རིན་མེད་གཟིགས་འབུལ།

 

མདུན་ཤོག

རྒྱབ་ཤོག


༄༅། །བརྡ་ཡིག

དེ་ཡང་གཞན་ཕན་སྙིང་བོར་གྱུར་པའི་ནང་བསྟན་རིག་གཞུང་བསྐལ་བརྒྱར་གནས་ཕྱིར་གངས་ཅན་མཁས་པ་སྔ་མའི་ཤེས་རབ་ཀྱི་ཉིང་བཅུད་སྦྲུམ་པའི་ལེགས་བཤད་རྩ་ཆེན་༼ བླ་མ་མཆོད་པའི་ཁྲིད་ཡིག་གསང་བའི་གནད་རྣམ་པར་ཕྱེ་བ་སྙན་བརྒྱུད་ མན་ངག་གི་གཏེར་མཛོད་ ༽དང་༼ དགེ་ལྡན་བཀའ་བརྒྱུད་རིན་པོ་ཆེའི་ཕྱག་ཆེན་རྩ་བ་རྒྱལ་བའི་གཞུང་ལམ་ ༽ཞེས་བྱ་བ་དང་ ༼ དགེ་ལྡན་བཀའ་བརྒྱུད་རིན་པོ་ཆེའི་ཕྱག་ཆེན་རྩ་བ་རྒྱས་པར་བཤད་པ་ཡང་གསལ་སྒྲོན་མེ ༽ཞེས་བྱ་བ་༼ བར་དོ་འཕྲང་སྒྲོལ་གྱི་གསོལ་འདེབས་འཇིགས་སྒྲོལ་གྱི་དཔའ་བོ་ ༽ཞེས་བྱ་བ་དང་༼ བར་དོའི་འཕྲང་སྒྲོལ་གྱི་འགྲེལ་བ་གཏན་བདེའི་བསིལ་བ་སྟེར་བྱེད་ཟླ་ཟེར་ ༽ཞེས་བྱ་བ་བཅས་ཉེར་མཁོའི་གཟིགས་དཔེ་ཁག་ཅིག་ཕྱོགས་བསྡུས་ཀྱི་དེབ་ཅིག་ཕྱོགས་དང་རིས་སུ་མ་མཆིས་པའི་སློབ་གཉེར་བ་དག་ལ་རིན་མེད་གཟིགས་འབུལ་གྱི་དགོས་མཁོ་སྐོང་བའི་ལས་འཆར་གཏན་འཁེལ་བྱས་པ་ལགས་ན།  དོན་དམ་པར་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་གྱི་སེམས་བསྐྱེད་བརྟན་པོ་ཡོད་ན་ཚོང་ལས་ཀྱི་ཁེ་ཕན་སྤངས་པའི་པར་སྐྲུན་གྱི་ལས་སྒྲུབ་ཁང་འདི་ཡང་ཆོས་རིག་ཉག་ཕྲ་བའི་སྐབས་འདིར་འཕྱར་གྲུ་མཉམ་འདེགས་དང་ཁུར་བོ་མཉམ་ལེན་བྱས་པ་ཡིན་པས།

ཁྱེད་དགོན་པ་དང་༼ གཞུང་སྒེར ༽གང་ཡིན་ཡང་བརྡ་སྦྱོར་འདི་ལག་ཏུ་འབྱོར་འཕྲལ་ངེད་རྔ་ཡུལ་ཁཱ་ཤཱི་དགོན་བཀྲ་ཤིས་དགེ་འཕེལ་བསམ་གཏན་གླིང་གི་ནང་བསྟན་རིག་པའི་དཔེ་ཚོགས་པར་སྐྲུན་དངོས་འབུལ་ཁང་ལ་འབྲེལ་གཏུགས་བྱེད་རྒྱུ་མ་བརྗེད།


རྔ་ཡུལ་ཁཱ་ཤཱི་དགོན་ངོ་སྤྲོད་མདོར་བསྡུས།
 ཤེས་འདོད་ན་འདི་ནོན    

འབྲེལ་གཏུག་བྱ་ས།

ཁཱ་ཤེས་རབ་རྒྱ་མཚོ།

18719510777

    15283703999

    18011261777

ཆོས་དབྱིངས་རྒྱ་མཚོ།

15183729333

བོད་མདོ་དབུས་ཁམས་གསུམ་གྱི་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་ཁག་དང་སློབ་གྲྭ་དང་སྤྱི་ཚོགས་སྟེང་གི་དཔེ་མཛོད་ཁང་སོགས་ལ་རིན་མེད་གཟིགས་འབུལ་གྱི་དཔེ་ཆ་འདི་འབྱོར་རྗེས་ང་ཚོ་ལ་ལེགས་སྐྱེས་དང་འབྱོར་ལན་དགུ་བརྒྱ་ལྷག་འབྱོར་ཡོད།

དབུས་སུ་མགར་སྤྲུལ་ཡོན་ཏན་རིན་ཆེན་ལགས་དང་གཡོན་དུ་དགེ་བཤེས་བློ་བཟང་སྙན་གྲགས་གཡས་སུ་ཁཱ་ཤེས་རབ་རྒྱ་མཚོ་སོགས་ཀྱིས་ཐོ་འགོད་བསྡུ་བསྒྲིགས་ཞུས་པ།


མདོ་དབུས་ཁམས་གསུམ་ནས་ངེད་ནང་བསྟན་དཔེ་ཚོགས་དངོས་འབུལ་ཁང་ལ་བསྟོད་བྱང་དང་རྒྱབ་སྐྱོར་བཟང་བོ་ཐོབ་ཡོད། ང་ཚོའི་རེ་བ་ནི་རིན་མེད་གཟིགས་འབུལ་གྱི་དཔེ་ཆ་གང་ཡིན་ཡང་དཔེ་གཟིགས་གནང་རྒྱུ་དང་ཁྲིད་རྒྱུན་སྤེལ་བ་ཡིན་ན་རྒྱབ་སྐྱོར་དེ་ལས་གཞན་ཅི་ཡང་མི་དགོས་པས་ནང་བསྟན་དཔེ་ཚོགས་འདི་དག་ཁྱབ་སྤེལ་བྱེད་པར་གུས་འདུད་ཞུ་བཞིན་ཡོད།

༄༅། །ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་མཚམས་སྦྱོར་མདོར་བསྡུས།

   དེ་ཡང་བླ་མ་མཆོད་པའི་ཁྲིད་ཡིག་གསང་བའི་གནད་རྣམ་པར་ཕྱེ་བ་སྙན་རྒྱུད་མན་ངག་གི་གཏེར་མཛོད་ཅེས་བྱ་བ་འདི་ཉིད་མཛད་པ་བོ་ནི།མདོ་སྔགས་རིག་གནས་དང་བཅས་པ་ལ་མི་འཇིགས་པའི་སྤོབས་པ་ཐོབ་ཅིང་མཁས་དགུའི་གཙུག་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་ཞིང་བདུད་དང་ཕྱི་རོལ་རྒོལ་བ་གང་གིས་ཀྱང་འགྲན་པའི་རྔོ་མི་ཐོགས་པ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ཁོང་ལགས་ཤིང་།རྗེ་འདི་ནི་གཙང་སྟོད་སྐྱིད་གྲོང་པད་ཁུད་ནང་བའི་རིགས་སུ་ཡབ་ཚངས་པ་དཀར་པོ་དང་ཡུམ་ཚེ་རིང་དཔལ་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཆུ་སྦྲུལ་སྤྱི་ལོ་(༡༧༡༣)ལོར་དགེ་ལེགས་ཀྱི་མཚན་མ་དང་བཅས་ཏེ་སྐུ་འཁྲུངས།

   དགུང་ལོ་བདུན་ཏེ་ས་ཕག་སྤྱི་ལོ་(༡༧༡)ལོར་ཐོས་བསམ་གླིང་གི་ཆོས་རྗེ་ཚེ་བརྟན་རྣམ་རྒྱལ་གྱི་དྲུང་དུ་དབུ་སྐྲ་གཙུག་ཕུད་ཕུལ་ཏེ་མཚན་ལ་དབུ་རྒྱན་ཆོས་འཕེལ་ཞེས་བསྩལ།ཨ་ནེས་ཀློག་བསླབས།

   དགུང་ལོ་བརྒྱད་དེ་ལྕགས་བྱི་སྤྱི་ལོ་(༡༧༢༠)ལོར་གཙང་བཀྲ་ཤིས་ལྷུན་པོའི་དྲུང་རམས་པ་ནས་ཆོས་སྤྱོད་ཀྱི་རིགས་འཛིན་སྐྱོར་ཟླ་མེད་གནང་།

   དགུང་ལོ་བཅུ་སྟེ་ཆུ་སྟག་སྤྱི་ལོ་(༡༧༢༢)ལོར་གཙང་བཀྲ་ཤིས་ལྷུན་པོའི་ཆོས་སྒོར་ཞུགས་ཤིང་།ལོ་དེར་༧པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས་པས་མཚན་ཡེ་ཤེས་རྒྱལ་མཚན་ཞེས་འདོགས་པར་གནང་།

   དགུང་ལོ་བཅུ་བདུན་ཏེ་ས་བྱི་སྤྱི་ལོ་(༡༧༢)ལོའི་བར་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་མཛད། དེ་རྗེས་སྐྱིད་གྲོང་དུ་ཕེབས་ནས་ལོ་གསུམ་རིང་སྒྲུབ་པ་ལ་བརྩོན།

   དགུང་ལོ་ཉི་ཤུ་སྟེ་ཆུ་བྱི་སྤྱི་ལོ་(༡༧༣༢)ལོར་གྲུབ་དབང་བློ་བཟང་རྣམ་རྒྱལ་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།

   དགུང་ལོ་ཉེར་གཅིག་སྟེ་ཆུ་གླང་སྤྱི་ལོ་(༡༧༣༣)ལོར་དབུས་སུ་ཕེབས་ཏེ་ཕུར་ལྕོག་བྱམས་པ་རིན་པོ་ཆེར་མཇལ་ནས་ཟབ་ཆོས་འགའ་ཞུས་རྗེས་ས་ཕུག་གཅིག་ཏུ་སྲོག་འཚོའི་འཚོ་བར་བཅས་ཏེ་ལོ་གཅིག་རིང་བཞུགས།

   དགུང་ལོ་ཉེར་གསུམ་སྟེ་ཤིང་ཡོས་སྤྱི་ལོ་(༡༧༣)ལོར་སྐྱིད་གྲོང་དུ་ཕེབས་ནས་གྲུབ་དབང་རིན་པོ་ཆེ་ཞི་བར་གཤེགས་པའི་དགོངས་རྫོགས་བསྒྲུབས།

   དགུང་ལོ་ཉེར་ལྔ་སྟེ་མེ་སྦྲུལ་སྤྱི་ལོ་(༡༧༣༧)ལོར་དིང་རིར་ཕ་དམ་པའི་སྒྲུབ་གནས་མཁའ་འགྲོའི་གསང་ཕུག་ཏུ་འཚོ་བ་ངན་ངོན་ལ་བརྟེན་ནས་སྔ་རྗེས་མི་ལོ་བཅུ་གཉིས་ཧྲིལ་བོ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ།

   དགུང་ལོ་ཞེ་བཞི་སྟེ་མེ་བྱི་སྤྱི་ལོ་(༡༧༦)ལོ་ནས་དགུང་ལོ་རེ་ལྔ་སྟེ་མེ་བྱ་སྤྱི་ལོ་(༡༧༧༧)ལོའི་བར་སྐྱིད་གྲོང་བསམ་གཏན་གླིང་དང་། དགའ་ལྡན་ཕུག་པོ་ཆེ། ཆོས་སྡིངས་ཚུལ་ལྡན་གླིང་།བལ་ཡུལ་ཐང་ངྷི་ཧ་ར་སོགས་ཀྱི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ཉམས་གསོ་གནང་།

   དགུང་ལོ་རེ་གཉིས་ཏེ་ཤིང་རྟ་སྤྱི་ལོ་(༡༧༧༤)ལོ་ལ་ཕེབས་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་ཐམས་ཅད་མཁྱེན་པ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་དང་པཎྡི་ཏའི་མཚན་བསྟོད་བཞེས་ནས་ཕོ་བྲང་ཆེན་པོ་པོ་ཏ་ལར་བཞུགས་ཏེ་དགུང་ལོ་བརྒྱད་ཅུ་སྟེ་ཆུ་བྱི་སྤྱི་ལོ་(༡༧༢)ལོའི་བར་ཡོངས་འཛིན་མཛད།

   དེ་ཡང་ཁོང་གིས་འཆད་རྩོད་ངག་ལ་མ་ངེས་པར་སྲིད་ཕྱིར་མི་འཁྲུལ་རྩོམ་པ་དེ་ཞེས་གསུངས་པ་ལྟར་བསྟན་པ་རིན་པོ་ཆེ་གསལ་བར་མཛད་པའི་བསྟན་བཅོས་མཛད་པ་ལའང་།གཞུང་ལུགས་དང་། མདོ་སྔགས་ཀྱི་ཊཱིཀྐ། གསོལ་འདེབས། རྣམ་ཐར། བསྟོད་ཚོགས་དང་རྟོགས་བརྗོད། སྡེབ་སྦྱོར་གྱི་སྐོར་སོགས་མང་དག་ཅིག་གཞན་དབང་དུ་བརྩམས་ཀྱང་འདིར་རེ་རེ་བཞིན་བརྗོད་ན་མང་དོགས་པས་ཉུང་ངུ་བརྗོད་ན་《བླ་མ་མཆོད་པའི་ཁྲིད་ཡིག》དང་།《སྐྱེས་རབས་སོ་བཞིའི་རྣམ་བཤད་ཐེག་ཆེན་གསལ་བའི་སྒྲོན་མེ།》《ཤེར་ཕྱིན་སྟོང་ཕྲག་བརྒྱད་པ།》《མངོན་རྟོགས་རྒྱན་སྦྱར་ཏེ་བྱང་ཆུབ་ལམ་གྱི་རིམ་པའི་གནད་རྣམས་གསལ་བར་སྟོན་པའི་ཤེར་ཕྱིན་གསལ་བའི་སྒྲོན་མེའི་ལེགས་བཤད།》《དམ་ཚིག་རྡོ་རྗེའི་དངོས་གྲུབ་ཀུན་འབྱུང་།》《ལམ་རིམ་བླ་རྒྱུད།》སོགས་མདོ་སྔགས་ཀྱི་ཆོས་དཔེ་པོད་འབྲིང་བཅུ་དགུ་ཙམ་མཛད།

   དབུས་གཙང་གི་ཆོས་སྡེ་ཆེ་ཆུང་ཚང་མར་འདུལ་བའི་ཕྱག་ལེན་དང་ལམ་རིམ་གྱི་འཆད་སྤེལ་ནར་མར་བསྐྱངས།

   དགུང་ལོ་དོན་བདུན་བཞེས་པ་ས་བྱ་སྤྱི་ལོ་(༡༧༨)ལོར་རྒྱལ་བ་འཇམ་དཔལ་རྒྱ་མཚོའི་ཐུགས་མོས་བྱུང་བ་ལ་བརྟེན་ནས་བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་ལ་རག་ལས་པར་དགོངས་ཏེ་གྲིབ་ཚེ་མཆོག་གླིང་དགོན་པ་ཕྱག་བཏབ་པས་འཆད་ཉན་གྱི་སྲོལ་རྒྱ་ཆེན་བཏོད།

   དགུང་ལོ་གྱ་གཅིག་ལ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ཆུ་གླང་སྤྱི་ལོ་(༡༧༣)ལོར་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་དགོངས་པ་ཆོས་དབྱིངས་སུ་ཐིམ།

རྔ་ཡུལ་ཁཱ་ཤཱི་དགོན་བཀྲ་ཤིས་དགེ་འཕེལ་བསམ་གཏན་གླིང་གི་ནང་བསྟན་རིག་པའི་

དཔེ་ཚོགས་པར་སྐྲུན་དངོས་འབུལ་ཁང་གིས།

2012.11.8ཉིན།


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/2/22 བལྟ་ཀློག (6402)