གང་ཤར་རང་གྲོལ་གླུ།


                     

                         གང་ཤར་རང་གྲོལ་གླུ།

གཉུག  

དད་པའི་ཀློང་ན་གསང་བའི་ཡང་གསང་ཡོད། །

དད་པའི་ངོགས་ན་བརྒྱུད་ཁྲིའི་ཡང་གསང་ཡོད། །

དད་པའི་མངལ་དུ་རང་བྱུང་ཤེས་རབ་སྦྲུམ། །

དད་པ་འདི་ཉིད་ལེགས་ཚོགས་འབྱུང་གནས་ཡིན། ། 

 

 

སྣང་བའི་ཡིད་ཁམས་སྙིང་དུ་མཛེས་ན་ཡང་། །

ཐག་ཆོད་མེད་ན་སྐད་ཅིག་མི་སྡོད་པའི། །

སྲོག་གི་དྭངས་མ་འཛིན་པའི་དད་སེམས་འདི། །

གཏན་བདེའི་ས་ཆེན་ཟིན་པའི་ལམ་བུ་ཡིན། །

 

 

སྙན་བརྒྱུད་མན་ངག་ཇི་ལྟར་ཟབ་ན་ཡང་། །

སྙིང་གི་དད་སེམས་འདི་ལས་ཟབ་ཅིག་མིན། །

འདི་ལ་ཤེས་རབ་དང་ནི་སྙིང་རྗེ་ཡི། །

བསོད་ནམས་དག་གིས་རང་ནས་འཁྱུད་དེ་ཡོད། །

 

 

འདི་ཉིད་ཡོད་ན་ངེས་དོན་ངེས་དོན་ཡིན། །

འདི་ཉིད་མེད་ན་ངེས་དོན་ངེས་དོན་མིན། །

འདི་ཉིད་ཡོད་ན་དྲང་དོན་བདེན་མེད་ཡིན། །

འདི་ཉིད་མེད་ན་དྲང་དོན་བདེན་གྲུབ་མིན། །

 

 

འདི་ཉིད་ཡོད་ན་འཇིག་རྟེན་གཙང་མ་ཡིན། །

དག་པའི་ཞིང་མཆོག་དེ་ཡང་གཞན་ན་མེད། །

སེམས་དཔའ་སེམས་མ་དག་ཀྱང་མཐོང་ལམ་གྱི། །

གང་ཟག་དག་ལས་གཞན་དུ་མེད་པ་ཡིན། ། 


 

འདོད་ཆགས་ཆེན་པོ་དྭངས་ཤིང་གསལ་བ་ཡིན། །

བདེ་བའི་བདེ་ཆེན་དེ་ཡི་གཤིས་ན་ཡོད། །

དེ་ལྟར་གཞན་པའི་ཉོན་མོངས་དག་ལ་ཡང་། ། 

རྟོགས་ན་ཡོན་ཏན་ཕུན་ཚོགས་གདོད་ནས་གྲུབ། །

 

 

ཤེས་ན་རྒྱལ་བ་ཁྱོད་དང་དབྱེར་མེད་ཡིན། 

མ་ཤེས་རྒྱལ་བ་གར་ཡོད་མི་མཁྱེན་པའི། །

ཤེས་དང་མི་ཤེས་གཉིས་ཀྱི་ས་མཚམས་ནས། །

འགྲོ་དང་མི་འགྲོ་དག་གི་མཚན་མ་བྱུང་། །

 

 

སྣང་བ་ལམ་དུ་འཁྱེར་ན་མི་ཆོག་ཅེས། །

དབུ་དཀར་རྒན་པོས་འཁར་བ་འཕྱར་དེ་སྨྲ། །

སྡེ་སྣོད་གསུམ་ལས་འདི་འདྲ་མ་བསྟན་ཅེས། །

ལུས་པོ་ལྕུག་ལྕུག་ངང་ནས་ཤེས་ཀྱིས་སྨྲས། ། 


 

དེ་ལྟར་གྲུབ་མཐའི་བློ་ཡིས་བསྒྱུར་བ་ཡི། །

གང་ཟག་ཁྱོད་ཉིད་ཁོ་བོར་གཤེ་ན་ཡང་། །

སྙིང་གི་བྱམས་བརྩེའི་ཆུ་རྒྱུན་ཇེ་འབབ་རེད། །

དགེ་ཚོགས་ཡོན་ཏན་ཁྱོད་ལ་བསྔོ་བ་ཡིན། ། 

 

 

གཞུང་བརྒྱའི་ཤོག་མཐའ་བདག་གིས་མ་བསྒྱུར་ཡང་། །

ཕ་རྒོད་རྡོ་རྗེ་འཆང་གི་བྱིན་རླབས་ལས། །

རྟེན་འབྱུང་སྒྱུ་མའི་གར་གྱི་འཕྲུལ་བག་དེས། །

ངོ་བོའི་གནས་ཚུལ་རྟོགས་པའི་དད་པ་རྙེད། །

 

 

བྱང་ཆུབ་སེམས་མཆོག་དད་པའི་མངལ་ནས་སྐྱེས། ། 

ངེས་འབྱུང་རྣམ་དག་དེ་ཡང་དེ་བཞིན་ལགས། །

དེའི་ཕྱིར་བརྗོད་མེད་ཤེས་རབ་དེ་ཀ་ཡང་། །

དད་སེམས་ནོར་བུའི་ཀློང་ནས་མངོན་པར་འགྱུར། །

 

དོན་དུ་དད་པ་འདི་ཡང་དད་པ་མིན། །

དད་སེམས་རང་མཚན་པ་ལས་འདི་ཉིད་འདས། །

དེའི་ཕྱིར་ཁོ་བོས་བརྗོད་པའི་དད་པ་འདི། །

ཀུན་བཟང་གདོད་མའི་མགོན་པོའི་རང་ཞལ་ཡིན། །  

 

 

སྣང་བ་དྭངས་དྭངས་བྱོས་དང་སྐྱིད་པོ་ཡིན། །

རིག་པ་གསལ་གསལ་བྱོས་དང་གནད་ཅིག་ཡོད། །

དབེན་པའི་རུ་སུལ་དག་ལ་རྟག་ཏུ་སོང་། །

ཁ་ཏོན་བཟླས་སྦྱོར་དེ་ཡང་ཆགས་མེད་དགོས། ། 


 

བརྗོད་མེད་རིག་པའི་གདེང་གི་གླུ་ཆུང་འདི། །

ཡང་དག་རྒྱལ་བའི་ལམ་ལ་མོས་པ་ཡི། །

སྐལ་བཟང་སྐྱེས་བུའི་ཚོགས་ཀྱི་སྤྱན་ལམ་དུ། །

གང་ཤར་རང་གྲོལ་རྩལ་གྱིས་བྲིས་ཏེ་ཕུལ། །

 

 

སྙིང་བོ་དོན་གྱི་སྲོག་གི་ཀ་བ་ལ། །

གསར་བྱུང་ཐ་སྙད་འགའ་ཡིས་དཀྲིས་པ་དང་། །

དེང་རབས་རྩོམ་སྟངས་ཤིག་ཀྱང་བསྣན་ཡོད་པའི། །

དཔལ་ལྡན་སྲོལ་རྒྱུན་རྒན་པོར་བཤགས་པར་བགྱི། །

གྲུབ་མཐའ་གཞན་གྱི་བླ་མ་ཞིག་དང་ཁ་བརྡ་བྱས་རྗེས་སྣང་བ་ཟལ་ཟིལ་ཞིག་གི་ཁམས་ལས་དབང་མེད་པར་ཅང་སོའུ་ནས་བྲིས།


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/2/12 བལྟ་ཀློག (1308)