གཏོར་མའི་དབྱེ་བ་དང་མཚོན་དོན་གྱི་ཁྱད་ཆོས་བཤད་པ།

གཏོར་མའི་དབྱེ་བ་དང་མཚོན་དོན་གྱི་ཁྱད་ཆོས་བཤད་པ།


      གཏོར་མའི་དབྱེ་བ་ལ་ཀུན་མཁྱེན་འཇམ་དབྱངས་བཞད་པ་མཆོག་གིས། གཏོར་མ་ལ་ཕྱིའི་གཏོར་མ། ནང་གི་གཏོར་མ། གསང་བའི་གཏོར་མ། བླ་ན་མེད་པའི་གཏོར་མའམ་དེ་ཁོ་ན་ཉིད་ཀྱི་གཏོར་མ་བཅས་བཞི་དང་། རྗེ་དགེ་འདུན་གྲུབ་ཀྱིས། ཕྱིའི་གཏོར་མ། ནང་གི་གཏོར་མ། གསང་བའི་གཏོར་མ། བསམ་གཏན་གྱི་གཏོར་མ། མཚོན་བྱེད་ཀྱི་གཏོར་མ། དེ་ཁོ་ན་ཉིད་ཀྱི་གཏོར་མ་སྟེ་དྲུག་ཏུ་དབྱེ་ཡོད། ཕྱིའི་གཏོར་མ་ནི་རྩ་བ་ལྔ་དང་། འབྲུ་ལྔ། སྨན་ལྔ། ཁུར་བ་དང་ཟན་སོགས་ཅི་རིགས་ལས་གྲུབ་པ་ཡིན། ཕག་རྡོར་གོས་སྔོན་ཅན་གྱི་ཆོ་ག་ལས། རྩ་བ་ལྔ་དང་ཡན་ལག་ལྔ།། འབྲུ་དང་ཤིང་ཏོག་སྨན་རྣམས་དང་།། ཆག་ཐུག་ཁུར་བ་ལ་སོགས་པ། ཞེས་པ་ནས། དེ་དག་ཐམས་ཅད་ཕྱིའི་ཡིན་ནོ།། ནང་གི་གཏོར་མ་ནི་ནང་མཆོད་བདུད་རྩིར་བྱིན་རླབས་པའི་མཐུ་ལས་ཏིང་ངེ་འཛིན་གྱིས་ངང་ནས་སྙིང་གའི་ལྷ་ལ་འབུལ་དགོས་ཏེ། ཕག་རྡོར་གོས་སྔོན་ཅན་གྱི་ཆོ་ག་ལས། ནང་གི་སྙིང་ཀའི་ལྷ་རྣམས་ལ།། གཏོར་མ་ཟས་རྣམས་ཡིན་པས་ན།། བདུད་རྩིར་བྱིན་བརླབས་བྱས་ནས་ནི།། ལྷ་ལ་ཏིང་ངེ་འཛིན་གྱིས་དབུལ།། ཞེས་གསུངས། ངེས་པ་དོན་གྱི་དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་ཐུགས་དགྱེས་པར་བྱེད་པའི་བྱང་སེམས་དཀར་དམར་གྱི་རྒྱུ་ལས་བྱས་པའི་གཏོར་མ་ནི་གསང་བའི་གཏོར་མ་ཡིན། འདི་ནི་གཙོ་བོ་ལྷ་ཡབ་ཡུམ་གྱི་བདེ་སྟོང་དབྱེར་མི་བྱེད་པའི་སྦྱོར་བ་ལས་བྱུང་བ་ཡིན་ལ། འདིའི་ནང་དོན་ནི་ཤིན་ཏུ་ནས་གསང་བ་ཡིན་པས་འདིར་བཤད་ན་གསང་བ་བསྒྲགས་པའི་ཉེས་པ་འབྱུང་སྲིད་པས་གསལ་བོར་བཀོད་མེད།

    བླ་ན་མེད་པའི་གཏོར་མའམ་དེ་ཁོ་ན་ཉིད་ཀྱི་གཏོར་མ་ནི། ཐུགས་ལྷན་གཅིག་སྐྱེས་པའི་ཡེ་ཤེས་ཀྱི་རོལ་བ་ལས་བྱུང་བའི་བདེ་བ་དང་། བདེན་འཛིན་དང་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་བ་སྟེ། དེ་གཉིས་དབྱེ་བ་མེད་པར་དབྱེར་མེད་དུ་སྦྱོར་བའི་ཏིང་ངེ་འཛིན་དེའི་ངང་ལ་རྩེ་གཅིག་ཏུ་འཇོག་པ་ལ་ཟེར། འདི་ལ་ནད་གདོན་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བའི་ཆེད་དུ་ཞི་བའི་ལས་འགྲུབ་བྱེད་ཀྱི་གཏོར་མ། ཚེ་དང་བསོད་ནམས་ཁ་རྗེ་དབང་ཐང་རླུང་རྟ་དར་བ་དང་། རྒྱུ་ནོར་ལོངས་སྤྱོད།དཔལ་འབྱོར། རིགས་རྒྱུད། ཤེས་རབ་རྒྱས་ཆེད་དུ་འབུལ་རྒྱུ་རྒྱས་པའི་གཏོར་མ། མཛད་པ་དང་འཕྲིན་ལས། དབང་སྡུད། ཁམས་གསུམ་སྣོད་བཅུད་ལེགས་ཚོགས་མ་ལུས་པ་ཐམས་ཅད་དབང་དུ་བསྡུ་བྱེད་དབང་གི་གཏོར་མ། དགྲ་བགེགས་གནོད་བྱེད་མ་རུང་བ་ཐམས་ཅད་ཚར་གཅོད་པར་བྱེད་པ་དྲག་པོའི་གཏོར་མ་བཅས་ཡོད།

    ཡང་གཏོར་མ་ལ་དབྱེ་བ་མི་འདྲ་བ་དུ་མ་ཡོད་དེ། ལྷ་བཤོས། ཡི་དམ་གཏོར་མ། ཆོས་སྐྱོང་གཏོར་མ། གཞི་བདག་གཏོར་མ། བགེགས་གཏོར། ཟོར་གཏོར། འབྱུང་བཞི་གཏོར་མ། གཏོར་མ་ཆ་བཞི། བརྒྱ་རྩ་གཏོར་མ་བཅས་སོ།།

    ལྷ་བཤོས་ནི། ཡར་དཀོན་མཆོག་ལ་འབུལ་རྒྱུའི་གཏོར་མ་སྟེ། ཕར་ཕྱིན་དྲུག་གི་རང་བཞིན་ལྟ་བུ་མཚོན་དགོས་གསུངས། སྦྱིན་པའི་རང་བཞིན་མཚོན་ཕྱིར་གཏོང་སེམས་སམ་འབུལ་འདོད་ཀྱི་སེམས་དང་ལྡན་དགོས། ཚུལ་ཁྲིམས་མཚོན་ཕྱིར་ལྷ་བཤོས་མར་ཁུས་ཡོངས་སུ་བྱུག་དགོས། བཟོད་པ་མཚོན་ཕྱིར་ལྷ་བཤོས་བཟོ་བའི་སྐབས་ཀྱི་དཀའ་ཁག་བཟོད་དགོས། བརྩོན་འགྲུས་མཚོན་ཕྱིར་རྒྱུན་དུ་ལྷ་བཤོས་འབུལ་རྒྱུ་དང་མཆོད་གཏོར་གཏོང་དགོས། བསམ་གཏན་གྱི་རང་བཞིན་མཚོན་ཕྱིར་ཞབས་བརྟན་པོ་ཡིན་དགོས། ཤེས་རབ་མཚོན་ཕྱིར་ལྷ་བཤོས་རྩེ་མོ་རྣོ་དགོས།

    དཀར་གཏོར་ནི། ཕྱོགས་བཞི་ལ་བཅད་གམ་བཞི་སྦྱོར་དགོས། དེ་ནི་ཞི་བའི་ལས་དང་། རྒྱས་པའི་ལས། དབང་གི་ལས། དྲག་པོའི་ལས་སྟེ་ལས་བཞི་འཕྲིན་ལས་འགྲུབ་རྒྱུའི་ཆེད་དང་མཚོན་དོན་ཡིན། ཡང་ན་གཙོ་བོ་རྒྱས་པའི་ལས་འགྲུབ་ཆེད་དུ་ཡིན། འདི་ལ་དཀར་གཏོར་ཟེར་བ་ནི་བཟོ་བྱེད་ཀྱི་རྒྱུ་གཙོ་བོ་ཚང་དགོས་པ་ནི་ཀ་ར། བུ་རམ། སྤྲང་རྩི་བཅས་མངར་གསུམ་དང་། ཞོ། འོ་མ། མར་བཅས་དཀར་གསུམ་གྱིས་གྲུབ་པ་ཡིན་པས་དཀར་གཏོར་ཟེར།

    ཡི་དམ་གཏོར་མ། ཡིད་ལ་བཅངས་པའམ་སྙིང་ལ་བཅངས་ནས་འདུག་རྒྱུར་དམ་བཅས་པའི་ལྷ་ལ་ཡིད་དམ་དང་། ཡང་ན་ཡིད་ལ་བཅངས་ནས་དམ་ཚིག་གསང་མར་གནས་པའི་ཡི་དམ་གྱི་ལྷ་ཟེར་བ། རང་ཉིད་ཀྱི་ཚེ་འདི་ཕྱིའི་མགོན་སྐྱབས་སུ་ཡིད་ནས་དམ་བཅས་པར་འཛིན་པའི་ལྷ་དེ་ལ་ཡི་དམ་ཟེར། ལྷ་དེ་ལ་འབུལ་རྒྱུའི་གཏོར་མ། དཔེར་ན། འཇིགས་བྱེད་ལྟ་བུར་གཏོར་མ་ཡུན་རིང་དུ་བཞག་ཀྱང་མི་རུལ་བའི་ཕྱིར་མར་ཁུས་བརྫིས་པའི་ཟན་གཙང་མར་དཔལ་གཏོར་སྙིང་གཟུགས་གཤོག་པ་ཅན། རྩེ་མོ་མེ་རི་ཉི་ཟླ་བྲང་རྒྱན་ཅན། གཡས་སུ་ཕྱོགས་སྐྱོང་གི་གཏོར་མ་བཤོས་བུ་ཟླུམ་པོ་རིལ་བུས་བསྐོར་བ། ཡི་དམ་རང་རང་གི་མཚོན་དོན་ཐུན་མོང་མ་ཡིན་པ་རེ་ཡོད།

    ཆོས་སྐྱོང་གཏོར་མ། སངས་རྒྱས་ཐུགས་རྗེ་ཅན་དང་སྐྱེས་བུ་དམ་པའི་མདུན་དུ་སངས་རྒྱས་ཀྱི་བསྟན་པ་ཚུལ་བཞིན་དུ་སྐྱོང་བར་ཁས་བླངས་པའི་ལྷ་ལ་ཆོས་སྐྱོང་ཟེར། དེ་ལ་མགོན་པོ། ཆོས་རྒྱལ། ལྷ་མོ་སོགས་ཡོད་ལ། དེ་དག་ལ་འབུལ་རྒྱུའི་གཏོར་མ་སྟེ་ཤ་གཟུགས་མའམ། མདུན་ལེབ་ཏུ་གྲགས་པ་མེ་རི་ཉི་ཟླ་རྩེ་རྒྱན་བྲང་རྒྱན་མར་ཚེག་གི་ཕྲེང་བ་སོགས་གང་མཛེས་དང་གང་ལེགས་བྱ། འདི་དག་ལ་དམར་རྩིའམ་འབྲི་མོག་བྱུག་དགོས་ལ། གཞི་བདག་གཏོར་མ་ལ་དམར་རྩི་འམ་འབྲི་མོག་བྱུགས་མི་རུང་། འབྲི་མོག་གམ་དམར་རྩི་བྱུགས་མི་བྱུགས་ནི་ཐོབ་གོ་ས་ལྟ་བུའི་མཚོན་དོན་ནམ། ཡང་ན་འཇིག་རྟེན་ལས་འདས་མ་འདས་ཀྱི་ཁྱད་པར་རེད།

    རང་རང་གི་ཡུལ་ལུང་ཆུང་ངུ་རེ་དང་ཁྱིམ་གཞིའི་ས་བདག་ལྟ་བུར་མཛད་པས་གཞི་བདག་ཟེར་བ་དེ་ལ་འབུལ་རྒྱུའི་གཏོར་མ་ལ་གཞི་བདག་གཏོར་མ་ཟེར། འདི་ཡང་གཙོ་བོ་རྒྱུ་དཀར་གསུམ་མངར་གསུམ་ཡིན་དགོས། ཟོར་གཏོར་རམ་འཕེན་གཏོར་ཡང་ཟེར། དེ་ནི་རྩ་བ་བརྟན་པ། རྩེ་མོ་རྣོ་བ་གནམ་ལྕགས་ཀྱི་ཐོག་གམ་མདེའུ་རྩེ་མོ་ལྟར་རྣོ་བ་དགོས་ཟེར། ཐོག་མར་ཟོར་གཏོར་དེ་ཡི་དམ་སོགས་ལྷ་དེ་དང་དེ་བསྐྱེད་ནས་བསྐང་བཤགས་དང་འཕྲིན་ལས་བཅོལ་བ་བསྐུལ་བ་སོགས་བྱས། རང་ཉིད་ཀྱིས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་གནས་ཚུལ་གང་ཡིན་ཐམས་ཅད་ལྷ་དེ་དང་དེ་ལ་བཅོལ། ལྷ་དེ་དང་དེ་ལ་ཞུས། ཞུ་ཚུལ་ཐམས་ཅད་ཆོ་གའི་ནང་ལྟར་དུ་གསལ་བོར་ཡོད། མཆོད་བསྟོད་སོགས་བྱས། གཏོར་མ་འཕེན་ཁར་རམ་ཡང་ན་གཏོར་ཁུང་དུ་ཕེབས་ནས་ཡེ་ཤེས་པའམ་ལྷ་དེ་དང་དེ་ནམ་མཁར་བཏེགས་ནས་གཏོར་མ་དེ་ཐོག་དང་། མཚོན་ཆ། མེ་དཔུང་དུག་མཚོན་སོགས་སུ་བསྐྱེད་ལ་དུག་མཚོན་སོགས་དངོས་ཡིན་སྙམ་དུ་བསམས་ནས་དགྲ་ཕྱོགས་སུ་འཕེན་དགོས།

    དྲུག་ཅུ་བ་ལྟ་བུ་ལ། དབྱུ་གུ་དྲུག་ཅུ་རྩ་བཞི་ཡོད་པ་རེད། དབྱུ་གུ་རེ་ལ་དབུགས་ཁུག་པ་སུམ་བརྒྱ་དང་ཕྱེད་སོ་བརྒྱད་རེ་ཡོད་ལ། དེ་ཡང་ཉིན་ཞག་རེ་ལ་དབུགས་ཁུག་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རེ་ཡོད་ཅིང་། དེ་ཆ་དྲུག་ཅུ་རྩ་བཞིར་ཕྱེ་ན་ཆ་རེ་རེ་ལ་དབུགས་ཁུག་པ་སུམ་བརྒྱ་སུམ་ཅུ་ཕྱེད་སོ་བརྒྱད་རེ་ཡོད་པ་དེ་རེ་རེ་ལ་དབྱུ་གུ་རེ་རེ་བརྩི་བ་ཡིན་ནོ།།

    བགེགས་གཏོར་ནི། རང་ཉིད་ཀྱིས་ལས་དོན་གང་དང་གང་སྒྲུབ་པའི་སྐབས་སུ་ལས་དོན་དེ་འགྲུབ་མི་འཇུག་པའི་བར་ཆད་གཏོང་མཁན་གྱི་ལྷ་འམ་འདྲེ་གདོན། ཤ་ཟ་འབྱུང་བོ་གང་རུང་ཞིག་ཡོད་ངེས་པས། དེ་ལ་བར་ཆད་སོགས་མ་གཏོང་རོགས། ཁྱེད་ལ་ཁ་ཟས་དང་འགྲོ་སའི་ལམ་གསལ་སྒྲོན་མེ་ལྟ་བུ་ང་རང་གིས་ཕུལ་ཞེས་བཤད་ནས་གཏོར་མ་ཕུལ་བ་དེ་རེད།

    གཏོར་མ་ཆ་བཞི་ནི། གནོད་སྦྱིན་སྲིན་པོ་སོགས་ལ་འབུལ་རྒྱུའི་བགེགས་གཏོར། ཕྱོགས་སྐྱོང་བཅུ་ལ་འབུལ་རྒྱུའི་ཕྱོགས་སྐྱོང་གཏོར་མ། མཚན་མོ་རྒྱུ་བ་སོགས་འབྱུང་པོ་གདོན་ལ་འབུལ་རྒྱུའི་གཏོར་མ། སེམས་ཅན་བཀྲེས་ཤིང་སྐོམ་པ་རྣམས་ཏེ་ཡི་དྭགས་ལ་འབུལ་རྒྱུའི་གཏོར་མ་བཅས་སོ།།

    གཏོར་ཆོག་རྣམས་སུ་རྒྱུ་སྐར་ཉེར་བརྒྱད་དང་། སྨེ་བ་དགུ སྤར་ཁ་བརྒྱད། བརྟན་མ་བཅུ་གཉིས་སོགས་མཐོང་ཡང་མི་རྙེད་པ་དང་། དངོས་གནས་ཡོད་ཀྱང་མི་སྣང་བའི་གནས་ཚུལ། རྩི་ཤིང་དངོས་ཟོང་གི་རིགས་རྙེད་སླ་བ་དགོས་པར་བསྟན་པ་ལ། གསེར་དངུལ་དང་རྙེད་དཀའ་བ་དག་དངོས་སུ་རྙེད་ན་རབ་ཡིན་ལ། དེ་ལྟར་མ་རྙེད་པ་དང་རྙེད་པའི་ནུས་པ་མེད་ན་དཔེ་འདྲ་བ་དང་མཚོན་དོན་ལྟ་བུས་དོད་ཐུབ་ཀྱི་གཏོར་གཟུགས་འདི་དག་བཟོ་བ་རེད། ཚེ་གཏོར་རང་རང་གི་ཚེ་གཅིག་ལ་འདང་ངེས་པའི་གཏོར་མ་བཟོས་ནས་འཇོག་མཁན་ཡང་ཡོད། འདི་མང་ཆེ་བས་རྩིག་སྲིབ་སོགས་ལ་འཇོག

    ཟླ་གཏོར་ཟླ་བ་རེ་རེའི་ནང་ལ་བརྗེ་གསོར་བྱེད་རྒྱུའི་གཏོར་མ། དེ་དང་འབྲེལ་བར་ལོ་བསྐང་ཟླ་བསྐང་འདོན་རྒྱུ་ཡོད།

    རྟེན་གཏོར་ནི། གཏོར་མ་དེ་ཉིད་དུ་ལྷ་རུ་བསྐྱེད་ནས་ལས་བཞིའི་འཕྲིན་ལས་བཅོལ་བ་དེ་རེད། ལྷ་གནས་སའི་རྟེན་ཡིན་པས་རྟེན་གཏོར་ཟེར།

    དབང་གཏོར་ནི། སློབ་མ་ལ་དབང་དང་རྗེས་གནང་སོགས་བསྐུར་སྐབས་གཏོར་མ་ལ་བརྟེན་ནས་བསྐུར་བ་དེ་ལ་དབང་གཏོར་ཟེར།

    ཐུན་གཏོར་ནི། ཐུན་མཚམས་དང་ཐུན་མཐར་འཕེན་རྒྱུའི་གཏོར་མ་སྟེ་གློ་བུར་འཕྲིན་ལས་བཅོལ་བ་དང་དགྲ་བགེགས་བསྒྲོལ་བ་ལ་འཕེན་པའི་གཏོར་མ།

    ཆུ་གཏོར་ནི། ཆུ་སྦྱིན་དང་འབྲེལ་བར་འབུལ་རྒྱུའི་གཏོར་མ། མཚན་གཞི་ནི་གཏོར་མ་བརྒྱ་རྩ་ལྟ་བུ་རེད། ཆབ་གཏོར་ཡང་ཟེར། བརྒྱ་རྩའི་གཏོར་མ་ལ་རིལ་བུ་བརྒྱ་དང་བཅུ་ཡོད་པས་གཏོར་མ་བརྒྱ་རྩ་ཟེར། བརྒྱ་རྩ་འབུལ་སའི་མགྲོན་ལ་མགྲོན་ཚན་པ་བཅུ་ཡོད། བཅུ་ལ་ཡར་མགྲོན། བར་མགྲོན། མར་མགྲོན། ལྷག་མགྲོན་བཅས་བཞི་ཡོད།

    ཀླུ་གཏོར་ནི། ཀླུ་སྨན་དང་དཀར་གསུམ་མངར་གསུམ་བསྲེས་ནས་ཀླུ་ལ་འབུལ་རྒྱུའི་གཏོར་མ་ལ་ཟེར། ཀླུ་ལ་བརྟེན་ནས་བྱུང་བའི་ནད་ཞི་བ་དང་ཀླུ་ལ་བརྟེན་པའི་དངོས་གྲུབ་སྒྲུབ་པའི་ཆེད་དུ་ཀླུ་གཏོར་གཏོང་བ་ལ་ཟེར།།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2020/8/6 བལྟ་ཀློག (22558)