རྗེས་དྲན་དད་པའི་མཆོད་དབྱངས།

རྗེས་དྲན་དད་པའི་མཆོད་དབྱངས།

ཀ་ར།    དྲེའུ་དཀར།

འོད་ཀྱི་དད་པ་འཕྲོས་པའི་གླིང་ཀ་རུ།།
སྣ་ཚོགས་ཆོས་ཀྱི་སྦས་དོན་ཟབ་མོ་ཆེ།།
གངྒའི་རྒྱུན་ལྟར་མི་ནུབ་སྲོལ་མཛད་པའི།།
མཚུངས་མེད་བླ་མ་སླར་ཡང་རྗེས་སུ་དྲན།།


འཇིགས་པ་བཞི་བྲལ་ངོ་བོ་ཆོས་ཀྱི་སྐུ།།
སྤྱོད་པ་རྨད་བྱུང་ངོ་མཚར་འབར་བའི་འོད།།
ཨེ་ཝཾ་ཟུང་འཇུག་རྣམ་དག་དད་རྟེན་པའི།།
མཚུངས་མེད་བླ་མ་སླར་ཡང་རྗེས་སུ་དྲན།།


ཕུལ་བྱུང་མཁྱེན་པ་སྟོང་གི་རྣམ་དཔྱོད་དང་།།
བརྩོན་འགྲུས་ཤེད་ཀྱི་དཔུང་བ་ཟུང་འབྲེལ་གྱིས།།
དོན་གཉིས་ཁུར་དུ་ཐེག་པའི་སྐས་ཐེམ་ལ།།
བགྲོད་པའི་ཚུལ་རྣམས་ཐོས་པས་དགའ་བ་སྐྱེས།།


བྱམས་བརྩེ་ཟུང་འབྲེལ་བསླུ་མེད་གདམས་པ་ཡིས།།
སྐྱེ་དགུའི་འགྲོ་རྣམས་གདུལ་བྱར་འདྲེན་པའི་ཐུགས།།
ཞི་བ་བྱམས་ཀྱི་ཏིང་འཛིན་ལ་སྔས་པའིི།།
འདྲེན་མཆོག་བླ་མ་སླར་ཡང་རྗེས་སུ་དྲན།།


མཚུངས་མེད་མགོན་པོ་ཆོས་ཀྱི་ཤིང་རྟ་པ།།
དགོངས་པ་དབྱིངས་སུ་རྗོགས་པའི་སྣང་ཚུལ་ལ།།
མ་དག་སྐྱེ་བོ་དག་པ་བྱང་སེམས་ཀྱིས།།
གདུང་བའི་ངུ་ཤུམ་དད་པའི་དབྱངས་སུ་བགྱིས།།


མ་རུངས་བདུད་ཀྱི་ལྷ་མོའི་རལ་བ་འབྲེག།
མི་བསྲུན་ཁྲོས་པའི་གར་ལ་རྔམ་གྱིས་བརྗིད།།
འགྲན་མེད་ངེས་པ་དོན་གྱིས་ཞི་བའི་གར།།
མཚུངས་མེད་བླ་མ་ཁྱེད་ཀྱིས་བདག་སྐྱོངས་ཤིག།

ཅེས་པ་འདི་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན༧ཆོས་རྗེ་བླ་མ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་རྫོགས་ནས་བགྲང་བྱ་བཅུ་དྲུག་ལོན་པའི་རྗེས་དྲན་དུ་ཕུལ། 

ངོ་སྤྲོད་ཉུང་ངུ།

ཕ་ཡུལ་རྫ་ཆུ་ཁའི་ནང་ཚན་ཁྲོམ་རྫ་ལྷ་སྡེ་ནས་ཡིན།

དངོས་མིང་བསྟན་འཛིན་གྲགས་པ།  ཨང་གྲངས།    13548405233


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2020/3/24 བལྟ་ཀློག (3249)