ཆས་སྤྲས་ཡོད་ཁར། འཚོ་བའི་མཁོ་ཆས་སོགས་ཀྱང་གཞུང་གིས་མཁོ་འདོན་བྱེད་བཞིན་ཡོད་པའི་རྐྱེན་གྱིས་རེད། ཡུལ་དམག་བསྡུ་སྐབས་ཡབ་ཚང་གིས་ཀུན་མཁྱེན་རིན་པོ་ཆེའི་ཆོས་ལུགས་ཤུགས་རྐྱེན་ཡང་བེད་སྤྱོད་གང་ལེགས་བཏང་ནས་སྤྱི་ཚོགས་ཡོངས་ཀྱི་ནུས་ཤུགས་གཅིག་ཏུ་བསྡུས་ཡོད་དེ། ཀུན་མཁྱེན་རིན་པོ་ཆེ་སྐུ་སྲོག་གི་ཉེན་ཁར་ཐུག་ཡོད་པ་དང་། བླ་བྲང་དགོན་པ་ཁ་ཆེའི་དམག་གིས་བཟུང་ནས་བསྟན་པ་བསྣུབ་རྒྱུའི་ཉེན་ཁར་ཐུག་ཡོད་པས། ཀུན་མཁྱེན་བླ་མའི་སྐུ་དོན་དང་སངས་རྒྱས་བསྟན་པའི་བསྟན་དོན་གྱི་ཆེད་དུ་དམག་རྒྱག་དགོས་ཞེས་འབོད་སྐུལ་བྱས། ཡུལ་སྡེ་སོ་སོ་ནས་ཀྱང་ཐེ་ཚོམ་དང་ཕྱིར་བཤོལ་མེད་པར་བུ་རྟ་ཁྲི་ཕྲག་དུས་གཅིག་ཏུ་མཉམ་འཛོམས་བྱུང་ཞིང་། ཁོ་ཚོར་དམིགས་ཡུལ་གཅིག་ཡོད་པ་ནི་མཱ་དམག་མཐར་བསྐྲད་དེ་ཀུན་མཁྱེན་རིན་པོ་ཆེའི་སྐུ་སྲོག་བསྐྱབ་རྒྱུ་དང་། གདན་ས་བཀྲ་ཤིས་འཁྱིལ་ལ་སྐྱོན་མི་འབྱུང་བ་བྱ་རྒྱུ་དེ་རེད། དེ་བས་སྐབས་དེར་ཡུལ་དམག་རྣམས་ནང་ཁུལ་དུ་མཐུན་སྒྲིལ་དམ་པོ་ཡོད་པ་དང་། གཡུལ་ངོར་ཕྱིར་མི་ལྡོག་པའི་དཔའ་མཛངས་རྟུལ་ཕོད་ཀྱི་སྙིང་སྟོབས་ལྡན་པའི་སྙན་པ་ཡུལ་ཕྱོགས་ཀུན་ལ་ཁྱབ།

    དེ་ལྟར་བླ་བྲང་དོན་རྐྱེན་བྱུང་པས་ཕྱོགས་མང་པོ་ཞིག་ལ་གཡོ་འགུལ་བཏང་ཞིང་། མཱ་ཕྱོགས་ལ་ ཀྲུང་དབྱང་ནས་ཞིང་ཆེན་དང་། ཞིང་ཆེན་ནས་ས་གནས་བར་རིམ་པ་རེ་རེ་བཞིན་གནོན་ཤུགས་སྤྲད་པས་མཐར་མཱ་ཕྱོགས་ནས་ངོས་ལེན་བྱས། བླ་བྲང་ཕྱོགས་ཀྱི་དགོན་ལྷ་སྡེ་ཚང་མ་མཱ་ཆི་ཡི་མངའ་འོག་ནས་ལོགས་སུ་བཀར་ཏེ་ཞིང་ཆེན་གྱིས་ཐད་སྐྱོང་དམིགས་བསལ་སྲིད་འཛིན་ས་ཁུལ་ཞིག་ཏུ་བསྒྱུར། འདི་ནི་ཁོང་གི་འབད་བརྩོན་ལ་བརྟེན་ནས་ཐོབ་པའི་རྒྱལ་ཁ་ཡིན་པས་དུས་དེ་ནི་ཁོང་གི་མི་ཚེའི་ནང་དུ་དབང་ཐང་དང་སྙན་གྲགས་ཀྱི་ཆེ་བ་ཡང་རྩེར་སོན་པའི་སྐབས་ཀྱང་རེད། དེ་དང་མཉམ་དུ་སྐབས་དེ་ནས་བཟུང་བླ་བྲང་དུ་ཞིང་ཆེན་ནས་ཐད་ཀར་དོ་དམ་བྱེད་པའི་སྲིད་འཛིན་མ་ལག་གསར་དུ་བཙུགས་པས། ཚད་ངེས་ཅན་ཞིག་གི་སྟེང་ནས་མིང་གོའི་སྲིད་ལུགས་གསར་པའི་དབང་བསྒྱུར་དངོས་སུ་དང་ལེན་བྱས་པ་དང་། གདན་ས་རང་གི་སྐུ་གསུང་ཐུགས་རྟེན་དང་ཀུན་མཁྱེན་བླ་མའི་སྐུ་སྲོག ཡུལ་སྡེ་ཤོག་ཀའི་མི་རྒྱུ་ཕྱུགས་གསུམ་གྱི་བདེ་འཇགས་བཅས་ལ་སེམས་ཁྲལ་བྱ་མི་དགོས་པའི་སྲུང་བ་བརྟན་པོ་བྱུང་། དེ་ཡང་བླ་བྲང་ཕྱོགས་ནི་ཞི་བདེ་དང་བརྟན་བརླིང་གི་དུས་སྐབས་གསར་པ་ཞིག་ཏུ་འགྲོ་བར་འགོ་བརྩམས་པའི་མཚོན་རྟགས་ཀྱང་ཡིན་ནོ།།

    ཕྱིས་རྔ་བའི་ཚོ་དྲུག་གི་དོན་རྐྱེན་བྱུང་ནས་རྨེའུ་རྒྱལ་པོ་དང་བླ་བྲང་ཕྱོགས་གཉིས་ཁ་གཏད་དུ་ལངས་པ་སོགས་ཀྱི་གནས་ཚུལ་བྱུང་མོད་། ཡུན་རིང་མ་འགོར་བར་ཀུན་མཁྱེན་རིན་པོ་ཆེའི་ཤུགས་རྐྱེན་ལ་བརྟེན་ནས་ལེགས་པར་བསྡུམས་པས། སྐབས་དེའི་བོད་ཀྱི་སྤྱི་ཚོགས་ནང་ཁུལ་གྱི་གནད་དོན་མང་པོ་ཞིག་ཆོས་ལུགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་ཐག་གཅོད་ཐུབ་པའི་དངོས་ཡོད་གནས་ཚུལ་ཀྱང་ཤུགས་སུ་རྟོགས་པར་བྱའོ།།

    作者:班玛才让    西南民族大学博士研究生


     [①]扎扎著《嘉木样呼图克图世系》甘肃民族出版社1998年9月第一版P314

     [②]བསྐལ་བཟང་དཀོན་མཆོག་རྒྱ་མཚོས་བརྩམས། 《ཐུབ་བསྟན་ཡོངས་སུ་རྫོགས་པའི་མངའ་བདག་ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་སྐུ་འཕྲེང་ལྔའི་རྣམ་པར་ཐར་བ་མདོར་བསྡུས་སུ་བཀོད་པ།》ཤོག་ངོས35ན་གསལ། མིན་གོའི་སྐབས་ནན་ཅིན་ནས་དཔར་དུ་བཏབ། ཁོང་གི་ཡུམ་གྱི་མཚན་ཡིག་ཆ་གང་དུ་ཡང་མ་བྱུང་།

     [③]ལིས་ཨན་ཀྲེ་ཡིས1909ལོར་སྐྱེས་པའི་མཁྱེན་རབ་དོན་གྲུབ་ནི་བུ་འབྲིང་བ་ཡིན་ཚུལ་བསྟན་འདུག་པས།(李安宅《藏族宗教史之实地研究》P147)ཕལ་ཆེར་དེའི་སྔོན་ལ་ད་དུང་བུ་གཞན་ཞིག་ཆུང་ངུའི་དུས་སུ་འདས་ཡོད་ཚོད་འདུག ཡང1909ལོར་མཁྱེན་རབ་དོན་གྲུབ་སྐྱེས་པའི་དུས་ཚོད་ལ་བརྟག་ན་མགོན་པོ་དོན་གྲུབ་ལ1906ལོ་ཡས་མས་སུ་རིམ་པ་བརྒྱད་པའི་དཔོན་གནས་སྤྲད་པའི་རྗེས་ཙམ་ལ་ཆུན་མ་དེ་ཁབ་ཏུ་བླངས་པ་ཨེ་ཡིན་སྙམ་པ་འདུག

     [④]འདི་ཡང་བཀྲ་བཀྲ་ཡིས“ཕ་གཅིག་ལ་མ་མི་གཅིག་པའི་གཅུང་སྐལ་བཟང་དོན་གྲུབ་ནི་ཁྱི་ཆུ་ལོ་སྟེ་སྤྱི་ལོ1922ལོར་བླ་བྲང་དུ་སྐྱེས། མེ་གླང་སྟེ1937ལོའི་ཟླ2པའི་ཚེས17ཉིན་ནད་ཀྱིས་མནར་ནས་འདས། ལོ16མ་གཏོགས་བཞུགས་མེད།”(扎扎著《嘉木样呼图克图世系》P423)ཅེས་བཀོད་ཡོད་པ་དང་གཅིག་ཏུ་ཁེལ་ཞིང་ཁོང་ནི་བླ་བྲང་དུ་ཕེབས་རྗེས་སྐྱེས་པ་ཡིན་མོད། ཡིག་ཆ་མང་ཆེ་བར་ཆུང་མ་གཉིས་མ་གཏོགས་བཀོད་མི་འདུག་པས། གཞན་དེ་ནི་བླ་བྲང་དུ་ཕེབས་རྗེས་ལོགས་སུ་འབྲེལ་བ་བྱུང་པ་ཙམ་ལས་ཁབ་ཏུ་དངོས་སུ་བླངས་པ་ཞིག་མ་ཡིན་པ་འདྲ།

     [⑤]རྒྱ་ཞབས་དྲུང་སྐལ་བཟང་དཀོན་མཆོག་རྒྱ་མཚོས་མཛད།  《ཀུན་མཁྱེན་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར།》མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ12པའི་དཔར་ཐངས་དང་པོ། ཤོག་ངོས31ན་གསལ།

     [⑥]黄正清口述《黄正清与五世嘉木样》甘肃人民出版社出版1989年5月第一版P3

     [⑦]རྒྱ་ཞབས་དྲུང་སྐལ་བཟང་དཀོན་མཆོག་རྒྱ་མཚོས་མཛད།  《ཀུན་མཁྱེན་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར།》མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ12པའི་དཔར་ཐངས་དང་པོ། ཤོགངོས31ན་གསལ།

     [⑧]马鹤天《甘青藏边考察记》中国国际广播出版社2016年1月第一版P14

     [⑨]格勒著《康巴史话》四川美术出版社出版2014年7月第一版P229“光绪三十年,驻藏帮办大臣风全在巴塘被戕,史称‘巴塘之乱’或‘巴塘事件’,这是清代康区发生的一庄重大事件”。

     [⑩]黄正清口述《黄正清与五世嘉木样》甘肃人民出版社出版1989年5月第一版P3

     [11]འདི་ལ《ཨ་པ་ཨ་བློའི་རང་རྣམ》དུ“གོ་གནས་སྤྲད་དགོས་པའི་བཀའ་བབས་ཅིང་ཕྱིས་རིམ་པ་བརྒྱད་པའི་དཔོན་གནས་ཞིག་བྱིན”ཞེས་པ་ལས་ཞོན་ཧྥུ་སི་ཡི་དཔོན་གནས་སྤྲད་པའི་གནས་ཚུལ་མ་བྱུང་མོད།《ཀན་ལྷོའི་ལོ་རྒྱུས་ཡིག་ཆ》དེབ་གསུམ་པར་བཀོད་པའི་བླ་བྲང་དང་མཱ་ཆིས་གཉིས་བར་འཁྲུག་རྩོད་བྱུང་པའི་བརྒྱུད་རིམ་ཞེས་པར“ཆིང་རྒྱལ་རབས་ཀྱི་སྐབས་སུ་ཡུལ་དེའི་ཞོན་ཧྥུ་སི་དང་། མིན་གོ་བཙུགས་རྗེས་ཤར་ལམ་པྰོ་ཀྲིན་གྱི་འགན་ཁུར”ཞེས་བཀོད་ཡོད། 《འཇམ་དབྱངས་བཞད་པ་ཧོ་ཐོ་ཐུ་སྐུ་ཕྲེང་རིམ་བྱོན》ཅེས་པར“ཆིང་གི་མཇུག་ཏུ་རིམ་པ་བརྒྱད་པའི་ཞོན་ཧྥུ་སིའི་འགན་ཁུར”ཅེས་བཀོད་ཡོད་པ་སོགས་ལ་བརྟག་ན། མ་མཐར་ཡང་ཁོང་ལ་ཞོན་ཧྥུ་སི་ཡི་ཐོབ་ཡོད་ཚུལ་གྱི་བཤད་སྒྲོས་ཤིག་ཡོད་པ་རྟོགས་ཐུབ་ལ། སྐབས་དེར་སྔར་གྱི་ཞོན་ཧྥུ་སིའི་ཐོབ་ཡོད་པའི་དཔོན་རྒན་གཞོན་གཉིས་ཀ་ཕབ་རྗེས། ཁོང་ལ་གནས་སྐབས་སུ་དེའི་མིང་ཙམ་བཏགས་པ་ཡིན་ནམ་སྙམ་པ་འདུག་མོད། སྒྲུབ་བྱེད་ཁུངས་བཙུན་གང་ཡང་མ་རྙེད་པས་བརྟག་པར་འཚལ།

     [12]ཁོང་གི་དཔོན་གནས་ཀྱི་མིང་ལ་རྒྱ་སྐད་དུ་ཏུང་ལུའུ་པཱོ་ཀྲིན(东路保正)ཅེས་བྱ་ཞིང་། ཏུང་ལུའུ(东路)ནི་ཤར་ལམ་གྱི་དོན་ཏེ་སྐབས་དེའི་ལི་ཐང་རྫོང་ཡོངས་སྲིད་འཛིན་ས་ཁུལ་ལྔ་རུ་བགོས་པའི་ཡ་གྱལ་ཞིག་ཡིན་ལ། པཱོ་ཀྲིན(保正)ནི་ཆིང་རྒྱལ་རབས་སྐབས་ཀྱི་གཞུང་དཔོན་གྱི་གོ་གནས་ཤིག་གི་མིང་ཡིན་པས། ཡུལ་མི་རྣམས་ཀྱིས་བོད་སྐད་ཀྱི་བརྡ་སྦྱོར་སྲོལ་ལྟར་དེའི་སྔོན་དུ་དཔོན་ཞེས་པའི་ཚིག་སྦྱར་ཏེ་དཔོན་པཱོ་ཀྲིན་ཞེས་བོས། དེ་ཡང་རྒྱ་ཡིག་ཏུ་ཐོག་མར་འགོད་སྐབས杭保正ལྟར་བྲིས། ཕྱིས杭ཡིག་དེ་ཡང་སྒྲ་འདྲ་བའི་ཆ་ནས་ཧྭང黄རུ་འགྱུར་ཞིང་རིམ་གྱིས་ཁོང་གི་ཁྱིམ་རྒྱུད་ཀྱི་རྒྱ་ལུགས་ཀྱི་རུས་སུ་གྱུར། ཕྱིས་རྒྱའི་རུས་དེ་ལ་རྒྱ་མིང་ཝེ་ཀྲུང་བྱ་བ་ཞིག་སྦྱར་ནས་ཧྭང་ཝེ་ཀྲུང(黄位中)ཞེས་རྒྱའི་རུས་མིང་ཆ་ཚང་བ་བཏགས། དེ་ནས་བཟུང་རྒྱ་མིང་ཧྭང་ཝེ་ཀྲུང་ཞེས་རྒྱུན་འབྱམས་སུ་སོང་ཞིང་། ཁོང་དང་འབྲེལ་བའི་རྒྱ་ཡིག་གི་ཡིག་ཆ་མང་ཆེ་བར་མིང་འདི་བཀོད་འདུག་ལ། ཁོང་གི་བུ་རབས་ཚ་རྒྱུད་ཚང་མ་ལ་རྒྱ་མིང་འདོགས་སྐབས་རུས་ཧྭང་(黄)འདོགས་པའི་སྲོལ་ཡང་འདི་ནས་བྱུང་།

     [13]黄正清口述《黄正清与五世嘉木样》甘肃人民出版社出版1989年5月第一版P3

     [14]《ལི་ཐང་རྫོང་གི་ལོ་རྒྱུས》(《理塘县志》P253)སུ་“ཆིང་རྒྱལ་རབས་ཀྱི་མཇུག་ཏུ། ཀྲོའོ་ཨར་ཧྥིན་གྱིས་ལི་ཐང་དྲག་འདུལ་བྱེད་སྐབས། ཕྱག་ཕྲེང་བསམ་འཕེལ་གླིང་དགོན་པར་དམག་དྲངས་ཏེ་སེར་སྐྱ་མང་ཚོགས་བརྒྱ་ཕྲག་ཁ་ཤས་བསད་ཅིང་འཛིན་བཟུང་བྱས་པས། ཐེངས་འདིར་གཞུང་དམག་ལ་རྒོལ་ཞིང་གཞུང་དཔོན་ཕུད་པའི་ཟིང་ཆ་སློང་སྐབས་ཕྱག་ཕྲེང་ཕྱོགས་ནི་ཛ་དྲག་ཆེས་ཆེ་ལ། མིང་གོ་ཁྲི་ལོ་དང་པོའི་སྐབས་ཏེ་སྤྱི་ལོ1912ལོར་དར་མ་ཨ་རྒྱས་ཞེས་པས་སྣེ་ཁྲིད་པའི་མི་ཆིག་སྟོང་ལྷག་ལི་ཐང་དགོན་དུ་ཡོང་སྟེ་ཟིང་འཁྲུག་བསླངས། སྐབས་དེའི་འབྲུ་དཔོན་ཁྲིན་ལེན་(陈廉)བྱ་བ་ལ་མེ་མདའ་བརྒྱབ་ཏེ་བཀྲོངས། ལི་ཐང་དུ་སྡོད་པའི་དམག་དཔོན་ཀུའུ་ཧྥུ་ཆིང་(顾复庆)བྱ་བ་ཡང་དམག་སྒར་ནས་བྲོས། སྔར་གྱི་ལི་ཐང་དཔོན་གྱི་གཞུང་ཁང་མེར་བསྲེགས།”ཞེས་བཀོད་ཡོད་པ་ལྟར་རོ།།  

     [15]《甘南藏族自治州概况》编写组编写《甘南藏族自治州概况》甘肃民族出版社P59

     [16]འདིའི་ཡབ་མེས་ནི་ཀ་ཅུའི་ཕྱོགས་ནས་ཡིན་ཞིང་། ཆིང་རྒྱལ་རབས་ཀྱི་མཇུག་ནས་བཟུང་དམག་སྲིད་ཀྱི་དབང་ཆ་ཇེ་ཆེར་སོང་སྟེ་མཐར་མཚོ་སྔོན་ཡོངས་དབང་དུ་བསྡུས། ཁོང་གི་དམག་ཤེད་ཀྱིས་དབང་བསྒྱུར་རྨང་གཞི་བྱས་ཏེ་ཐབས་ལམ་སྣ་ཚོགས་པའི་སྒོ་ནས་ཐོག་མར་མཚོ་སྔོན་ནི་དམིགས་གསལ་སྲིད་འཛིན་ས་ཁུལ་ཞིག་ཏུ་བཙུགས་པ་དང་དེ་ནས་རིམ་བཞིན་ཀན་སུའུ་ལས་ལོགས་སུ་བཀར་ཏེ་མཚོ་སྔོན་ཞིང་ཆེན་བཙུགས། མཱ་ཆི་ལས་འགན་ལས་བཟུར་རྗེས་ཁོང་གི་བུ་མཱ་པུའུ་ཧྥང་(马步芳)གིས་སྲིད་བཟུང་ཏེ་ནུབ་བྱང་གི་དམག་ཤེད་ཅན་ཆེས་བཙན་པོ་ཞིག་ཏུ་གྱུར་།

     [17]མཱ་དམག་ནི་དམག་ཤེད་ཅན་མཱ་ཆི་ཚང་གི་གཞུང་དམག་ལ་གོ་དགོས་ལ། ནམ་རྒྱུན་དམངས་ཁྲོད་དུ་མཱ་ཆི་ཚང་གི་དམག་སྟེ་རྒྱ་སྐད་དུ马家军ཟེར། གཞུང་གི་ཚད་ལྡན་གྱི་འབོད་སྟངས་ནི་ཉིང་ཧེ་དམག་ཟེར། རྒྱ་སྐད་དུ宁海军དང་མིང་ཡོངས་ལ西宁青海巡防军ཟེར་རོ།།

     [18]འདི་མན་དུ་ཡིག་ཚོགས་སྐྱུངས་ཕྱིར་མགོན་པོ་དོན་གྲུབ་ལ་ཡབ་ཚང་ཞེས་བྲི་བར་བྱའོ།།

     [19]ཁོང་གི་བྱིས་དུས་ཀྱི་མཚན་ལ་རྟ་མགྲིན་དབང་ཆེན་ཟེར་ཞིང་། ཁྲིར་བཀོད་རྗེས་མཚན་ལ་ཀུན་མཁྱེན་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། ཁོང་ཉིད་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པ་ཡིན་པས་རྩོམ་འདིར་བླ་བྲང་ཕྱོགས་ཀྱིས་འབོད་སྲོལ་ལྟར་ལྔ་པ་ཚང་ཞེས་དགོད་པར་བྱའོ།།

     [20]黄正清口述《黄正清与五世嘉木样》甘肃人民出版社出版1989年5月第一版P11

     [21]黄正清口述《黄正清与五世嘉木样》甘肃人民出版社出版1989年5月第一版P11

     [22]རྒྱ་ཞབས་དྲུང་སྐལ་བཟང་དཀོན་མཆོག་རྒྱ་མཚོས་མཛད། 《ཀུན་མཁྱེན་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར།》མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ12པའི་དཔར་ཐངས་དང་པོ། ཤོག་ངོས70ན་གསལ།

     [23]རྒྱ་ཞབས་དྲུང་སྐལ་བཟང་དཀོན་མཆོག་རྒྱ་མཚོས་མཛད། 《ཀུན་མཁྱེན་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར།》མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ12པའི་དཔར་ཐངས་དང་པོ། ཤོག་ངོས76ན་གསལ།

     [24]《甘南藏族自治州概况》编写组编写《甘南藏族自治州概况》甘肃民族出版社P60

     [25]དཔལ་མགོན་གྱིས་རྩོམ་སྒྲིག་བྱས། 《སྤང་ལྗོངས་མེ་ཏོག་འཁྲིགས་པའི་ལྡིང་ཁང》དུ་བཀོད་པའི་ཙ་ཡི་སྣ་ལོའི་བསྟོད་གླུ་ཞེས་པ་ལས་དྲངས། མི་རིགས་དཔེ་སྐྲུན་ཁང་། 2010ལོའི་པར་གཞི་དང་པོ། ཤོག་ངོས200ན་གསལ།

     [26]སྐུ་འབུམ་ཕྱོགས་ཀྱི་བོད་ཁྱིམ་ཞིག་ཏུ་སྐྱེས། ཆུང་དུས་གྲྭ་བ་བྱས། ཧེ་མིང་ལ马寿ཟེར། ཐོང་ཤི་དམར་ལྡིང་ནི་ཁོང་གི་མིང་དངོས་མ་ཡིན་པར་ཐོང་ཤི་ནི通司སྟེ་རྒྱ་སྐད་ཀྱི་སྐད་བསྒྱུར་བ་ཞེས་པའི་མིང་དེའི་སྒྲ་ཟུར་ཆག་པ་དང་། དམར་ལྡིང་ནི་ངོ་གདོང་དམར་པོ་ཡིན་པའི་ཆ་ནས་བཏགས། ཕྱིས་གྲྭ་པ་ལོག་ཏེ་མཱ་དམག་གི་སྐད་བསྒྱུར་བྱས། དེ་ནས་ཁ་ཆེའི་ཆོས་ལུགས་སུ་ཞུགས་ཤིང་མཱ་དམག་གི་དམག་དཔོན་ཆུང་ངུ་ཞིག་གི་འགན་ཁུར། བླ་བྲང་དུ་རྒྱལ་ཚབ་དབལ་མང་ཚང་དང་ཕྱག་མཛོད་ལིས་བརྩོན་འགྲུས་གཉིས་བར་འགལ་བ་བྱུང་སྐབས། ཐོང་ཤིས་དབྱེན་དཀྲུགས་ཏེ་མཱ་ཆི་ལ་བླ་བྲང་དུ་དམག་འདྲེན་དུ་བཅུག་པ་བཤད་མོད། དོན་དུ་མཱ་ཆི་ཡི་ཁ་གཡར་ས་ཙམ་ལས་སྔོན་ནས་དེའི་འཆར་གཞི་ཡོད་པ་འདྲ། དེའི་རྗེས་སུ་མཱ་དམག་བླ་བྲང་དགོན་ནང་དུ་གཏན་སྡོད་བྱས་ཏེ་ཐོང་ཤི་བཅའ་སྡོད་དམག་དཔུང་གི་སྤྱིའི་འགན་འཛིན་པ་བྱས།

     [27]འབྲེལ་ཡོད་ཡིག་ཆ་ལྟར་ན་སྐབས་དེར་ལྔ་པ་ཚང་གདན་འདྲེན་ཞུས་ཀྱང་ཕེབས་མི་འདུག་པས་དེ་ནི་ཡབ་ཚང་གིས་དོན་རྐྱེན་མི་ལེགས་པ་རེ་འབྱུང་བར་དོགས་ནས་གདན་མ་དྲངས་པར་མངོན།

     [28]黄正清《拉卜楞寺院与马麒斗争的经过》载《甘南文史资料选辑》(第三辑)1984年7月印P14

     [29]黄正清《拉卜楞寺院与马麒斗争的经过》载《甘南文史资料选辑》(第三辑)1984年7月印P16

     [30]འདི་ནི་སྐབས་དེར་མཱ་ཆི་གཞུང་གིས་མཚོ་སྔོན་གྱི་ཡུལ་ཕྱོགས་སོ་སོར་ལག་བསྟར་བྱེད་བཞིན་པའི་སྲིད་ཇུག་ཤིག་རེད།

     [31]甘肃省夏河县志编纂委员会编《夏河县志》甘肃文化出版社1999年10月第1版P58 “私备枪马,谋为不轨”

     [32]黄正清《拉卜楞寺院与马麒斗争的经过》载《甘南文史资料选辑》(第三辑)1984年7月印P18

     [33]མཱ་ཆི་ཚང་འདི་དང་ཡུན་རིང་ཁ་གཏད་དུ་ལངས་པས་འདི་ཉིད་མཱ་ཕྱོགས་ཀྱི་མགོ་གནོན་ཐབས་བྱེད་མཁན་ཞིག་རེད།

     [34]黄正清口述《黄正清与五世嘉木样》甘肃人民出版社出版1989年5月第一版P19

     [35]དཔལ་མགོན་གྱིས་རྩོམ་སྒྲིག་བྱས། 《སྤང་ལྗོངས་མེ་ཏོག་འཁྲིགས་པའི་ལྡིང་ཁང་།》དུ་བཀོད་པའི་ཙ་ཡུས་སྣ་ལོའི་བསྟོད་གླུ་ཞེས་པ་ལས་དྲངས། མི་རིགས་དཔེ་སྐྲུན་ཁང་། 2010ལོའི་པར་གཞི་དང་པོ། ཤོག་ངོས200ན་གསལ།

     [36][美]斯蒂芬妮•萨顿 著  李若虹 译《苦行孤旅:约瑟夫•F•洛克传》 上海辞书出版社2013年128

     [37]黄正清《黄正清与五世嘉木样》甘肃人民出版社出版1989年5月第一版P21

     [38][美]斯蒂芬妮•萨顿 著  李若虹 译《苦行孤旅:约瑟夫•F•洛克传》 上海辞书出版社2013年128

     [39]སྐབས་འདིར་ཀུན་མཁྱེན་རིན་པོ་ཆེ་ཉེན་ཡོལ་བྱ་ཡུལ་དང་དེའི་རྗེས་ཀྱི་འདུན་མ་བསྡུ་ས་སོགས་ཅོ་ནེའི་བྱང་རྒྱུད་ཀྱི་ས་ཁུལ་དག་ལ་གཏན་ཁེལ་བྱས་པ་ནི། ཅོ་ནེའི་བྱང་རྒྱུད་ཀྱི་ས་དམར་དགོན་པ་དང་། ཨ་འཁོར་བྲག་དཀར་དགོན། ཆས་པ་རྒྱལ་མཁར་དགོན། ཁྱ་དགེ་དགོན་པ་སོགས་དགོན་སྡེ་ཕལ་ཆེ་བ་བླ་བྲང་གི་དགོན་ལག་གམ་ཡང་ན་ཀུན་མཁྱེན་སྐུ་ཕྲེང་རིམ་བྱོན་དང་ཆོས་འབྲེལ་ཟབ་མོ་ཡོད་པ་ཤ་སྟག་ཡིན་པས་ཡུལ་དེ་དག་ཏུ་བླ་བྲང་དགོན་པར་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ་ཡོད་པ་དང་། ཡང་ན་སྐབས་དེའི་ཅོ་ནེ་ས་སྐྱོང་རྒྱལ་པོའི་མངའ་ཁོངས་ནི་སྲིད་འཛིན་ས་ཁུལ་གྱི་ངོས་ནས་བཤད་ན་ཟི་ལིང་མཁར་དང་འབྲེལ་བ་མེད་པས་ལྟོས་བཅས་ཀྱིས་བཤད་ན་མངའ་ཁོངས་བདེ་འཇགས་ཡིན་པ་དང་། གཞན་ཅོ་ནེའི་བྱང་རྒྱུད་ཀྱི་ཡུལ་ལུང་དག་ནི་བླ་བྲང་ཕྱོགས་དང་འདབས་འབྲེལ་ཡོད་པས། གནས་དེ་ནས་བླ་བྲང་གི་ཕྱོགས་གཏོགས་དགོན་ལྷ་སྡེ་དང་གཞན་འབྲེལ་ཡོད་ཡུལ་སྡེ་ཤོག་ཀ་དག་ལ་འབོད་སྐུལ་གཏོང་པ་དང་རྩ་འཛུགས་བྱེད་པ། ཕར་རྒོལ་དང་ཕྱིར་འཐེན་ཚང་མ་ལ་སྟབས་བདེ་ཡོད་པ་བཅས་ཀྱི་རྒྱུ་མཚན་ལ་རག་ལས་ཡོད་དོ།།

     [40][美]斯蒂芬妮•萨顿 著  李若虹 译《苦行孤旅:约瑟夫•F•洛克传》 上海辞书出版社2013年128

     [41]甘肃省夏河县志编纂委员会编《夏河县志》甘肃文化出版社1999年10月第1版P59

     [42]དཔྱད་ཡིག་ཁག་ཏུ་ཚོགས་འདུ་འདི་བསྡུ་བའི་དུས་ཚོད་གསལ་པོ་མ་བྱུང་མོད། ཨ་བློའི་ཕྱིར་དྲན་སོགས་ལ་གཞིག་ན་ཅོ་ནེའི་ས་དམར་དུ་ཚོགས་པ་དེས་གཞུང་ཕྱོགས་ལ་གཡོ་འགུལ་ཆེན་པོ་བཏང་བ་དང་། གཞུང་ནས་རྩད་གཅོད་བྱ་རྒྱུར་བརྡ་ཐོན་པས་ཡུལ་དམག་བསང་ཁོག་ཏུ་སོང་ནས་རྩད་གཅོད་ལ་སྒུག་ནས་བསྡད་ཚུལ་བཀོད་ཡོད་པར་བལྟས་ན། བསང་ཁོག་དོན་རྐྱེན་ནི་ཟླ8་པའི26ལ་བྱུང་པ་ཡིན་པས་ཟླ་བརྒྱད་པའི་ཟླ་འགོ་ཙམ་ཨེ་ཡིན་སྙམ་པ་འདུག་གོ།

     [43]ཞོན་ཞྰ་ཧྥུ་ཡིས་བརྩམས། 《ནུབ་བྱང་རྒྱང་སྐྱོད་ཀྱི་ལོ་རྒྱུས》(宣侠父著《西北远征记》藏译版)1984ལོའི་ཟླ12པའི་པར་གཞི་དང་པོ། ཤོག་ངོས162ན་གསལ།

     [44]གོང་གསལ་བླ་བྲང་དོན་རྐྱེན་གྱི་བརྒྱུད་རིམ་ཚན་པ་འདི་གཉིས་ཨ་ཕ་ཨ་བློའི་རང་རྣམ་ལ་གཞི་བྱས་ཏེ་བཀོད་པ་ཡིན།

     [45]ཞོན་ཞྰ་ཧྥུ་ཡིས་བརྩམས། 《ནུབ་བྱང་རྒྱང་སྐྱོད་ཀྱི་ལོ་རྒྱུས》(宣侠父著《西北远征记》藏译版)1984ལོའི་ཟླ12པའི་པར་གཞི་དང་པོ། ཤོག་ངོས162ན་གསལ།

     [46]ཞོན་ཞཱ་ཧྥུ་ནི་ཀྲེ་ཅིང་གི་མི་ཡིན་ལ། སྐབས་དེར་ཀན་སུའུ་ལུའུ་ཡུའུ་ཧྥིན་(刘郁芬)གྱི་དམག་སྡེ་སྲིད་དོན་སྡེ་ཁག་གི་ལས་ཀ་བ་རེད། ཧྭང་ཕུའུ་དམག་གི་སློབ་གྲྭའི་སྐབས་དང་པོའི་སློབ་མ་ཡིན་ལ། གསང་བའི་གུང་ཁྲན་ཏང་མི་ཞིག་ཀྱང་རེད།

     [47]ཞོན་ཞྰ་ཧྥུ་ཡིས་བརྩམས། 《ནུབ་བྱང་རྒྱང་སྐྱོད་ཀྱི་ལོ་རྒྱུས》(宣侠父著《西北远征记》藏译版)1984ལོའི་ཟླ12པའི་པར་གཞི་དང་པོ། ཤོག་ངོས233ན་གསལ། (宣侠父著《西北远征记》藏译版)

     [48]甘肃省夏河县志编纂委员会编《夏河县志》甘肃文化出版社1999年10月第1版P59

     [49]黄正清口述《黄正清与五世嘉木样》甘肃人民出版社出版1989年5月第一版P19

     [50]འདི་ནི《བསང་ཆུ་རྫོང་གི་ལོ་རྒྱུས་དེབ་ཐེར་རྒྱ་མཚོ》(《夏河县志》)ལྟར་བཀོད་པ་ཡིན་ལ། 《ཨ་བློའི་རང་རྣམ》དུ་ཟླ་6པར་ཞེས་ཚེས་གྲངས་མི་གསལ་ལ། བཀྲ་བཀྲ་ཡི་《འཇམ་དབྱངས་བཞད་པ་ཧོ་ཐོག་ཐུ་སྐུ་ཕྲེང་རིམ་བྱོན》བྱ་བར་ཟླ6པའི་ཚེས4ཉིན་དངོས་སུ་བླ་བྲང་དུ་ཕྱིར་ཕེབས་ཚུལ་བཀོད་འདུག་པ་དེ་ལུགས་རྙིང་སུ་བྱས་ན་ཏག་ཏག་སྤྱི་རྩིས་ཀྱི་ཟླ7པའི་ཚེས་2ལ་ཁེལ་འདུག་པས《བསང་ཆུ་རྫོང་གི་ལོ་རྒྱུས་དེབ་ཐེར་རྒྱ་མཚོ》ཡང་དག་པར་མཐོང་ངོ་།།

     [51]扎扎著《嘉木样呼图克图世系》甘肃民族出版社1998年9月第一版P420

     [52]甘肃省夏河县志编纂委员会编《夏河县志》甘肃文化出版社1999年10月第1版P61

     [53]རྒྱ་ཞབས་དྲུང་སྐལ་བཟང་དཀོན་མཆོག་རྒྱ་མཚོས་མཛད། 《ཀུན་མཁྱེན་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར།》མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ12པའི་དཔར་ཐངས་དང་པོ། ཤོག་ངོས 306ན་གསལ།

    རྩོམ་ཁུངས།   མཚོ་སྔོན་སྤྱི་ཚོགས་ཚན་རིག  2019ལོའི་དེབ2པ།



རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2019/11/8 བལྟ་ཀློག (18733)