མཚོ་སྔོན་ཚང་ལ་ཕུལ་བའི་སེམས་འཕྲིན།


མཚོ་སྔོན་ཚང་ལ་ཕུལ་བའི་སེམས་འཕྲིན།

                              ཨར་མའི་སྨོན་ལམ།
འཇིགས་རུང་གི་ནད་དུག་ལས་ཐར་བར་རྟེན་འབྲེལ་ཞུ།
ཡིན་ནའང་། ནང་མི་སྤུན་ཟླ་ཐམས་ཅད།
ཁྱེད་ཚོས་བཀག་འགོག་མེད་པར་གང་སར་གཏོང་བཞིན་པའི་སྒང་རེད།
ང་ཚོས་འདང་རེ་བརྒྱབ་་ན་ད་དུང་ཅུང་སྔ་དྲགས་སོང་སྙམ།

པྲོག་རིམས་འགོས་ནད་འདི་ཛ་དྲག་ཆེ་སྟབས།
སྣང་མེད་དུ་འཇོག་མི་རུང་ལ།
ཁྱིམ་མཚེས་ཕར་ཚུར་དང་ས་ཆ་སོ་སོའི་གནས་ཚུལ་མིག་མཐོང་ལག་ཟིན་ཡིན་ཕྱིར།
ཤེས་བཞིན་དུ་སྣང་མེད་མི་གཏོང་རོགས་ཞུ།

མི་ལ་སེམས་ཤིག་ཡོད་ན།
རང་གཞན་ཀུན་ལ་བསམ་བློ་གཏོང་རན་རེད།
ཚེ་སྲོག་ལ་གཅེས་སྤྲས་བྱེད་པའི་ཆེད་དུ།
ཐམས་ཅད་ཀྱིས་འགྲོ་འོང་ཉུང་ཉུང་བྱེད་དགོས་ཤིང་།
འདུ་འཛོམས་དེ་ལས་ཀྱང་ཉུང་དགོས་སོ།།

རབ་ཡིན་ན་གང་སར་མི་འཁྱམ་པར་ནང་དུ་འདུག་དགོས།
གལ་ཏེ་འགྲོ་དགོས་ཚེ་ཁ་ཐུམ་རྒྱག་པ་དང་ཕྱིར་སླེབས་སྐབས་དུག་སེལ་གནང་རྒྱུ་དང་ལག་པ་བཀྲུ་རྒྱུ་བརྗེད་མི་རུང་།

ལྷ་རྗེ་ཆེད་མཁས་པ་དང་ལྷག་བསམ་ཅན་གྱི་མི་བུ་དག་གི་མཛུབ་སྟོན་གང་ཡོད་ལ་འབད་པ་དང་ཡིད་ཆེས་བྱེད་དགོས།
ཁྱེད་ཚོས་རང་གཞན་ཀུན་གྱི་བདེ་ཐང་ལ་ངེས་དོན་གྱིས་ཡིད་གཟབ་གནང་བར་རེ་ཞུ་ཡིན།

མཚོ་སྔོན་ལགས།
འདི་ནི་མི་བུ་ཆུང་ཆུང་ཞིག་གི་རེ་བ་ཡིན།
འདི་ནི་གྲྭ་རྐྱང་དཀྱུས་མ་ཞིག་གི་ལྷག་བསམ་ཡིན།
༢༠༢༠.༢.༢༣ཉིན་རང་ཤག་རིག་པ་འབྱུང་བའི་ལྡིང་ཁང་ནས།

རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2020/2/26 བལྟ་ཀློག (767)