རྫོགས་ཆེན་གྲོང་རྡལ་དུ་མཆིན་ནད་བརྟག་བཤེར་དང་སྔོན་འགོག་གི་བྱེད་སྒོ་སྤེལ།

     དབྱར་དུས་ཀྱི་བོད་ཡུལ་མཐོ་སྒང་ནི་ནམ་མཁའ་གཡའ་དག་ཅིང་མེ་ཏོག་རྣམ་པར་བཀྲ་ལ།   ཟླ་བདུན་པའི་གནས་མཆོག་རྫོགས་ཆེན་ནི་སྤྲིན་དཀར་ལང་ལོང་རྒྱུ་ཞིང་དགུང་སྔོན་རབ་ཏུ་སྔོ་བའི་མཛེས་ལྗོངས་ཤིག་ཡིན།

      སྐབས་འདིར། སྐལ་བཟང་ཀུན་ཕན་ཐེབས་རྩ་ཚོགས་པས་དམངས་སྒོར་ཁྲི་སུམ་བརྒྱ་མ་ཟིན་ཙམ་གྱི་འགྲོ་སོང་བཏང་ནས་རྫོགས་ཆེན་གྲོང་རྡལ་གྱི་ལོ་ཚོད་རན་པའི་མི་དམངས་ཆིག་ཁྲི་ལྷག་ལ་རིན་མེད་སྙིང་རྗེའི་སྒོས་མཆིན་ནད་ལྡེམ་བུ་བརྟག་བཤེར་དང་མཆིན་ནད་འགོག་སྨན་བརྒྱག་ཐུབ་པ་བྱུང་ཞིང་། ཐེངས་འདིའི་བྱ་འགུལ་སྤེལ་ཡུལ་རྫོགས་ཆེན་གྲོང་རྡལ་མ་ཟད་སྡེ་དགེ་ཨ་ཕྱུག་དང་རྫ་ཁོག མཛེས་པ། ལམ་མདོ། དུང་མདའ། ཡ་དིང་། ཡིད་ལྷུང་། གླིང་ཚང་། རྫ་ཆུ་ཁ། ཇོ་བོ། སྟག་དགོན་སོགས་ཕྱོགས་ཉེ་དག་དང་ཡུལ་ཚོར་གཏན་སྡོད་ཀྱི་རྒྱ་རིགས་བཅས་མི་དམངས་ཁྲི་སྟོང་ལ་རིན་མེད་མཆིན་ནད་ལྡེམ་བུ་བརྟག་བཤེར་དང་འགོག་སྨན་བརྒྱག་ཐུབ་པར་བྱུང་བས་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་གནས་ལ་ཕན་ངེས་ཀྱི་ཞབས་ཕྱི་ལེགས་འགྲུབ་བྱུང་སོང་།

     རྫོགས་ཆེན་གྲོང་རྡལ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་གི་མངའ་ཁོངས་སུ་ཆགས་ཤིང་། ཆ་སྙོམས་ཀྱིས་ས་མགོ་མཐོ་ཚད་སྨི4325ཡོད་ལ། གནས་འདི་ནི་རི་བོ་བརྗིད་ཆགས་ལ་ཆུ་མོ་དྭངས་ཤིང་གཙང་བ་དང་། གནས་ལ་ལོ་རྒྱུས་དང་བྱིན་རླབས་ལྡན་ཞིང་རང་བྱུང་གི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡིན།

       རྫོགས་ཆེན་གྲོང་རྡལ་གྱི་སྡོད་དམངས་ཕལ་ཆེ་བ་བོད་རིགས་ཡིན་ཞིང་ཕྱུགས་ལས་གཙོ་བོར་བརྟེན་བཞིན་ཡོད། གོང་རིམ་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ད་སྔ་ཡུལ་འདིའི་འཛུགས་སྐྲུན་དང་འབྲོག་པའི་འཚོ་བ་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད། འོན་ཀྱང་གྲོང་ཁྱེར་དང་ཁད་རིང་བའི་ས་བབ་ཀྱི་དབང་དང་དུས་ཚིགས་བཞིན་རུ་སྤོར་བའི་འབྲོག་པའི་འཚོ་བའི་གོམས་སྲོལ་གྱི་དབང་གིས་གཙང་སྦྲ་དང་འཕྲོད་བསྟེན་ཚད་ལྡན་མ་ལོང་པའི་རྐྱེན་གྱིས་འགོས་ནད་རིགས་འགའ་དང་ལྷག་པར་དུ་མཆིན་ནད་ལྡེམ་བུའི་འགོས་ཚད་ཧ་ཅང་མཐོ།

      མཁྱེན་ལྡན་མ་ལྕམ་རིག་འཛིན་དབང་མོ་ལགས་ཀྱིས་ཉེ་བའི་ལོ་འགའི་རིང་དངོས་ཤུགས་བརྒྱུད་གསུམ་གྱི་ཐབས་ལམ་སྣ་ཚོགས་པའི་སྒོ་ནས་བྱམས་བརྩེའི་ཉིན་བྱེད་ཀྱི་འོད་སྣང་སྤྲོ་བའི་དམངས་ཕན་སྙིང་རྗེའི་ཕྱག་ལས་མང་པོ་གནང་དང་གནང་མུས་ལས། ཐེངས་འདིར་སླར་ཡང་པེ་ཅིན་སྐལ་བཟང་ཀུན་ཕན་ཐེབས་རྩ་ཚོགས་པ་དང་ཟུང་འབྲེལ་གྱིས་རྫོགས་ཆེན་གྲོལ་རྡལ་དུ་མཆིན་ནད་ལྡེམ་བུ་བརྟག་བཤེར་དང་མཆིན་ནད་འགོག་སྨན་རྒྱག་པའི་ཚེ་སྲོག་ཉེན་སྲུང་གི་ལས་ལ་ནུས་ཤུགས་ཡོད་དགུ་འདོན་བཞིན་འདུག

      པེ་ཅིན་སྐལ་བཟང་ཀུན་ཕན་ཐེབས་རྩ་ཚོགས་པས་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་འགོ་ཁྲིད། ལས་མི་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་རྒྱབ་སྐྱོར་འོག མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་ཐོག་མར་བསྐྱོད་དེ། མགོ་ལོག་ཁུལ་མི་དམངས་སྨན་ཁང་དུ་རྨ་སྟོད་རྫོང་གི་ལིང་ཏོག་ནད་པ་ལྔ་བཅུ་ལྷག་ལ་གཤགས་བཅོས་བྱས། པེ་ཅིན་སྐལ་བཟང་སྤྱི་ཕན་ཐེབས་རྩ་ཚོགས་པའི་དྲུང་ཡིག་ཆེན་མོ་ཀྲང་ཀྲི་ཁྲའོ་ཡིས་དམུས་ལོང་སེལ་བའི་མཛད་སྒོའི་རྗེས་སུ་བཤད་རྒྱུར། ནད་པར་གཤགས་བཅོས་བྱས་ཏེ་མིག་སྟེང་གི་སེང་རས་བླངས་རྗེས། བོད་རིགས་རྒན་པ་ཞིག་གིས་རྒྱ་སྐད་འཁྱོངས་མ་འཁྱོངས་ཀྱིས་ངས་མིག་གིས་མཐོང་སོང་ཞེས་བཤད། གནས་ཚུལ་དེ་མཐོང་རྗེས་བདེ་སྐྱིད་དང་འགན་འཁྲིའི་ཚོར་བ་ཞིག་རང་དབང་མེད་པར་སྐྱེས་སོང་། དེས་མཐོ་སྒང་དང་དབུལ་ཕོངས་ས་ཁུལ་ལ་མུ་མཐུད་དུ་དགེ་སྒྲུབ་རོགས་སྐྱོར་བྱེད་པའི་འདུན་པ་ཇེ་བརྟན་དུ་བཏང་།

     2020ལོའི་ཟླ1པོར། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ལས་ཡུལ་དང་པོའི་སྨན་པར་ཁ་ཐུམ་ཚར་པའི་གནས་ཚུལ་ཚབས་ཆེན་ལ་འཕྲད། སྐབས་དེར་སྨན་བཅོས་དངོས་རྫས་ཧ་ཅང་དཀོན་པའི་གནས་བབ་འོག པེ་ཅིན་སྐལ་བཟང་སྤྱི་ཕན་ཐེབས་རྩ་ཚོགས་པས་ནུས་ཤུགས་ཡོད་རྒུས་ཐོན་ཁུངས་ཡོད་ཚད་བེད་སྤྱད་དེ། ལྷོ་ཁོ་རེ་ཡ་ནས་མ་དངུལ་ཉིས་འབུམ་ཆིག་ཁྲི་བཏང་ནས་ཁ་ཐུམ་KF95ཆིག་ཁྲི་ཉོས་ཏེ་མྱུར་དུ་ཝུའུ་ཧན་དང་དར་རྩེ་མདོ། སེར་ཤུལ། རྟའུ། ཏིན་ཀྲིག་བཅས་ཀྱི་རིམས་འགོག་ཡུལ་དངོས་ལ་ཞལ་འདེབས་སུ་ཕུལ། དེ་བཞིན་སྔ་གཞུག་ཏུ་སྐལ་བཟང་ཀུན་ཕན་ཐེབས་རྩ་ཚོགས་པས་དམངས་ཕན་གྱི་བྱ་འགུལ་རིམ་པ་སྣ་ཚོགས་སྤེལ་མྱོང་བ་ཡིན་ལ།

      ཐེངས་འདིར་སླར་ཡང་སྡེ་དགེ་རྫོང་རྫོགས་ཆེན་གྲོང་རྡལ་དུ་ཡོང་ནས། མཆིན་ནད་ལྡེམ་བུ་བརྟག་བཤེར་དང་འགོག་སྨན་རྒྱག་པའི་དགེ་སྒྲུབ་ཞལ་འདེབས་ཕུལ་བའི་བྱེད་སྒོ་སྤེལ་བ་མ་ཟད། སྡེ་དགེ་རྫོང་གི་འབྲེལ་ཡོད་འགོ་ཁྲིད་དང་སྡེ་དགེ་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ། སྡེ་དགེ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས། རྫོགས་ཆེན་གྲོང་རྡལ་འཕྲོད་བསྟེན་ཁང་བཅས་ཀྱི་རྒྱབ་སྐྱོར་ཆེན་པོ་ཐོབ། གཞན་ལ་དགེ་བ་སྒྲུབ་ན། བསོད་ནམས་རང་ལ་འཁོར་ཞེས་པ་ནང་བཞིན། སྐལ་བཟང་མེ་ཏོག་བཞད་པའི་འཇིག་རྟེན་འདིར་མི་ལ་བརྩེ་བས་ཁེངས་ཤིང་། སེམས་ཅན་ཐམས་ཅད་བདེ་སྐྱིད་དཔལ་ལ་རོལ་བར་ཤོག

མཆིན་ནད་ཀྱི་ཉེན་ཁ།

རིག་འཛིན་དབང་མོ།

      འཛམ་གླིང་འཕྲོད་བསྟེན་ཚོགས་པ་སྟེ་ WHO ཡིས་༢༠༡༨ལོར་སྤྱི་བསྡོམས་བྱས་པ་ལྟར་ན། འཛམ་གླིང་སྤྱི་ཡོངས་ལ་མཆིན་ཚད་ཁ་བའི་(hepatitis B virus 乙肝病毒)འགོ་ནད་ཕོགས་ཡོད་པའི་མི་དུང་ཕྱུར་གསུམ་མ་ཟིན་ཙམ་ཡོད་ལ། ལོ་རེར་མི་ཁྲི་བདུན་ཅུ་དོན་བརྒྱད་ཙམ་གྱི་ཚེ་སྲོག་འགོ་ནད་དེས་འཕྲོག་བཞིན་ཡོད་པ་དང་། སྤྱི་ཡོངས་ནས་ནད་འབུ་རང་བཞིན་ཅན་གྱི་མཆིན་ནད་ནི་འགྲོ་བ་མིའི་ཚེ་སྲོག་འཇོམས་བྱེད་ཀྱི་འཆི་རྐྱེན་ཨང་བདུན་པར་སླེབས་ཡོད་པར་བཤད།
དེ་ལས་ཀྲུང་གོའི་རྒྱལ་ཁབ་ནི་འཛམ་གླིང་རྒྱལ་ཁབ་དག་ལས་མཆིན་ནད་ཁ་བའི་ནད་པ་ཆེས་མང་བའི་རྒྱལ་ཁབ་ཨང་དང་པོར་ངོས་བཟུང་བ་དང་། ད་ལྟའི་ཆར་མི་ཁྲི་དགུ་སྟོང་ལྷག་ལ་ནད་འབུ་དེ་འགོས་ཟིན་པ་མ་ཚད། ལོ་རེར་མཆིན་ཚད་ཁ་བའི་འགོ་ནད་ཀྱིས་རྐྱེན་པའི་མཆིན་པ་སྲ་འགྱུར་དང་མཆིན་པ་ངན་སྐྲན་སོགས་སུ་གྱུར་ནས་མི་ཁྲི་སུམ་བཅུ་ཙམ་འཆི་ལམ་དུ་གཏོང་བཞིན་ཡོད།

     དེ་བཞིན་༢༠༡༧ལོར་མི་ཁྲི་བརྒྱ་ཙམ་དང་༢༠༡༨ལོར་མི་ཁྲི་བརྒྱ་དང་ཉེར་གཉིས་ཙམ་ལ་ནད་དུག་དེ་གསར་དུ་འགོས་ཟིན་པའི་ཤེས་རྟོགས་བྱུང་ཡོད་པས་རང་རྒྱལ་གྱི་འགོ་ཚབས་ཆེ་བའི་འགོ་ནད་རིགས་ལས་ཨང་གསུམ་པའི་གྲས་སུ་བཞག རྒྱུ་མཚན་དེ་དག་གིས་འུ་ཅག་བོད་ཁུལ་ལའང་ནད་དུག་དེ་འགོ་བའི་ཉེན་ཚབས་ཤིན་ཏུ་ཆེ་བ་ཤེས་རྟོགས་ཐུབ་པ་མ་ཟད། ཉིན་འདི་དག་གི་རིང་དངོས་སུ་མི་གྲངས་སྟོང་ཕྲག་ཁ་ཤས་ལ་བརྟགས་དཔྱད་བྱ་སྐབས་ས་ཆ་འདིར་ནད་འབུ་དེ་འགོག་ནུས་ཡོད་པའི་མི་སྟོང་ཆའི་གཅིག་གཉིས་ཙམ་ལས་མེད་པ་མཐོང་བས། དངོས་ཡོད་གནས་ཚུལ་འདི་ལ་བརྟེན་ཏེ་རྗེས་སུ་དཔག་ན་བོད་ཁུལ་ཡོངས་ལ་ནད་དུག་དེ་འགོ་བར་ཉེན་ཚབས་ཤིན་ཏུ་ཆེ་བའི་གནས་སྟངས་གསལ་པོ་ཆགས་འདུག ནད་དེ་སུ་ཞིག་ལ་འགོས་རྗེས་རྩ་བ་ནས་འཇོམས་ཐུབ་པའི་འཛམ་གླིང་ཡོངས་གྲགས་ཀྱི་སྨན་ད་ལྟའི་ཆར་བྱུང་མྱོང་མེད་ནའང་།

     སྟབས་ལེགས་པ་ཞིག་ལ་ནད་འབུ་དེ་མ་འགོས་སྔོན་ནད་འགོག་གི་རིམས་རྩི་འདེབས་པའམ་འགོག་སྨན་ནུས་ལྡན་རྒྱག་ཏུ་ཡོད་པས་དེ་དོན་ཀུན་གྱིས་ཅི་ནུས་ཀྱིས་ཡོངས་ཁྱབ་ཏུ་བརྒྱུད་བསྒྲགས་བྱས་ཏེ་ཚང་མར་ཤེས་སུ་འཇུག་དགོས་པ་མ་ཟད། འགོག་སྨན་རྒྱག་རྒྱུར་མཐོང་ཆེན་བྱས་ནས་འཐུས་ཤོར་མི་གཏོང་བར་འགོག་སྨན་རྒྱག་རྒྱུར་འབད་དགོས།

     མི་སུ་ཞིག་ལ་མཆིན་ནད་ཁ་བའི་འགོག་ནུས་མེད་ན་མི་དེའི་མི་ཚེ་ཧྲིལ་བོར་ནད་འབུ་དེའི་འཇིགས་པ་དང་བཅས་ཕྱིར། ང་ཚོ་མཉམ་རུབ་ཀྱིས་འཇིགས་ཉེན་དེ་ལས་གྲོལ་ཐབས་ལ་འབད་དེ་ཚེ་སྲོག་ལ་སྲུང་སྐྱོབ་ཅི་ནུས་བྱ་འོས།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2020/7/21 བལྟ་ཀློག (6805)