ཀིརྟིའི་མགར་སྐོར་གྱི་བྱུང་རིམ་མདོར་བསྡུས་ཀྱི་དེབ་གསར་མཛད་སྒོ་ལྷ་མོར་བསྡུས།


     སྤྱི་ལོ་༢༠༢༠ལོའི་ཟླ་༨པའི་ཚེས་༢༢ཉིན་མཛོད་དགེའི་ལྷ་མོ་གྲོང་རྡལ་གྱི་ཉེ་འདབས་དབྲ་ཁྱུང་ཚང་སྐྱེ་ཁམས་རིག་གནས་བགྲོ་གླེང་ལྟེ་གནས་སུ་ཀིརྟིའི་མགར་སྐོར་གྱི་བྱུང་རིམ་མདོར་བསྡུས་ཞེས་པའི་དེབ་ཀྱི་སྒོ་འབྱེད་མཛད་སྒོ་བསྡུས། མདོ་འཛིན་པ་མགར་དམག་གིས་ཚོགས་འདུའི་བརྗོད་སྙིང་དང་འབྲེལ་ཏེ་ཐོག་མའི་སྙན་སྒྲོན་གྱི་དབུ་བཟུང་།

    མགར་ལྷ་མོ་དོན་གྲུབ་ཀྱིས་ཀིརྟིའི་མགར་སྐོར་གྱི་བྱུང་རིམ་མདོར་བསྡུས་འདི་ཚེ་ཤུལ་ཚུལ་ཁྲིམས་དང་ངེད་གཉིས་ཀྱིས་འབྲི་དགོས་པའི་དམིགས་ཡུལ་དང་དེ་ཇི་ལྟར་དེ་རིང་གི་ཚོགས་འདུའི་ཐོག་དེབ་སྒོ་འབྱེད་མཛད་སྒོ་ཧྲགས་བསྡུས་བྱས་པ་སོགས་ཀྱི་སྐོར་ནས་གཏམ་བཤད་དང་།     ཚེ་ཤུལ་ཚུལ་ཁྲིམས་ལགས་ཀྱིས་དེབ་འདིའི་དགོས་དོན་དང་རང་གི་བདེན་པ་ཕུ་འདེད་བྱས་པའི་ལོ་རྒྱུས་ཀྱི་བརྗེད་བྱང་ལས་བྱུང་བའི་དེབ་ཀྱི་སྔོན་འགྲོའི་བགྲོ་བ་དང་ཞར་བྱུང་གཉེན་ཚན་གྱི་བྱུང་བ་མདོར་བསྡུས་ཀྱི་སྐོར་ནས་གཏམ་བཤད་བྱས།

    དེ་དང་ཆབས་ཅིག་མགར་ཨ་སངས་ཀྱིས་མགར་སྐོར་སྤྱིའི་གནས་བབ་དང་དེ་རིང་གི་བཀྲ་ཤིས་པའི་དེབ་ཀྱི་སྒོ་འབྱེད་སོགས་ལ་གཏམ་བཤད་དང་ཁཱ་ཤེས་རབ་རྒྱ་མཚོས་ང་ཚོ་མགར་གྱི་རུས་རྒྱུད་དང་འབྲེལ་ཏེ་རུས་རྒྱུད་རིག་གནས་ཀྱི་རིན་ཐང་། རུས་རྒྱུད་ཚོགས་པའི་དགེ་མཚན།  གཙོ་བོ་རུས་རྒྱུད་ཚོགས་པའི་ངན་ཕྱོགས་ཐམས་ཅད་དམིགས་སུ་བཀར་ཏེ་མ་འོངས་པར་ཡོ་བསྲང་ལེགས་པོ་བྱེད་དགོས་པ་སོགས་ཀྱི་སྐོར་ནས་བསམ་ཚུལ་བཏོན་པ་དང་། ཁོར་སྲུང་དཔའ་བོ་དབྲ་ཁྱུང་དཔལ་བཟང་ལགས་ཀྱིས་མཐུན་པ་སྤུན་བཞི་དང་ཚེ་རིང་རྣམ་དྲུག་སོགས་ཀྱི་བརྗོད་དོན་དང་འབྲེལ་ཏེ་མཛད་སྒོར་རྟེན་འབྲེལ་དང་ཁོར་སྲུང་གི་གྲུབ་འབྲས་སོགས་གླེང་བརྗོད་རིན་ཐང་ཅན་བྱས།

    གཞི་རིམ་སློབ་གསོའི་ལས་རྐང་ནས་མི་ཚེའི་རིན་ཐང་སྦྲུགས་པའི་སློབ་གསོ་བ་ཨ་ཁུ་སྐལ་བཟང་རྒྱ་མཚོས་ཡིན་ནི་བཤད་ན་ཡིན་ནི་ཡིན། དགྲ་ནག་པོས་བཤད་ཀྱང་ཡིན་ནི་རེད། མིན་ནི་བཤད་ན་མིན་ནི་རེད། དྲིན་ཕ་མས་བཤད་ཀྱང་མིན་ནི་རེད། ཅེས་ཆུང་དུས་ཁྱིམ་གྱི་དོན་དག་ག་གེ་མོའི་དབང་གིས་སློབ་གསོའི་ལས་རྐང་ནས་ཕྱིར་འབུད་བྱེད་དགོས་པར་རེ་བ་བཏོན་ཡང་ས་གནས་ཀྱི་སློབ་གསོའི་ལས་དོན་ཐུགས་ལ་བརྣགས་ཚུལ་སོགས་ལས་བརྩམས་ཏེ་མི་ཚེའི་ཁ་ལས་དགེ་བ་ཐམས་ཅད་སློབ་གསོར་བསྔོས་པ་སོགས་གསུང་བཤད་གནད་ཐིངས་པ་གནངས།

    དེ་དང་ཆབས་ཅིག་སྨན་རམས་པ་རྒྱ་མཚོ་དང་མཛོད་དགེའི་ཨ་མདོ་རྟ་རྒྱུགས་མི་རིགས་སྲོལ་བཟང་ཡར་སྐུལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཚེ་ཤུལ་རྟ་འགྲིན་སྐྱབས་དང་མཛོད་དགེ་རྫོང་ནོར་མཛོད་མཉམ་སྒྲུབ་མཉམ་ལས་ཁང་གི་ཚོགས་གཙོ་གཞོན་པ་འབལ་སྨན་ལྷ་ལྷ་ཁོ། ད་དུང་ཀིརྟིའི་སྐད་ལམ་ཚོགས་པའི་ཚོགས་གཙོ་དབྲ་ཁྱུང་མགོན་རྣམ་སོགས་ཀྱིས་རང་རང་གི་བསམ་ཚུལ་དང་མགར་སྐོར་གྱི་དེབ་འདིའི་བླ་ན་མེད་པའི་གཟི་བརྗིད་ལ་བསྔགས་བརྗོད་དང་ཡི་རངས་བྱས།


མགར་ལྷ་མོ་དོན་གྲུབ་ཀྱིས་གཏམ་བཤད་གནང་བཞིན་པ།


མགར་ཨ་སངས་ཀྱིས་གཏམ་བཤད་གནང་བཞིན་པ།


ཁཱ་ཤེས་རབ་རྒྱ་མཚོས་གཏམ་བཤད་གནང་བཞིན་པ།


ཚོགས་རའི་ཡུལ་དངོས།


སློབ་གསོ་བ་ཨ་ཁུ་སྐལ་བཟང་རྒྱ་མཚོས་གཏམ་བཤད་གནང་བཞིན་པ།


གདན་ཞུས་གཏམ་བཤད་པ་རྣམས་ཀྱིས་ཡིད་འཁུལ་བའི་གསུང་གླེང་གནང་བ།


དེབ་འདིའི་བསྟན་བྱ་དང་དམིགས་ཡུལ་མདོར་བསྡུས།

     དེབ་འདིའི་ནང་དུ་ཀིརྟིའི་མགར་སྐོར་རམ་མགར་བཟའ་ལུ་གུའི་རྒྱུད་ཀྱི་ཉེ་འབྲེལ་གྱི་བྱུང་རིམ་མདོར་བསྡུས་ནས་བྲིས་ཡོད་པར་མ་ཟད། ད་དུང་ཁ་ཕྱོགས་དང་དམིགས་ཡུལ་ཡང་གསལ་བོ་འདུག་སྟེ།  དེབ་འདིའི་ནང་དུ་ཀིརྟིའི་མགར་སྐོར་རམ་མགར་བཟའ་ལུ་གུའི་རྒྱུད་ཀྱི་ཉེ་འབྲེལ་ནི་ཁ་བདེ་ལྕེ་བདེ་ཞིག་གིས་བཤད་ཤེས་ཀྱིས་བསྡུས་པ་ཞིག་མ་ཡིན་ལ། མགོ་བདེ་དྲན་འཕྲུལ་མཁན་གྱིས་ཐབས་ཀྱིས་བཟོས་པ་ཡང་མ་ཡིན། དེ་བཞིན་བཙན་པོས་དབང་གིས་བགོས་པའི་བཀས་བཅད་ལྟ་བུ་མིན་ལ། ཕྱུག་པོའི་རྒྱུ་ཡིས་བླུས་པའི་ལྷ་སྐུ་ལྟ་བུ་ཡང་མིན་པར། འདི་ནི་ལས་དབང་ཞེས་པའི་བསགས་རྒྱབ་ནས་བྱུང་ཞིང་ངག་རྒྱུན་ལོ་རྒྱུས་ཀྱི་མངར་ཁ་བཙན་པའི་རིགས་ཚོ་ཞིག་ཡིན།  མར་དྲི་དང་རྩམ་དྲི་འཐུལ་བའི་ཉེ་འབྲེལ་འདིའི་རྩ་བའི་ཁ་ཕྱོགས་སམ་དམིགས་ཡུལ་ནི། ཕན་ཚུན་ལ་གུས་བརྩི་དང་བརྩེ་འདང་ཡོད་པ། ཡིད་ཆེས་དང་མཛའ་འབྲེལ་ཇེ་ཟབ་ཇེ་རིང་ལ་བཏང་བ་དང་ཆབས་ཅིག་ཡ་རབས་དགེ་བའི་ཕྱོགས་ལ་ཕྱར་བ་གྲུ་འདེགས་དང་། ཆར་བ་ཆུ་གྲོགས་ཞེས་པའི་དཔེ་ལྟར་གོམ་པ་མཉམ་སྤོ་དང་མི་དགེ་སྡིག་པའི་ཕྱོགས་ལ་ཁ་འཆམ་གྲོས་མཐུན་མི་བྱེད་པར་ཆོས་ལྡན་བོད་མི་ཞིག་གི་མགོ་རྣ་མངའ་བའི་ཉེ་འབྲེལ་གྱི་རིགས་ཚན་ཞིག་ལ་རེ་བ་དང་དམིགས་ཡུལ་གྱི་རྟ་ཁ་ཀྱོག་པའི་རིགས་ཚོ་ཞིག་གོ་ཞེས་བསྟན་ཡོད།


མཇུག་མཐའི་མཉམ་འཛོམས་ཀྱི་པར།


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2020/8/25 བལྟ་ཀློག (13051)