ནག་པོ་དགུ་སྦྱོར་བེད་སྤྱོད་སྐབས་ཡིད་གཟབ་བྱ་དགོས་པ་བཅུ།
བོད་ལུགས་གསོ་རིག་གི་རིམས་སྲུང་སྨན་ནག་པོ་དགུ་སྦྱོར་ལ་གཉན་རིམས་སྲུང་བའི་ནུས་པ་ངེས་ཅན་ལྡན་པར་གཞུང་ཁག་ལས་གསུངས་ཤིང་།
དེ་ཡང་སྨན་འདི་ཁོ་ནས་རིམས་ནད་ཡོངས་སུ་འགོག་ཐུབ་པའི་ངེས་པ་མ་མཆིས་པས།
སྨན་འདི་དང་ལྷན་དུ་དེང་སྐབས་ནད་རིམས་འགོག་པའི་ཐབས་ལམ་དག་ཆ་ཚང་བར་བསྟེན་རྒྱུ་ནི་ཧ་ཅང་གལ་ཆེ།
སྨན་འདི་ཡང་དག་པར་བེད་སྤྱོད་གཏོང་སྟངས་དང་ཡིད་གཟབ་བྱ་དགོས་པའི་གནད་དོན་ཁག་ཅིག་ལ་གསལ་འགྲེལ་བྱ་རྒྱུ་གཤམ་གསལ་ལྟར་ཏེ།
༡ ཚད་ལྡན་གྱི་སྨན་ཉོ་དགོས།
དེ་ནི་སྨན་ཁང་ཁག་དང་ཚད་ལྡན་གྱི་བོད་སྨན་བཟོ་གྲྭ་ཁག་ནས་བཟོས་པའི་སྨན་ཉོ་དགོས།
དེའི་ཁྱད་ཆོས་ནི་སྤུས་ཚད་འགན་སྲུང་ཐུབ་པ་མ་ཟད།
སྨན་དང་མཉམ་དུ་མ་མཐར་གསལ་བཤད་ཡི་གེ་ཡོད་ལ།
དེའི་སྟེང་སྨན་བཟོ་གྲྭ་གང་ནས་བཟོས་ཡོད་མེད་དང་བེད་སྤྱོད་བྱ་ཐབས་སོགས་བྲིས་ཡོད།
༢ ངེས་པར་དུ་སྨན་གྱི་བེད་སྤྱོད་བྱ་ཐབས་གསལ་བཤད་ཡི་གེ་གཞིར་བཟུང་ནས་བེད་སྤྱོད་གནང་དགོས།
༣ མིག་སྔར་ཐོན་སྐྱེད་བྱས་པའི་ནག་པོ་དགུ་སྦྱོར་ནི་སྨན་ཐུམ་བུར་སྒྲིལ་ནས་སྐེ་ལ་བཏགས་ཏེ་བེད་སྤྱོད་གཏོང་དགོས་པ་ཁོ་ན་ཡིན།
༤ ནག་པོ་དགུ་སྦྱོར་ཁོང་སྨན་དུ་གཏན་ནས་གཏོང་མི་རུང་།
སྨན་གྱི་སྦྱོར་བའི་ནང་བཙན་དུག་སོགས་དུག་ཤས་ཅན་གྱི་སྨན་ལྡན་པས་ཁ་ལ་མཆོད་ན་དུག་ཕོག་པ་སོགས་ཀྱི་ཉེན་ཁ་ཆེན་པོ་ཡོད།
༥ སྦྲུམ་མ་དང་བྱིས་པ་ལོ་ཆུང་རིགས་ལ་སྨན་འདི་བེད་སྤྱོད་མ་བཏང་ན་བཟང་།
༦ སྐེ་ལ་འདོགས་པ་དང་དྲི་མ་སྣོམས་པ་སོགས་ཀྱི་སྐབས་མི་འཕྲོད་པའི་གནས་ཚུལ་ཡོད་ཚེ་ལམ་སེང་བེད་སྤྱོད་གཏོང་མཚམས་འཇོག་དགོས།
༧
ནག་པོ་དགུ་སྦྱོར་སྐེ་ལ་བཏགས་ནས་སྨན་ཐུམ་གྱི་ཕྱི་ནས་ཉིན་རེར་ཐེངས་༢ནས་༣ཙམ་བར་དྲི་སྣོམས་དགོས་པ་དང་།
དེ་ཡང་རང་རང་གི་ལུས་པོའི་གནས་ཚུལ་ལ་གཞིགས་ནས་འཕྲོད་མིན་སོགས་ལ་དོ་སྣང་བྱ་དགོས།
༨
སྐེ་ལ་འདོགས་སྐབས་ཐད་ཀར་བྲང་གི་ཤ་པགས་ལ་ཐུག་ན་པགས་པར་མི་འཕྲོད་པའི་གནས་ཚུལ་སོགས་འབྱུང་སྲིད་པས།
རབ་ལ་བྱུང་ན་སྟོད་གོས་ནང་མའི་སྟེང་ཙམ་ལ་བཞག་ན་འཚམས།
༩
ནག་པོ་དགུ་སྦྱོར་ཉར་ཚགས་བྱ་སྐབས་སྨན་ཐུམ་ཁ་བརྒྱབ་ནས་འགྱིག་ཤོག་སོགས་ཀྱིས་བཏུམས་རྗེས་སྐམ་ས་དང་བྱིས་པས་མ་སྙོབས་པའི་མཐོ་སར་འཇོག་དགོས།
༡༠ ནག་པོ་དགུ་སྦྱོར་ཁོ་ན་ཙམ་མིན་པར།
དེང་སྐབས་ཀྱི་ནད་རིམས་ལ་དམིགས་པའི་རིམས་འགོག་གི་ཐབས་ལམ་སྟེ།
ཕྱི་ལ་མི་འགྲོ་བ་དང་རྟག་ཏུ་ལག་པ་བཀྲུ་བ།
ཁ་རས་རྒྱག་པ་སོགས་ཀྱི་ཐབས་ལམ་ཁག་ངེས་པར་དུ་དང་ལེན་བྱ་དགོས།