ཁྲི་བ་ཆོས་འཕེལ་ཚང་ངོ་སྤྲོད།

 
སློབ་བུ་མགར་འཇམ་བསམ་གྱིས།  

       མདོ་སྔགས་རབ་འབྱམས་སྨྲ་བ་མགར་ཆོས་འཕེལ་ནི་སྤྱི་ལོ་<༡༩༦༣>ལོ་སྟེ་བོད་རབ་བྱུང་བཅུ་དྲུག་པའི་ཆུ་ཡོས་ལོར་མཚོ་སྔོན་རེབ་གོང་རོང་འབྲོག་ཚོ་ལྔའི་ནང་ཚན་མགར་གྱི་རིགས་རྒྱུད་ལས་སྐུ་འཁྲུངས། ཆུང་དུས་ནས་རྣམ་རིག་བཀྲ་ཞིང་སྙིང་རྗེ་ཆེ་བར་གླེང་། ལོ་བརྒྱད་ཀྱི་སྟེང་སློབ་ཆུང་དུ་ཞུགས། སློབ་མཐར་ཕྱིན་རྗེས་སྐབས་དེའི་གནས་ཚུལ་གྱི་དབང་གིས་སློབ་གྲྭ་ཆེ་འབྲིང་དུ་འགྲོ་རྒྱུའི་སྐབས་མ་བྱུང་བར་ངལ་རྩོལ་གྱི་ལས་སུ་ཞུགས། རང་ལོ་བཅུ་དགུའི་སྟེང་འགར་དགོན་ཐུབ་བསྟན་ཆོས་འཁོར་གླིང་གི་ཆོས་སྒོར་ཞུགས་སྟེ་གྲྭ་ཚང་གི་འདོན་རྟ་དབྱངས་གསུམ་དང་།  ཆོ་ག་ཕྱག་ལེན་གྱི་རིམ་པ་རྣམས་ངེས་གཙང་གནང་ཐོག༧སྨྲ་བའི་དབང་བོ་རྗེ་དམ་ཆོས་རྒྱ་མཚོ་སོགས་བཤེས་གཉེན་མང་པོའི་མདུན་ས་ནས་བསྡུས་གྲྭ་ནས་སྟེ་མདོ་སྔགས་རིག་གནས་དང་བཅས་པར་ལོ་ངོ་ཉེར་ལྔའི་རིང་སྦྱངས་བརྩོན་མཛད། སྤྱི་ལོ་<༡༩༩༣>ལོར་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག  སྤྱི་ལོ་<༢༠༠༣>ལོར་རྡོ་རམས་པའི་དམ་བཅའ་བཞག  སྤྱི་ལོ་<༢༠༠༤>ལོར་སྔགས་རམས་པའི་དམ་བཅའ་བཞག 

      རང་ལོ་ཉེར་གསུམ་ནས་བཟུང་སྟེ་ཚད་མ་དང་། ཕར་ཕྱིན།  དབུ་མ།  མཛོད།  འདུལ་བ།  ལམ་རིམ་བློ་སྦྱོང་། སུམ་རྟགས་སྙན་ངག་སོགས་ཀྱི་དཔེ་ཁྲིད་བྱས་ཏེ་དགེ་རྒན་གྱི་འགན་འཁུར། སྤྱི་ལོ་<༡༩༩༥>ལོ་ནས་བཟུང་རིག་གནས་དང་བཀའ་པོད་ལྔའི་ཐལ་ཕྲེང་སོ་སོ་རྩོད་ཡིག་ལྟར་ཡིག་ཐོག་ནས་རྒྱུགས་ལེན་པའི་འཆད་ཉན་ཡར་བསྐུལ་གྱི་བྱ་བའི་འགན་ཁུར།  རང་དགོན་གྱི་དུས་དེབ་ཐོག་མ་ཡར་སྐུལ་གྱི་དུང་བརྡ་དང་རྩོམ་སྦྱོང་ར་བ་གངས་རིའི་ཆབ་རྒྱུན་སོགས་ཀྱི་རྩོམ་སྒྲིག་པའི་ཁུར་བཞེས། སྤྱི་ལོ་<༡༩༩༩>ལོ་ནས་བཟུང་རང་སྒེར་གྱིས་སྣ་འཛོམས་དུས་དེབ་<འོད་ལྔའི་ཁུར་ཁང་>ཞེས་པའི་དེབ་བཞི་རྒྱ་ཆེའི་ཀློག་པ་པོའི་སྤྱན་སྔར་ཕུལ་ཏེ། སྤྱི་ཚོགས་གླེང་བརྗོད།  མི་ཚེ་ལྟ་ཚུལ།  སྙན་ངག  ལོ་རྒྱུའི། སྒྲུང་གཏམ།  ཆོས་ལུགས་དཔྱད་གླེང་སོགས་ཀྱི་སྒོས་གངས་རིའི་ལས་དབང་ལ་ཕྱི་མིག་ཐེངས་ཤིག་མཛད། ཕྱག་རྩོམ་གྱི་ཐད་ལའང་སྲོང་བོའི་གཏམ་སོགས་བསམ་བློའི་དཔྱད་གླེང་དང་། ཟླ་བ་ལྷ་མོར་ཕུལ་བའི་ཞུ་ཚིག་སོགས་སྙན་རྩོམ་མང་པོ། སྟག་མོ་ལུས་སྦྱིན་གྱི་རྟོགས་བརྗོད་སོགས་རྣམ་ཐར་སྣ་ཚོགས་བསམ་དངོས་གཉིས་ཐད་ཀྱི་ཞི་བདེ་གླེང་བ་སོགས་དུས་རབས་ལ་ཁ་ཕྱོགས་པའི་ཆེད་རྩོམ་མང་པོ་ཞིང་ཆེན་ཕྱི་ནང་གི་ཚགས་པར་དང་དུས་དེབ་སོགས་ཀྱི་སྟེང་དུ་བཀོད་དེ་ཅི་མི་སྙམ་པའི་ད་ལས་བརྒལ། གཞན་ཡང་རང་དགོན་གྱི་དགེ་རྒན་དང་།  དབུ་མཛད།  དགེ་བསྐོས། དོ་དམ་ཨུ་ཡོན། མཐོ་རིམ་རྒྱུགས་ལེན་ཚན་ཆུང་གི་འགོ་གཙོ།  ཡང་སྒོས་རང་དགོན་གྱི་པོད་ལྔའི་རྩི་བཞག་བླ་མ་དང་ཁྲི་བའི་འགན་གཅིག་ལྕོགས་སུ་མཛད་དེ་མཉམ་མེད་བུ་རམ་ཤིང་བའི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པའི་ཐབས་དང་། རྒྱ་བོད་ཀྱི་འབྲེལ་ཡོད་མི་སྣ་མང་པོར་སེམས་ཀྱི་ཞི་བདེའི་ཐད་ནས་སློབ་སྟོན་གང་ལེགས་སྒོས་འགྲོ་བ་མིའི་རིགས་ཀྱི་མི་ཚེའི་རིན་ཐང་ངོ་མ་དེ་ག་འདྲ་ཞིག་གི་ངོས་ནས་ར་སྤྲོད་རྒྱུའི་ཐད་ལ་བསམ་གཞིགས་ཆེར་བཞེས་ངང་པ་བཞུགས་པ་ལགས་སོ། ། 

            སྡོད་གནས།   མཚོ་སྔོན་ཞིང་ཆེན་ཐུན་རིན་རྫོང་གྱ་ས་མགར་རྩེ་དགོན་པ།

            ལག་འཛིན་ཁ་པར།  ༡༨༠༩༧༡༣༧༨༨༨  ༡༣༨༩༧༡༣༥༠༢༨   ༠༩༧༣-----༨༧༩༠༠༢༨

            སྦྲག་སྲིད།   ༨༡༡༣༠༠


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/2/6 བལྟ་ཀློག (6682)