ཁྱུང་མཆུ་རྫོང་གི་སློབ་མ་གུང་ཐང་སྐྱིད་ཀྱིས་རྒྱུགས་སྐར་865བླངས།

   རྒྱུགས་འབྲས་བཟང་བོ་ཐོབ་པའི་སློབ་མ་གུང་ཐང་སྐྱིད།

གསར་འགོད་པ། ཤེར་ཕྱིན་མཚོ། ཚེ་རིང་སྒྲོན།

    སྤྱིར་རྔ་བ་ཁུལ་ཡོངས་སུ་དམའ་འབྲིང་མཐར་ཕྱིན་སློབ་མ་སུམ་སྟོང་ལྷག་ཡོད་ཅིང་། དེའི་ནང་ཁྱུང་མཆུ་རྫོང་སློབ་འབྲིང་གཉིས་ལ་དམའ་གསུམ་སློབ་མ་བཞི་བརྒྱ་ལྷག་ཡོད་པ་རེད། དེར་གྲོང་ཁྱེར་དང་གྲོང་གསེབ། ས་ཁུལ་དང་སློབ་གྲྭའི་དབར་གྱི་སློབ་གཉེར་ཆ་རྐྱེན་དང་བྱེད་ཐབས། ལམ་ལུགས་དང་དོ་དམ། དགེ་རྒན་དཔུང་ཁག་གི་སྤུས་ཚད་མི་འདྲ་བ་སོ་སོའི་དབང་གིས་ས་གནས་ཁག་གི་སློབ་གསོ་འཕེལ་རྒྱས་ཀྱི་གནས་བབས་ཐད་ལའང་ལྟོས་བཅས་ཀྱིས་ཧེ་བག་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་ལ། སྒོས་སུ་ཁྱུང་མཆུ་རྫོང་ས་གནས་འབྲོག་ཁུལ་གྱི་སློབ་གྲྭ་ཞིག་ལ་ཆ་མཚོན་ན་ནང་ལོག་ཚད་མཐོ་སློབ་གླིང་གཞན་དག་དང་མི་འདྲ་བར་སློབ་སྒྲུབ་ཆ་རྐྱེན་གང་རུང་ཐད་ཆད་ལྷག་དང་འཐུས་ཤོར་མི་ཉུང་བ་འདུག་པས་སློབ་བུ་རྣམས་ཀྱི་བསླབ་གཉེར་རྨང་གཞིར་ཤན་ཤུགས་གང་རུང་འབྱུང་བ་སྨོས་མ་དགོས་པ་འདུག  ཡིན་ནའང་ཆ་རྐྱེན་རྗེས་ལུས་ཡིན་པའི་དཀའ་ཁག་ཅི་འདྲ་ཆེ་ནའང་། ཁྱུང་མཆུ་རྫོང་གི་སློབ་གྲྭ་ཆེ་འབྲིང་སོ་སོས་སློབ་གསོ་སྡེ་ཁག་གི་སྣེ་ཁྲིད་རྒྱབ་སྐྱོར་འོག རང་ངོས་ཀྱི་རྨང་གཞིའི་སྟེང་ནས་དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་གཏན་ནས་མེད་པར་སྔོན་ཐོན་སློབ་གསོའི་བྱེད་ཐབས་གང་རུང་ལ་སློབ་སྦྱོང་དང་ལག་ལེན་ཅི་ཐུབ་བྱས་པས། ས་གནས་འབྲོག་ཁུལ་གྱི་སློབ་གསོ་ལོ་རེ་བཞིན་ཡར་རྒྱས་གོང་འཕེལ་འགྲོ་བཞིན་ཡོད་ལ། ལོ་རེའི་སློབ་ཆུང་དང་དམའ་འབྲིང་། མཐོ་འབྲིང་སོ་སོའི་སློབ་མ་རྣམས་ཀྱི་སྦྱངས་འབྲས་ཚད་ལ་རིམ་བཞིན་གཡུར་དུ་ཟ་བའི་གྲུབ་འབྲས་ལེན་བཞིན་ཡོད་པས།  མཐོ་སྒང་མི་རིགས་ཤིག་གི་སློབ་གསོ་རྗེས་ལུས་ཀྱི་རྣམ་པར་དཔྱིད་རླུང་དལ་གྱིས་ལྡིང་བས་དཔྱོད་ལྡན་སློབ་མ་གང་མང་མང་ཞིག་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་ལྟར་གཉོམ་ལག་རྒྱས་བཞིན་ཡོད།  

       དེ་བཞིན་དུ་ད་ལོའི་དམའ་འབྲིང་མཐར་ཕྱིན་སློབ་མའི་སྤྱི་རྒྱུགས་ཁྲོད། ཁྱུང་མཆུ་རྫོང་བོད་ཡིག་སློབ་འབྲིང་གི་དམའ་གསུམ་འཛིན་གྲྭ་བཞི་བའི་སློབ་མ་གུང་ཐང་སྐྱིད་ཀྱིས་སྐར་གྲངས865ལོན་ཡོད་པ་དང་།  འདི་ནི་རྔ་བ་ཁུལ་ཡོངས་ཀྱི་འབྲིང་རྒྱུགས་ཁྲོད་ཆེས་ཕུལ་དུ་བྱུང་བའི་སྐར་འབྲས་རྩེ་གྲས་ཤིག་ཡིན་པར་མ་ཟད།  ཉེ་བའི་ལོ་འགའི་རིང་དུ་ཐོབ་མ་མྱོང་བའི་གཟི་བརྗིད་བླ་ན་མེད་པ་ཞིག་ཀྱང་ཡིན་འདུག        གུང་ཐང་སྐྱིད་ནས་བཤད་རྒྱུར།  ཐེངས་འདིར་རང་ཉིད་ཀྱིས་སྐར་གྲངས་བརྒྱད་བརྒྱ་ལྷག་གི་གྲུབ་འབྲས་ལོན་པ་ནི་རང་ཉིད་གཅིག་པུའི་འབྲས་བུ་མ་ཡིན་པར།  དྲིན་ཆེན་ཕ་མས་ངལ་བ་ཁྱད་དུ་བསད་དེ་ཕྱོགས་གང་ཐད་ནས་རང་ཉིད་ལ་སློབ་སྦྱོང་གི་ཆ་རྐྱེན་གང་ལེགས་བསྐྲུན་པ་དང་།  དགེ་བའི་བཤེས་གཉེན་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བསླབ་ཁྲིད་དང་སྣེ་སྟོན་གྱི་གཞོགས་འདེགས་གལ་ཆེན་གནང་བ།  རང་ཉིད་ཀྱིས་ཀྱང་ཡིག་ངོ་ཟིན་པ་ནས་སློབ་སྦྱོང་གི་བརྩོན་ཤུགས་ལྷོད་མ་མྱོང་བ་སོགས་ཕྱོགས་ཐམས་ཅད་ལ་བརྟེན་ནས་ད་གཟོད་གྲུབ་འབྲས་འདི་འདྲ་ཞིག་བླངས་པ་ཡིན་ཞེས་པས།   རྗེས་ཕྱོགས་ཀྱི་ལམ་ཁར་ཐེངས་འདིའི་རྒྱལ་ཁ་རྨང་གཞི་བྱས་ཏེ།  སྔར་ལས་ལྷག་པའི་སྒོ་ནས་འབད་པ་ཧུར་ཐག་བྱེད་ངེས་ཡིན་ཞེས་བཤད། 

       སྐར་འབྲས་ཀྱིས་ཡོད་ཚད་ཐག་གཅོད་མི་ཐུབ་ཟེར་སྲོལ་ཡོད་ནའང་། སྐར་འབྲས་ཀྱིས་སློབ་མ་ཞིག་གི་སྦྱངས་འབྲས་མཆོག་དམན་མངོན་གསལ་གྱིས་མཚོན་ཐུབ་པ་ལྟར།  ད་ལོའི་དམའ་འབྲིང་སྤྱི་རྒྱུགས་ཁྲོད་ཧུང་ཡོན་རྫོང་གི་དམའ་གསུམ་སློབ་མ་བཞི་བརྒྱ་ལྷག་ཡོད་པ་ལས།  ཆ་སྙོམས་ཀྱིས་ཚོད་དཔག་དང་བརྒལ་བའི་སྐར་གྲངས་མཐོན་པོ་བླངས་ཡོད་པ་དང་།  སྡོམ་སྐར་བདུན་བརྒྱའི་ཡན་གྱི་སློབ་མ་ལོ་སྔོན་མ་དག་དང་བསྡུར་ན་ཇེ་མང་དུ་སོང་ཡོད་པ་རེད། 


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2021/7/2 བལྟ་ཀློག (6618)