ཁ་པར་བེད་སྤྱོད་ལེགས་ཉེས།​ ཐེ་བོ་དཀོན་སེང་​།


ཁ་པར་བེད་སྤྱོད་ལེགས་ཉེས།

ཐེ་བོ་དཀོན་སེང་།

མཁས་བརྒྱའི་ལེགས་བཤད་འདི་ནས་ཀློག་ན་ཆོག།

མཁས་བརྒྱས་འཆད་ཁྲིད་འདི་ནས་ཐོས་པར་ནུས། །

མཁས་མང་ལད་ཟློས་འདི་ནས་བྱེད་ཀྱང་རུང་། །

འདི་དག་ཁ་པར་སྤྱོད་པའི་བཟང་ཆ་ཡིན། །

 

བླུན་པོའི་འཆལ་གཏམ་མང་པོ་འདི་ནས་གོ།

བླུན་པོའི་འཁྲབ་སྟོན་བརྙན་རིས་འདི་ནས་མཐོང་། །

བླུན་བཤད་ཚིག་རྩུབ་མཚོན་གྱིས་ཁོར་ཡུག་དཀྲུགས། །

འདི་དག་ཁ་པར་སྤྱོད་པའི་ནག་ཉེས་ལགས། །

 

རྒྱང་རིང་སྐྱེས་བུ་དམ་པའི་མཛད་བཟང་མཇལ། །

རྒྱང་རིང་མཛའ་བཤེས་སེམས་ཀྱི་གཏམ་བཟང་ཐོས། །

རྒྱང་རིང་འཇིག་རྟེན་མཛེས་སྡུག་འདི་ནས་མྱོང་། །

འདི་དག་ཁ་པར་སྤྱོད་པའི་ལེགས་ཆ་ཡིན། །

 

ཉེ་རིང་ངན་དགུའི་སྤྱོད་པ་འདི་ནས་ལོབ། །

ཉེ་རིང་སྡིགས་སྡུག་གཏམ་ངན་འདི་ནས་གོ།

ཉེ་རིང་ནང་འཁྲུག་འཁོར་ལོ་འདི་ནས་བསྐོར། །

འདི་དག་ཁ་པར་སྤྱོད་པའི་ནག་ཉེས་ལགས། །

 

གསར་རྙིང་ལོ་རྒྱུས་དཔེ་ཚོགས་འདི་ནས་མངོན། །

གསར་རྙིང་གསར་འགྱུར་སྣ་ཚོགས་འདི་ནས་གསལ། །

གསར་རྙིང་བླང་དོར་ཐབས་ལམ་འདི་ནས་རྙེད། །

འདི་དག་ཁ་པར་སྤྱོད་པའི་བཟང་ཆར་ངེས། །

 

ཆུ་བུར་མིག་གི་ནུས་པ་འདི་ཡིས་འཕྲོག།

གསེར་ལས་དཀོན་པའི་དུས་ཚོད་འདི་ཡིས་བརླགས། །

མཐོ་དམན་བར་མ་ཐམས་ཅད་འདི་ཡིས་གཡེངས། །

འདི་དག་ཁ་པར་སྤྱོད་པའི་སྐྱོན་དུ་སེམས། །


རྒྱུས་མེད་མི་དང་འབྲེལ་ལམ་འདི་ཡིས་མཐུད། །

འབྲེལ་ཡོད་བར་ལ་བརྩེ་བ་འདི་ནས་གསོ། །

ཚོགས་པ་མང་པོས་མཐུན་ལམ་འདི་ནས་འཛུགས། །

འདི་དག་ཁ་པར་སྤྱོད་པའི་ཡོན་ཏན་ཉིད། །

 

མཁས་པས་གྲུབ་མཐའི་ལ་རྒྱ་འདི་ནས་རྩོད། །

བླུན་པོས་འཚོ་བའི་ཁ་ཕྱོགས་འདི་ནས་རྩོད། །

བཟའ་ཚང་མི་མཐུན་འཐབ་རྩོད་འདི་ནས་བྱེད། །

འདི་དག་ཁ་པར་སྤྱོད་པའི་ཉེས་པར་མཐོང་། །

 

སྟབས་བདེའི་གཞུང་ལུགས་འཆད་ཉན་འདི་ནས་སྤེལ། །

སྟབས་བདེའི་ཉོ་ཚོང་ལས་རིགས་འདི་ནས་དར། །

སྟབས་བདེའི་སྐད་སྐུར་ཡོད་ཚད་འདི་ནས་འཕྲོད། །

འདི་དག་ཁ་པར་སྤྱོད་པའི་བཟང་ཆ་ཡིན། །

 

ཐོས་པ་ལམ་ལྷོངས་མི་འོང་བར་དུ་གཅོད། །

བསམ་པ་དོན་ཐོག་མི་གནས་གཡེངས་པར་བྱེད། །

སྒོམ་པ་གནད་ལ་མི་འཁེལ་ཟིང་ངེར་འགྱུར། །

འདི་དག་ཁ་པར་སྤྱོད་པའི་ཞེན་ཆར་གྱུར། །

 

སྣོད་ཀྱི་ཁོར་ཡུག་ཡག་བཙོག་འདི་ནས་མཐོང་། །

བཅུད་ཀྱི་མི་གཤེས་ལེགས་ཉེས་འདི་ནས་རྟོགས། །

སྣ་མང་ཤེས་རིག་སྡེ་ཚན་འདི་ནས་ཤེས། །

འདི་དག་ཁ་པར་སྤྱོད་པའི་ཁེ་སྤོགས་ཡིན། །

 

ལོག་སྨྲས་ལོག་པར་ལྟ་བ་འདི་ནས་སྤེལ། །

རྐུ་མས་རྐུ་འཕྲོག་བཅོམ་གསུམ་འདི་ནས་བྱེད། །

སྒྱུ་མས་མི་ཚོགས་མགོ་བསྐོར་འདི་ནས་གཏོང་། །

འདི་དག་ཁ་པར་སྤྱོད་པའི་སྐྱོན་ཆར་མཐོང་། །

 

སྒྲོ་འདོགས་འུར་པའི་བསྟོད་ཚིག་འདི་ནས་སྤེལ། །

སྐུར་འདེབས་དགག་ལན་མཚོན་ཆ་འདི་ནས་ངོམ། །

བཅོས་མའི་རྗེས་དྲན་སྣ་ཚོགས་འདི་ནད་བྱེད། །

འདི་དག་ལེགས་ཉེས་གང་གཏོགས་ཆ་མ་འཚལ། །

 

བེད་སྤྱོད་ཤེས་ན་དོན་སྙིང་འཐོབ་སྲིད་ཀྱང་། །

ལོག་པར་སྤྱོད་ཚེ་ཡོད་ཚད་བརླག་པར་ངེས། །

དེས་ཕྱིར་མཐོ་དམན་བར་མ་ཐམས་ཅད་ཀྱིས། །

ཁ་པར་བེད་སྤྱོད་ཕྱོགས་ལ་གཟབ་ན་ལེགས། །

 

ལོ་མང་ཁ་པར་སྤྱོད་པའི་ཉམས་མྱོང་ཁྲོད། །

བེད་སྤྱོད་ལེགས་ཉེས་སེམས་གཏམ་ཉུང་ཙམ་འདི། །

དགེ་བཤེས་གཟུགས་བརྙན་དཀོན་སེང་མིང་ཅན་གྱིས། །

ཉེ་རིང་མཛའ་གྲོགས་ཡོངས་ལ་སྐྱེས་སུ་སྦྱར། །


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2021/2/2 བལྟ་ཀློག (26015)