༄༅། །རྒྱལ་རབས་དེབ་ཐེར་དཀར་པོ་ཁག་གཉིས་པ།

གོང་མར་མཐུད་དགོས།

       ཤར་ཕྱོགས་སུ་རྒྱའི་ཡུལ་ཁམས་ཇི་ཙམ་བཟུང་བ་སོགས་ནི། འོག་གི་རྒྱལ་རབས་ཀྱི་ཞར་ལ་གསལ་ཞིང་། མདོར་ན་དེ་དུས་གླིང་ཆེན་ཡོངས་རྫོགས་འདི་ན་བོད་དང་མཉམ་པའི་རྒྱལ་ཁབ་སྟོབས་ཆེ་བ་སུ་ཡང་མེད་པར་ཡོངས་སུ་གྲགས་ལ། ལྷག་པར་ཡང་རྗེ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་ཙ་ན། མངའ་ཐང་དར་བའི་རྩེ་མོར་སོན་ཏེ། རྒྱལ་ཁབ་ཀྱི་ས་ཁྱོན་ཡང་ཕལ་ཆེར་གླིང་ཧྲིལ་པོའི་སྟེང་དུ་རྒྱ་བསྐྱེད་ཅིང་། བོད་འབངས་མིན་པའི་ཕྱོགས་རྣམས་ན་ཡང་། བླ་སྐྱེས་འབུལ་ཞིང་བཙན་པོའི་བཀའ་ལུང་ལེན་པོའི་རྒྱལ་ཕྲན་མང་དུ་ཡོད་པ་ཡིན་འདུག་པས། རིག་འཛིན་འཇིགས་མེད་གླིང་པས། འཛམ་གླིང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན། ཞེས་བསྔགས་པ་ཡང་དོན་ལ་གནས་པའི་གསུང་ཡིན་ནོ། །ཚལ་པའི་དེབ་དམར་དུ་རྒྱའི་རྒྱལ་རབས་དྲངས་པ་ལས་ཀྱང་། དེ་དུས་བོད་ཀྱི་མཐའ་བཞི་ནི། ཤར་དུ་ལྕེའུ། མུ་ཅིའུ། སུ་ཅིའུ་གསུམ་ཡིན། ལྷོར་བྲམ་ཟེའི་ཡུལ་དང་། བྱང་དུ་ཧོར་གྱི་ཡུལ་ཏེ། དེ་རྣམས་བསྐོར་བ་ལ་དཔག་ཚད་སྟོང་ཕྲག་མང་པོ་ཡོད་པས། བོད་ལས་དཔའ་བ་དང་། བརྟུལ་ཕོད་པ། རྒྱའི་གོང་མ་ཧཱན་དང་། གཡུ་དང་༑ ལྕིའུ་ལ་སོགས་པའི་དུས་སུ་ཡང་མ་བྱུང་བ་ཡིན་ནོ་ཞེས་བཤད་པ་ལྟར་རོ།།

ལྷན་གཅིག་སྐྱེས་པའི་གངས་ཀྱི་མུ་ཁྱུད་ལ།།

ལུགས་གཉིས་ཐབས་ཤེས་དུང་གི་མཁར་བསྐྱིལ་པའི།།

རིགས་གསུམ་མགོན་པོས་སྤྲུལ་པའི་རྒྱལ་ཁམས་འདིའི།།

ཕྱོགས་བཞིའི་རྒྱ་ཁྱོན་སུ་ཡིས་འཇལ་བར་ནུས།།

ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

    ཡིད་བརྟན་འཕེར་བའི་རྒྱལ་རབས་སྨྲ་བ་ལ། སྔ་ཕྱིའི་དུས་ཚིགས་ཤེས་པ་མེད་དུ་མི་རུང་བ་ཡིན་པས། འདིར་ལོ་ཚིགས་ཀྱི་རིམ་པ་གང་ལ་སྦྱོར་བའི་གཞི་བཤད་པར་བྱ་སྟེ། དེ་ཡང་འོག་ཏུ་བཀོད་པའི་བྱུང་བ་འདི་རྣམས་རབ་བྱུང་དང་པོ་སོགས་ཀྱི་ཁོངས་སུ་མི་འདུ་བ་ཡིན་ལ༑ དེའི་ཡན་གྱི་ལོ་རྣམས་བསྣན་པའི་ལུགས་སུ་བརྩི་བ་ཡང་སྟབས་མི་བདེ་ཞིང་། རྒྱ་གར་པ་ལ་གྲགས་པའི་བིཀྲམའི་ལོ་ཚིགས་སོགས་ཀྱང་ཕྱོགས་འདིར་རྒྱུས་མེད་པས་མགོ་འཁྲུག་པའི་རྐྱེན་དུ་འགྱུར་ལ། གཞན་ཕྱི་ལོར་གྲགས་པ་དེ་ཡང་ཡེ་ཤུ་གྲོངས་པའི་ལོ་ནས་བརྩི་བར་འདུག་པས་རང་ཅག་ལ་འོས་འགབ་མི་ཆེ་བར་མཐོང་ནས། འདིར་རྒྱལ་རབས་རྣམས་སངས་རྒྱས་མྱ་ངན་ལས་འདས་ནས་དུ་སོང་ལ་སྦྱོར་བར་བྱས་སོ།  །སྟོན་པ་འདས་པའི་ལོ་གང་ཡིན་ལ་ཡང་མཁས་པ་རྣམས་ཤིན་ཏུ་མི་མཐུན་མོད་ཀྱི། འདིར་བཀོད་པ་ནི་ལྷོ་ཕྱོགས་སིངྒྷལཔའི་གནས་བརྟན་པ་དག་གི་ལུགས་དེ་ཡིན་ཅིང་། བརྩི་ཚུལ་ཀུན་གྱི་ནང་ན་འདི་ཉིད་ཁོ་ན་རྒྱུ་མཚན་ཆེ་བར་མཐོང་སྟེ། དེ་ཡང་སངས་རྒྱས་འདས་ནས་ཉིས་སྟོང་སུམ་བརྒྱ་ལས་མི་ཉུང་བ་ནི། ཆོས་རྒྱལ་མྱ་ངན་མེད་ཀྱི་ཡབ་མཽརྱའི་རྒྱལ་པོ་ཙནྡྲ་གུཔྟ་(ཟླ་བ་སྦས་པ་པའི་)སྐབས་སུ། ཡཱབནའི་བློན་པོ་མེགྷསྠཱན་རྒྱ་གར་དབུས་སུ་སླེབས་ཤིང་། སྐྱ་ནར་བུའི་གྲོང་དུ་ཡུན་རིང་བསྡད་པ་དེའི་ལམ་ཡིག་ཏུ། ཡུལ་དབུས་ན་སངས་རྒྱས་པའི་རབ་བྱུང་བཞུགས་པ་མཐོང་ཚུལ་སོགས་བྲིས་པ་འདིས་ཤེས་ལ། བློན་པོ་དེ་དང་ཟླ་བ་སྦས་པའི་དུས་ན་ཅུང་ཟད་ཀྱང་མ་ནོར་བར་བརྩི་ནུས། སྟོན་པ་འདས་ནས་ཉིས་སྟོང་ལྔ་བརྒྱ་ལས་མི་མང་བ་ནི། སྙིང་རྗེ་པད་དཀར་དང་། ལྷ་ལས་ཕུལ་བྱུང་གི་འགྲེལ་པར་སྟོན་པ་འདས་ནས་ལོ་བརྒྱ་ན་མྱ་ངན་མེད་འབྱུང་བར་གསུངས་ཤིང་། རྟོག་གེ་འབར་བ་དང་། བྷབྱའི་སྡེ་པ་ཐ་དད་དུ་འབྱེད་པ་ལས། བརྒྱ་དང་དྲུག་ཅུ་ན་ཡིན་ཞེས་བཤད། ཀུན་མཁྱེན་བུས་བརྒྱ་དང་བཅུ་པ་ལ་མྱ་ངན་མེད་ཀྱིས་སྦྱིན་བདག་བྱས་ནས། བཀའ་བསྡུ་གཉིས་པ་བྱས་པར་གསུངས། སིངྒྷ་ལའི་གནས་བརྟན་མིང་ཆེན་གྱིས་མཛད་པའི་མ་ཧཱ་བངྴར་ཉིས་བརྒྱ་རེ་གཅིག་པར་མྱ་ངན་མེད་ཁྲི་ལ་འཁོད་དེ། ལོ་བཞི་བཅུར་སྲིད་བསྐྱངས་ནས་གྲོངས་ཞེས་བྲིས་པ་དང་། འགོས་ལོས་གཏད་རབས་ཤོག་འཁྱར་ཞིག་བསྒྱུར་བ་ལས། བར་སྐབས་དེར་སངས་རྒྱས་འདས་ནས་ལོ་སུམ་བརྒྱ་ལོན་ཏེ། མྱ་ངན་མེད་ཅེས་བྱ་བའི་རྒྱལ་པོ་དེ་ཤི་ནས། ཞེས་གསུངས་པ་གཉིས་ལོ་གཅིག་གིས་ཀྱང་ཆད་ལྷག་མེད་པར་སྙན་གྱིས་མཐུན་ནོ།  །དེས་ན་ཇི་ཙམ་ཕྱིས་ཀྱང་སྟོན་པ་འདས་ནས་ལོ་ཉིས་བརྒྱ་ལྔ་བཅུའི་ནང་རོལ་དུ། མྱ་ངན་མེད་འཁྲུངས་ནས་ཡོད་ངེས་པས་སོ། །དེའི་ཕྱིར་ཉན་ཐོས་སྡེ་པའི་བསྟན་རྩིས་འདི་ཁོ་ན་རྒྱུ་མཚན་ཅི་བས་ཀྱང་ཆེ་བ་ཡིན་ཞིང་། གལ་ཏེ་ནོར་ན་ཡང་ལོ་བཅུ་སྐོར་འགའ་ཞིག་གིས་ཆད་ལྷག་འབྱུང་སྲིད་པ་ཙམ་ཡིན་གྱི། སྟོང་གྲངས་ཕར་ཟད་བརྒྱ་གྲངས་ལ་ཡང་ནོར་བའི་གནས་མེད་དོ། །སྔར་རྒྱ་བལ་ཁ་ཆེ་ཀུན་ཏུ་ཡང་མཁས་པ་རྣམས་བརྩི་ཚུལ་འདི་ཉིད་ལ་ཆ་འཇོག་པར་འདུག་ལ། སྤྱིར་སྔ་མོའི་དུས་སུ་ཉན་ཐོས་ཀྱི་དགོན་པ་རྣམས་ན། སངས་རྒྱས་འདས་ནས་ལོ་ཟླ་ཞག་གྲངས་ཇི་སོང་གི་ཐོ་ཉི་མ་རེ་བཞིན་འདེབས་སྲོལ་ཡོད་འདུག་པས་འདི་འདྲ་ཁུངས་སུ་མི་ཆེ་ན་གཞན་ཅི་ཞིག་ལ་རྟོན། བོད་ཀྱི་མཁས་པ་འགའ་ཞིག་གིས། ཉན་ཐོས་བེེན་ངྷ་པ་(འདི་ལ་སེན་ངྷ་པ་ཞེས་ཡིག་ནོར་རྒྱུན་འབྱམས་སུ་སོང་ཡང་། བེེཎྚ་པ་སྟེ་བསོད་སྙོམས་པ་བྱའོ།།)རྣམས་ཀྱིས་སངས་རྒྱས་འཁྲུངས་པ་དང་། རྡོ་རྗེ་གདན་གྱི་སྐུ་བརྙན་བཞེངས་པ་གཉིས་ནོར་ནས་བརྩིས་པས་ཡིད་བརྟན་མེད་ཅེས་བརྙས་པར་མཛད་ཅིང་། རང་ལུགས་ལ་དེའི་སྟེང་དུ་ལོ་སྟོང་ཙམ་བསྣན་མོད། རྡོ་རྗེ་གདན་གྱི་སྐུ་བརྙན་བཞེངས་པའི་ཚེ། སངས་རྒྱས་མཇལ་མྱོང་བའི་རྒན་མོ་ལོ་བརྒྱ་ལྷག་ལོན་པ་ཞིག་ཀྱང་ཡོད་ཅེས་བཤད། སྐུ་དེ་ལ་ཀུན་དགའ་བོའི་སློབ་མ་ཤ་ནའི་གོས་ཅན་གྱིས་སྤྱན་འབྲས་ཕུལ་ཚུལ་སོགས་ཀྱང་འབྱུང་། དེས་ན་སྐུ་བརྙན་བཞེངས་པ་དང་སངས་རྒྱས་འཁྲུངས་པ་གཉིས་ནོར་བའི་དབང་དུ་བྱས་ན་ཡང་། ལོ་བརྒྱ་སྐོར་ཅིག་ནོར་སྲིད་མོད། སྟོང་ཕྲག་ཙམ་ནོར་བའི་དོན་ཅི་ལ་ཡོད། དེར་མ་ཟད་མ་བྱོན་སངས་རྒྱས་གསུམ་པ་ཁ་ཆེ་བསོད་སྙོམས་པ་ཆེན་པོ་བོད་དུ་བྱོན་པའི་ཕྱི་ལོའི་ཤིང་བྱི་དེ། གནས་བསྟན་པའི་ལུགས་ཀྱིས་སྟོན་པ་འདས་ནས་ཆིག་སྟོང་བདུན་བརྒྱ་ཞེ་བརྒྱད་པ་ཡིན་ལ། དེ་དུས་ཁོང་གིས་སོལ་ནག་ཐང་པོ་ཆེར་བརྩིས་པ་ན།སངས་རྒྱས་འདས་ནས་ཆིག་སྟོང་བདུན་བརྒྱ་ལྔ་བཅུ་སོང་གསུངས་པ་ཡང་། རྩིས་ཀྱི་དབང་གིས་ལོ་གཉིས་མི་མཐུན་པ་ཙམ་ལས། དོན་ལ་པཎ་ཆེན་རང་ཉིད་ཀྱང་གནས་བརྟན་པའི་ལུགས་དེ་ལ་རྩ་བ་བརྟེན་པར་སྣང་ངོ་།  །དེས་ན་སྒོ་དུ་མ་ནས་བསམ་ཚེ་གནས་བརྟན་པའི་བསྟན་རྩིས་དེ་ཁོ་ན་ཁུངས་བཙན་པར་མཐོང་ནས། ཁོ་བོས་ཀྱང་འདིར་རྒྱལ་རབས་ཀྱི་གཞི་རྣམས་དེ་ལ་བརྟེན་ཏེ་བརྩིས་སོ། །དེ་ཡང་བརྩི་ཚུལ་འདིའི་དབང་དུ་བྱས་ཚེ། ད་ལྟའི་རབ་བྱུང་བཅུ་དྲུག་པའི་མེ་ཁྱི་འདི་སངས་རྒྱས་འདས་ནས་ཉིས་སྟོང་དང་བཞི་བརྒྱ་དགུ་བཅུ་པ་ཡིན་ལ། མེ་མཁའ་རྒྱ་མཚོ་བསྲེས་པའི་འདས་ལོའི་ཐོག་མ་མེ་ཡོས་དེ་ཆིག་སྟོང་ལྔ་བརྒྱ་དོན་གཅིག་པ་ཡིན། ཀོང་ཇོ་བོད་དུ་བྱོན་པའི་ལོ་དེ་ཆིག་སྟོང་བརྒྱ་དང་གྱ་བརྒྱད་པ་ཡིན་པ་སོགས་ཤེས་པར་བྱའོ།  །

ཤིན་ཏུ་ཡིད་འཕྲོག་བདེན་པའི་བཞིན་རས་ལ།།

མི་གསལ་རྩིས་ཀྱི་སེང་རས་གཡོགས་པ་འདི།།

དཔྱད་གསུམ་སོར་མོས་དུམ་བུར་རལ་བ་ཡི།།

མི་བསྲུན་མཁས་པའི་ཐོ་ཅོ་ཁོ་བོས་བྱས།།

                                         ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ་ཐོག་མའི་ཡན་ལག་རྣམས་རྫོགས་སོ།།

    ད་ནི་རྒྱལ་རབས་དངོས་ལ་འཇུག་པར་བྱ་སྟེ། དེ་ཡང་འོག་ཏུ་བཀོད་པའི་ཤོག་དྲིལ་ཚན་པ་གསུམ་ལས་་དང་འི་རྟགས་བཏབ་པ་གཉིས་ནི། གོང་སྨོས་བཞིན་ད་ལྟའི་ལོ་སུམ་ཅུ་ལྷག་གི་སྔ་རོལ་དུ། ལི་ཡུལ་གྱི་བར་མཐའ་ཏོང་ཧང་བྱ་བའི་གནས་སུ། སྔོན་གྱི་ལྷ་ཁང་ཞིག་རལ་དུ་གྱུར་པ་གཅིག་གི་རྩིག་པའི་གསེབ་ནས། བོད་དང་ཡུ་གུར་གྱི་ཡིག་རྙིང་ཤོག་དྲིལ་འཕོན་ཆེན་ཞིག་འཐོན་པའི་གྲས་ཡིན་ལ། ཡིག་རིགས་དེ་རྣམས་རྒྱལ་ཁབ་དུ་མས་བགོ་བཤའ་བྱས་ཤིང་། རྒྱ་གར་དང་ཕྱི་རྒྱའི་མཁས་པ་རྟོག་ཞིབ་བྱེད་པ་མང་པོ་ཞིག་གི་ལག་ཏུ་བཏང་བ་ལས། ཕྱི་མོ་དངོས་ཀྱི་ཆ་ཤས་དང་། དཔར་བཏབ་པ་དང་། ངོ་བཤུས་བྱས་པ་སོགས་སྣ་ཚོགས་ཤིག་ཕྲན་གྱིས་མཐོང་བ་རྣམས་ཕན་ཚུན་ཞིབ་བསྡུར་བྱས་ཏེ་ཡིད་བརྟན་རུང་བར་བཀོད་ལ། ད་ལྟ་འདིའི་ཕྱི་མོའི་བྱིངས་རྣམས་ཕ་རན་སི་དང་དབྱིན་གཞུང་གཉིས་ནས་བདག་སྤྲོད་བྱས་ཏེ་ཡོད་འདུག་ཅིང་། ཆ་ཤས་མང་ཙམ་ཞིག་པེ་ཅིང་དུ་ཡང་འཁྱེར་ཞེས་ཟེར།རྟགས་ཅན་རྣམས་ནི་ཤོག་དྲིལ་དེའི་གྲས་གཞན་རྣམས་ལས་མཁོ་བའི་ཆ་འགའ་ཞིག་དྲངས་པ་ཡིན། རྟགས་ཅན་དེ་ནི། ལོ་ཙཱ་ཝན་མང་མུ་དང་ཐང་ཞིས་བྱ་བའི་རྒྱའི་རྒྱལ་རབས་ནས་ཕུད་པ་ཡིན་ཞིང་། སྦུ་རེ་ཚལ་དུས་སུ་རྒྱའི་ལོ་ཙཱ་བ་གྱང་དྲུ་དང་། གུ་ཤྲཱི་རིན་ཆེན་གྲགས་པ་གཉིས་ཀྱིས་མདོར་བསྡུས་ཤིག་བསྒྱུར་ཏེ། ལྡེབ་ལྔ་དྲུག་ཙམ་ཞིག་ཚལ་པའི་དེབ་དམར་དུ་བཀོད་ཅིང་།དེ་བས་ཀྱང་ཆེར་བསྡུས་པ་ཞིག་དེབ་སྔོན་དུ་ཡང་བཀོད་འདུག་པ་དེ་གཉིས་འབྱུང་ཁུངས་གཅིག་པར་སྣང་ལ། ཚལ་པ་དང་འགོས་གཉིས་ཀས་ཀྱང་། བོད་ཀྱི་རྒྱལ་རབས་ཀྱི་རྩ་བ་དེ་ཁོ་ན་ལ་བརྟེན་ཏེ་བཤད་པ་ཡིན་ནོ། །ཐང་གུར་གྱི་རྒྱལ་རབས་དེ་དག་སྔར་གོང་མའི་དུས་སུ་ཀློགས་སྤེལ་བྱེད་པ་སོགས་ལ་བཀག་སྡོམ་ཙམ་ཡོད་ཅིང་། ཉེ་དུས་འདི་རྣམས་རྒྱལ་ཁབ་དུ་མའི་སྐད་རིགས་སུ་བསྒྱུར་བས། འཛམ་བུ་གླིང་གི་ངག་སྒྲོས་སུ་གྱུར་ཅིང་། སྐད་གཉིས་བྱང་བའི་མཁས་པ་དུ་མའི་གྲོགས་ཏན་དང་བཅས། བསྒྱུར་བ་ནང་ཕན་ཚུན་དང་ལྟེ་བའི་ཕྱི་མོ་ལ་སོགས་པ་གང་རྙེད་བསྡུར་ཏེ་ཁུངས་དག་པར་བྱས་ལ། ད་དུང་ཡང་རྒྱའི་མཁས་པ་གཟུར་གནས་འདྲ་བྱུང་ན། འདིར་གསལ་བའི་ཡུལ་དང་དམག་དཔོན་གྱི་མིང་སོགས་ལ་དག་ཐེར་གང་ཞིབ་གནང་བར་འཚལ།

         ལྷག་པར་ཡང་རང་ཅག་གིས་གཅེས་སྤྲས་སུ་བྱ་འོས་པ་ནི། རྒྱལ་རབས་ཀ་པའི་དུམ་བུ་འདི་ཡིན་ཏེ། འདི་ལ་སྲོང་བཙན་གྱི་ཁྲི་ལོ་དྲུག་མང་སློན་མང་བཙན་གྱི་ཁྲི་ལོ་ཉེར་གསུམ། འདུས་སྲོང་གི་ཁྲི་ལོ་ཉེར་དགུ། ཁྲི་ལྡེ་གཙུག་བཙན་གྱི་ཁྲི་ལོ་ཞེ་བཞིའི་བར་གྱི་བྱུང་རབས་རགས་པ་ཞིག་ཡོད་ཅིང་། ཚིག་སྣ་བསྡུས་དྲགས་པས། གཏམ་རྒྱུད་མཚར་ལ་རིང་བ་དགོས་མཁན་ཚོ་ལ། ཚིམ་པ་ཅུང་ཟད་ཀྱང་མི་བསྐྱེད་མོད་ཀྱི། རྒྱལ་རབས་དངོས་ལ་དཔྱོད་ན། གནད་དོན་ཆེ་ལ་གཞི་རྩ་བརྟན་པ་གསེར་གྱི་ས་གཞི་དང་མཚུངས་པ་ཞིག་ཡིན་ཅིང་། རྒྱལ་པོའི་དུས་ཀྱི་བོད་མི་རང་གིས་བྲིས་ཏེ། བཅོས་བསྒྱུར་མཁན་གྱི་སྨྱུ་གུའི་རྩེ་མོས་མ་རེག་པར། ལོ་ཆིག་སྟོང་ཉེ་བའི་ཡུན་ལ་རྡོ་དང་བྱེ་མའི་འོག་ཏུ་གཟིམས་པའི་ཡིག་རྙིང་རྒན་པོ་ཀུན་ལ་ངོམ་དུ་རི་བ་དེ་འདྲར་མ་ཟད། རང་ཅག་གི་སྔོན་གྱི་རྒྱལ་རབས་རྣམས་ཚིག་སྦྱོར་གྱི་རྣམ་པ་ཡང་འདི་འདྲར་ཡོད་སྙམ་སྟེ། དཔེར་ན་སྒྲ་སྦྱོར་བམ་གཉིས་སུ། རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་འོན་ཅང་རྡོ་ན་བཞུགས། སྟོད་སྨད་ཀྱི་རྐུན་ཆེན་བཏུལ། གར་ལོག་གི་ཕོ་ཉས་ཕྱག་འཚལ། རྔ་རྟ་ཕལ་པོ་ཆེ་ཕྱག་ཏུ་ཕུལ། སོགས་བྲིས་པ་དང་། འདིར། སྤྲེའུའི་ལོ་ལ། བཙན་པོ་དུངས་ཀྱི་སྟག་ཚལ་ན་བཞུགས། འབུག་ཅོང་གི་ཕོ་ཉས་ཕྱག་འཚལ་ཏེ། དབྱར་འདུན་དུངས་ཀྱི་ཁ་བུར། ཞང་བཙན་ཏོ་རེ་དང་། བློན་ཁྲི་གསུམ་རྗེས་བསྡུས། སོགས་བྱུང་བ་རྣམས་ཚིག་སྦྱོར་གྱི་འཇུག་པ་ཡང་ཤིན་ཏུ་འདྲ་བ་བཞིན་ནོ། །འགའ་ཞིག་གིས་འདི་དག་ནི་ཡོངས་སུ་མ་རྫོགས་པའི་རྒྱལ་རབས་ཀྱི་དུམ་བུ་རེ་ཡིན་པས། ཁུངས་སུ་མི་འོས་སྙམ་ན་ཡང་མི་རིགས་ཏེ། ལར་སྔོན་གྱི་ལོ་རྒྱུས་རྙིང་མ་ཡོད་རིགས་ཐམས་ཅད་ཀྱང་འདི་འདྲའི་དུམ་བུ་རེ་ཡིན་པ་རྦ་བཞེད་དང་། ཐང་ཡིག་ལྟ་བུ་ཡིན་ལ། འགོས་ལོས་ཀྱང་གཏད་རབས་ཤོག་འཁྱར་ཞིག་རྙེད་པ་ལ་རྩིས་སུ་མཛད་དེ། དེབ་སྔོན་དུ་བཅུག་པ་དེ་འདྲ་ལགས་ཤིང་། དེར་མ་ཟད་ད་ལྟ་རང་རེའི་བཀའ་འགྱུར་ན་བཞུགས་པའི་མྱ་ངན་འདས་ཆེན་དང་།

    ཕལ་པོ་ཆེ་ལ་སོགས་པའི་མདོ་དང་། ཀྱེེ་རྡོར་དང་གསང་འདུས་ལ་སོགས་པའི་རྒྱུད་སྡེ་འདི་དག་ཀྱང་། མདོ་རྒྱུད་དེ་དང་དེའི་དུམ་བུ་ཙམ་རེ་ཡིན་པར་མཁས་པ་ཐམས་ཅད་ཀྱིས་བཞེད་པ་ཡིན་ནོ།  །དཀྱུས་རྟགས་བཏབ་པ་རྣམས་ནི། རྒྱལ་རབས་ཀྱི་དུམ་བུ་དེ་རྣམས་གུང་བསྒྲིགས་ཏེ་རང་ཉིད་ཀྱིས་དཔྱད་པའི་ལུགས་སུ་བྱས་ཤིང་། ཐ་ན་བོན་གྱི་ངག་སྒྲོས་ཚུན་ཆད་ནས་ཀྱང་བླངས་ཏེ། ཐོས་པ་ཆུང་བས་འོལ་ཚོད་དང་། ཕྱོགས་ལྷུང་གི་གཅམ་བུ་ལ་སོགས་པའི་དྲི་མས་མ་གོས་པར་བྲིས་པའི་འཁུལ་དུ་ལགས་པས། གཟུར་གནས་དཔྱོད་ལྡན་འདྲ་ཡོད་ན་དགྱེས་པའི་མཆོད་ཡོན་དུ་ཡང་ཆེའོ་སྙམ་སྟེ། གང་གི་ཕྱིར་ཞེ་ན།

ཟོལ་གྱིས་བཅོས་པའི་སྨིན་མ་མི་གཡོ་ཞིང་། །

ཕྱོགས་སུ་ལྷུང་བའི་ཟུར་མིག་མི་བལྟ་བ། །

རང་བཞིན་གཤིས་ཀྱིས་འཛུམ་པའི་མེ་ཏོག་འདིས། །

དཔྱོད་ལྡན་སྐྱེ་བོའི་ཡིད་དབང་ཅིས་མི་འཕྲོག།སྙམ་དུ་བསམས་སོ། །

     བོད་ཀྱི་གནའ་སྲོལ་དང་རུས་ཁུངས་སོགས་ཀྱི་སྐོར།  ཤོག་དྲིལ་་བོད་ཀྱི་ཡུལ་དེ་རྒྱའི་རྒྱལ་ས་ཅང་ངན་ནས་ལེ་བར་སྟོང་བརྒྱད་ཀྱི་ས་ན་ཡོད། ཡུལ་དེ་ལ་སྔོན་ཧཱན་གྱི་གོང་མ་དག་གི་དུས་སུ་ནུབ་ཀྱི་འཇང་ཞེས་འབོད། བོད་མི་རྣམས་ཀྱི་རུས་ཐོག་མའི་འབྱུང་ཁུངས་ལེགས་པར་མ་ཤེས། འོན་ཀྱང་འགའ་ཞིག་ན་རེ། བོད་རྣམས་རྒྱལ་པོ་འཕན་མྱིའི་རྒྱུད་པ་ཡིན་ཟེར༑ སངས་རྒྱས་འདས་རྗེས་ཀྱི་ལོ་དགུ་བརྒྱ་ལྔ་བཅུ་ང་དགུ་པ་ལ། རང་གི་ཁུ་བོ་དགྲས་བསད་པས། འཕན་མྱི་གཉེན་དང་བཅས་པ་ནུབ་ཕྱོགས་སུ་བྲོས། རྨ་ཆུ་བརྒལ་ནས་རི་བོ་ཙུ་ཞིའི་རྒྱབ་ཏུ་སླེབས་ཏེ། འཇང་རྣམས་ཀྱི་ཁྲོད་དུ་ས་བཟུང་སྟེ་བསྡད། འཕན་མྱི་དེ་རང་བཞིན་བཟང་ཞིང་། སྦྱིན་པ་ལ་དགའ་བར་གྲགས་ཆེ་བས། འཇང་ཐམས་ཅད་ཁོའི་དྲུང་དུ་འདུས་ཏེ་རྒྱལ་པོར་བཀུར། དེའི་རྒྱུད་རྣམས་ཤིན་ཏུ་འཕེལ་ཏེ་གྲགས་ཆེ་བར་གྱུར། མི་རྒྱུད་དེ་རྣམས་དཔའ་རྩལ་ཆེ་ཞིང་། རྒྱུན་མི་ཆད་གཡུལ་གྱི་ལས་ཁོ་ན་ལ་བརྩོན་པས། རིམ་གྱིས་ཡུལ་མང་པོ་བཟུང་སྟེ། རང་གི་རྒྱལ་ཁམས་རྒྱ་བསྐྱེད། འོན་ཀྱང་ལོ་ཉིས་བརྒྱའི་བར་དུ་རྒྱ་ནག་དང་འབྲེལ་ཅི་ཡང་མེད། བོད་རྣམས་མི་སྟོབས་ཤུགས་ཅན་ལ་རྒྱལ་དུ་འབོད་ཅིང་། སྐྱེས་པའི་མིང་ལ་ཕོ་ཟེར་བས། རྗེ་ལ་རྒྱལ་ཕོར་འབོད། བཙུན་མོ་ལ་མོ་སྨན་དུ་འབོད། ནང་བློན་སོགས་ལ་བློན་ཆེ་ཆུང་དུ་འབོད། བོད་རྣམས་ཁང་པ་དང་སྦྲ་ནག་ཏུ་སྡོད། བཙན་པོ་དང་མི་དྲག་རིགས་གུར་གྱི་ནང་དུ་བཞུགས། གུར་ཆེན་པོའི་ནང་དུ་མི་བརྒྱ་ཕྲག་འགའ་ཙམ་ཤོངས། བཙན་པོའི་དབུ་གུར་གྱི་མཐར་དར་མདུང་མང་པོ་བཙུགས་ཤིང་།དམག་མི་རྣམས་ཀྱིས་བྱ་ར་བྱེད། བོད་མི་རྣམས་ཚེ་རིང་ཞིང་འགའ་རེས་ལོ་བརྒྱ་ལོན་པ་ཡང་ཡོད། བོད་མི་རྣམས་པགས་པའི་གོས་གྱོན་ཞིང་། བུད་མེད་རྣམས་ཀྱི་གདོང་ལ་ཚོན་དམར་བྱུགས། ཤིང་གི་སྣོད་མཐིལ་ཀོ་བས་གཡོགས་པ་ཞིག་ཏུ་ཟས་ཟ། སྡེར་མའི་དོད་དུ་ཕྱིང་པ་ས་ལ་བཏིང་ནས་བྱེད། (ད་ལྟ་ཡང་གཞུང་གི་མཛད་ཆེན་ཁག་ལ་གདན་ཤ་ཞེས་གོས་གདན་གྱི་སྟེང་ལ་གསོལ་ཚིགས་འབུལ་སྲོལ་ཡོད་འདུག)དཀར་ཡོལ་གྱི་དོད་དུ་བག་ཕྱེ་ལས་སྐྱོ་ར་ཞིག་ནས་སྒམ་སྟེ། ནང་དུ་འོ་མ་སོགས་བཏུང་ཞིང་། མཐར་དཀར་ཡོལ་དེ་ཡང་ཟ། (དེ་ཡང་གོ་ར་ཞེས་པ་བག་ལེབ་ཕོར་བའི་དབྱིབས་ཅན་ཆབ་ཞུགས་སོགས་ཀྱི་མཛད་སྒོའི་རིགས་ལ་གོང་ས་མཆོག་གི་གསོལ་ཐབ་ནས་སྩོལ་མུས་)ཆང་འཁྱོར་བའི་ནང་དུ་བླུགས་ནས་བཏུང་། གསེར་དངུལ་གྱི་རྒྱན་ལ་གཅེས་སྤྲས་ཆེ། རིགས་མཐོ་དམན་གྱི་ཁྱད་པར་མི་སོ་སོའི་དཔུང་སྟེང་ན་མཚན་མ་བཏབ་ནས་སྣང་། ཁང་པ་ཐོག་ཚད་མང་པོ་ཅན་སྟེང་ལེབ་མོར་ཡོད་པ་བྱེད། སྟོན་ཐོག་གྲོ་ནས་སྲན་གསུམ་འདེབས། སྒོ་ཕྱུགས་སུ་གཡག་ལུག་ཕག་དང་། རྟ་བཟང་པོ་དང་། མ་མོ་རྒྱུགས་འགྲོས་ཅན་སོགས་ཡོད། ས་གཞི་ནས་གསེར་དངུལ་ཟངས་དང་ཞ་ཉེ་རྣམས་འཐོན། མི་ཤི་བའི་རོ་ས་ལ་སྦ། ཡི་གེ་ནི་མེད། རྩིས་བྱེད་ཚེ་ཤིང་བུ་ལ་རྟགས་འདེབས་པ་དང་། སྐུད་པ་ལ་མདུད་པ་བོར་ཏེ་བྱེད། ལེ་བར་བརྒྱ་རེའི་མཚམས་ན་ཁྲིམས་ཁང་རེ་ཡོད། ཁྲིམས་ཡིག་མེད་ཀྱང་། ཁྲིམས་ཐག་རྣམས་དཔོན་རང་གིས་གཅོད། ཉེས་པ་ཆུང་ངུ་ལ་ཡང་གདུག་ཅིང་རྩུབ་པའི་ཁྲིམས་གཏོང་། ཉེས་ཆེན་རྣམས་ལ་མིག་འདོན་པ་དང་། སྣ་དང་རྐང་ལག་གཅོད་པ་སོགས་བྱེད། (ཁྲི་སྲོང་གི་དུས་སུ། ཕོ་མིག་མི་འདོན་པ་དང་། མོ་སྣ་མི་གཅོད་པའི་དམ་བཅའ་བྱས་ཏེ་རྒྱལ་པོ་དང་བློན་ཆེན་མིན་པ་གཞན་ཀུན་གྱིས་མནའ་བོར་ཚུལ་རྦ་བཞེད་དུ་གསལ།)མགྲོན་སླེབས་ཚེ་གཡག་གཅིག་འཁྲིད་ནས་འོངས་པར། མགྲོན་པོ་རང་གིས་མདའ་བརྒྱབ་ནས་བསད་དེ་ཤ་འགྱེད་གཏོང་། དཔའ་བོ་རྣམས་ལ་གུས་པ་བྱེད་ཅིང་། བུས་ཕ་ལ་གུས་པ་བྱེད། མས་བུ་ལ་གུས་པ་བྱེད། ཕོ་རྣམས་གར་འགྲོ་ལ་གྲི་དང་མདའ་གཞུ་མ་བྲལ་བ་བྱེད། ལམ་དུ་འགྲོ་ཚེ་མི་གཞོན་པ་རྣམས་སྔོན་དང་། རྒན་པོ་རྣམས་རྗེས་སུ་འགྲོ། སྤྱིར་རྒན་པ་ལས་གཞོན་པ་ལ་གུས་པ་ཆེ། རང་བཞིན་གྱིས་ཤི་བ་ལ་ངན་པར་བྱེད་ཅིང་། གཡུལ་དུ་བསད་པ་ལ་བཟང་པོར་བརྩི། ཁྱིམ་གཅིག་ཏུ་མི་མང་པོ་གཡུལ་དུ་ཤི་ན། ཁྱིམ་གྱི་སྒོར་ཁྲབ་ཅིག་འཕྱང་སྟེ་ངོ་སོ་ཆེ་བར་བྱེད། དམག་བསྡུ་ཚེ་གསེར་གྱི་མདའ་ཞིག་སྔོན་དུ་རྫོངས།(དེང་སང་ཡང་དཔོན་ཁག་གཞུང་དོན་དུ་ཕྱོགས་ཐོན་སྐབས་མདའ་ཡིག་གཏོང་མུས།)དམག་ཁྲིམས་བཙན་ཞིང་གོ་མཚོན་ཤིན་ཏུ་བཟང་།

     དམག་མདུན་མ་ཕམ་ཚེ་རྗེས་མ་རྣམས་དགྲ་ལ་རྒྱུགས་པས་གཡུལ་ངོ་བཟློག་དཀའ་བ་ཡིན། སྡར་མ་རྣམས་ཀྱི་མགོ་ལ་ཝ་མོའི་མཇུག་མ་བཏགས་ཏེ་དམའ་འབེབས་བྱེད། དགྲ་སླེབས་ཚེ་མེ་སྦར་ནས་ཕན་ཚུན་བརྡ་གཏོང་། དམག་ཕོགས་མེད་ཀྱང་ཡུལ་བཅོམ་ནས་དམག་རྒྱགས་སྒྲུབ་པ་ཡིན། བཙན་པོ་རྗེ་བློན་རྣམས་ལོ་ལྟར་མནའ་སྐྱེལ་ཞིང་། དེ་དུས་ལུག་ཁྱི་སྤྲེའུ་གསུམ་དམར་མཆོད་དུ་འབུལ། ལོ་གསུམ་རེ་ན་མནའ་ཆེ་སྐྱེལ་ཞིང་། མཚན་གྱི་དགུང་ལ་རྟ་ཕྱུགས་བོང་བུ་རྣམས་དམར་མཆོད་བྱེད། སྲོག་ཆགས་རྣམས་ཀྱི་རྐང་ལག་བཅད་ཅིང་དོན་སྣོད་མདུན་དུ་སྤུངས་ཏེ། བན་ངྷེ་ཞིག་གིས་ཆོ་ག་གཏོང་། གནམ་ས་རི་དང་ཉི་ཟླ་སྐར་མ་རྣམས་དཔང་དུ་བཙུགས་ཏེ། ཁྱེད་ཅག་སུས་ཀྱང་རང་ཡུལ་མི་སྲུང་ཞིང་། བསམ་ངན་དང་སེམས་མ་དྲང་བ་བྱེད་ན། གནམ་སའི་ལྷ་རྣམས་ཀྱིས་ཁྱེད་ཅག་གི་བསམ་པ་ཐམས་ཅད་མཁྱེན་པས། ད་ལྟ་བསད་པའི་དུད་འགྲོ་འདི་རྣམས་བཞིན་དུ་དུམ་བུར་བྱས་ལ་སོད་ཅིག་ཅེས་མནའ་འདོར།(ལྷ་སའི་རྡོ་རིང་ལ་ཡང་དཔང་པོ་ཉི་ཟླ་གཟའ་སྐར་ལ་སོགས་པའི་དེ་རྣམས་སྨོས་ཤིང་། སྲོག་ཆགས་བསད་དེ་མནའ་ཡང་བོར་སོགས་འབྱུང་།) སྐབས་འགར་རྒྱལ་པོ་དང་མི་ཆེན་རྣམས། མཉམ་འཆི་མཉམ་གསོན་བྱེད་པའི་མནའ་འདོར། དེ་འདྲ་བ་རྣམས་རྒྱལ་པོ་གྲོངས་ཚེ་རང་ཉིད་ཀྱང་ལྕེབས་ཤིང་། དུར་ཁུང་གཅིག་ཏུ་སྦ་བ་ཡིན༑ བཙན་པོའི་རྟ་དང་། གོ་ཁྲབ་གཅེས་ནོར་རྣམས་ཀྱང་དུར་དུ་འཇུག དུར་སྟེང་དུ་རི་དེའུ་འདྲ་བ་ཞིག་བརྩིགས། དེར་ཤིང་སྡོང་འཛུགས་ཤིང་། ལོ་རེ་བཞིན་དུ་མཆོད་པ་ཡིན་ནོ།།

    དཀྱུས་བང་སོའི་སྐོར་ཡ་མཚན་ཅན་ཞིག་རྒྱལ་པོ་བཀའ་ཐང་དུ་གྲགས་པར་འདུག་པ་བསྡུས་ན་འདི་ལྟར། བང་སོའི་ནང་གི་རེའུ་མིག་དགུའི་དབུས་སུ་བཙན་པོའི་སྐུ་སྤུར་གསེར་གྱིས་བྱུགས་ནས་འཇོག་ཅིང་། དཀོར་ནོར་གྱིས་བཀང་། ནང་བློན་གང་ཡིན་དེ་དུར་སྲུང་དུ་འཇོག  ཁོང་རང་འཁོར་བཅས་གཤིན་པོའི་རྟགས་བཏབ་སྟེ། རྒྱལ་རྒྱུད་གསོན་པ་རྣམས་དང་འཕྲད་མི་ཆོག་པ་ཡིན། བ་ཕྱུགས་སོགས་བང་སོའི་ཉེ་འཁོར་དུ་འཁྱར་ན། ཁོང་རྣམས་ཀྱིས་བཟུང་སྟེ་གཤིན་པོའི་རྟགས་བཏབ་ནས་སླར་བདག་པོ་ལ་མི་སྤྲོད། ལོ་དུས་ཀྱི་མཆོད་པའི་སྐབས་སུ་དུང་བཏང་བ་དང་མཉམ་དུ། ཁོང་རྣམས་ལུང་བ་ཞིག་ཏུ་བྲོས་ནས་ཡིབ་སྟེ་སྡོད། དེ་ནས་བཙན་པོ་འཁོར་བཅས་ཀྱིས་མཆོད་པ་ཕུལ་བའི་རྗེས་སུ་སླར་འཁོར་ནས་མཆོད་པ་རྣམས་བསྡུས་ནས་ལོངས་སྤྱོད་སོགས་བཤད།

    ཡང་རྒྱ་ནག་གི་སྒྲོས་ལས་མཆེད་པའི་བོད་ཀྱི་ལོ་རྒྱུས་སྐད་རིགས་གཞན་དུ་བྲིས་པ་ཞིག་སྣང་བར། བོད་ཀྱི་རྒྱལ་མོ་མཚན་མི་གསལ་བ་ཞིག་གི་སྐོར་བྲིས་ཏེ། རྒྱལ་མོ་དེས་སྟོད་ཐུང་སྔོ་ནག་ཕུ་ཐུང་གི་ཁ་ས་ལ་རེག་པ་ཙམ་དུ་རིང་བ་ཞིག་གྱོན། སྨད་ལ་དར་ནག་པོའི་ཤམ་ཐབས་གྱོན། སྐྲ་ལ་ལྷས་མ་ཆུང་ངུ་མང་དུ་བྱས་ཤིང་། རྣ་བ་ལ་ཨ་ལོང་བཏགས། ལྷམ་ཟོ་ཡི་བྱ་བ་གྱོན། དགུན་དུས་སུ་པགས་པའི་གྱོན་པ་ཕྱི་ལ་ཚེམ་དྲབ་སྣ་ཚོགས་ཡོད་པ་ཞིག་གྱོན། སོགས་བྲིས་ཏེ། གྲོངས་པའི་ཚེ་ཤ་རུས་རྣམས་གསེར་ཕྱེ་དང་མཉམ་དུ་བསྲེས་ནས། ལྕགས་སྣོད་དུ་བཅུག་སྟེ་ས་ལ་སྦ། སོགས་སྣང་། རྦ་བཞེད་དུ་ཡང་། གསལ་སྣང་གི་བུ་མོ་ཤི་བའི་རོ་རྫའི་ནང་དུ་བཅུག་ནས། མའི་མལ་འོག་ཏུ་སྦས་ཚུལ་སོགས་ཀྱི་སྒྲོས་བྱུང་བས། དེ་འདྲའི་སྲོལ་ཞིག་ཀྱང་ཡོད་པར་མངོན།

        གཞན་ཡང་ཏ་ཟིག་པའི་ལོ་རྒྱུས་ཧུ་དུལ་ཨལ་ལཾ་བྱ་བར་ཡང་། བོད་ཀྱི་ཡུལ་གྲུ་སོ་སོའི་བཤད་པ་རྒྱས་ཙམ་བྱུང་མོད། སའི་མིང་རྣམས་བརྡ་འཕྲོད་དཀའ་བར་སྣང་ཞིང་། བོད་ཡུལ་ན་གསེར་མང་བས། གསེར་ལུག་མགོ་ཙམ་རེ་ཡང་ས་ནས་འཐོན་ཚུལ་སོགས་དང་། ཡུལ་གྱི་ངོ་མཚར་གཅིག་ནི། མི་སུ་ཡང་ཡུལ་དེར་སླེབས་ན། རྒྱུ་མཚན་མེད་པར་སེམས་དགའ་ཡལ་ལེ་བ་དང་། གདོང་འཛུམ་མོལ་ལེ་བ་ཞིག་འོངས་སོགས་བྲིས། ལར་སྔོན་དུས་ཀྱི་སྲོལ་ལུགས་སོགས་ཇི་འདྲ་ཡིན་བསམ་པའི་ཚེ། རྒྱལ་ཁམས་གཞན་གྱི་ཡི་གེ་བྲིས་པའི་ལོ་རྒྱུས་སོགས་ལ་བལྟ་བ་ཙམ་ལས། རང་གི་མིས་རང་ཡུལ་གྱི་སྲོལ་ལུགས་འདི་འདྲའོ་ཞེས་ཞིབ་ཏུ་བྲིས་པ་ཞིག་ཤིན་ཏུ་རྙེད་དཀའ་བ་འདི་ཡུལ་ཀུན་ལ་འདྲ་བ་ཡིན་ཏེ། དཔེར་ན་ད་ལྟ་བོད་ཀྱི་མིས་བྲིས་པའི་ལོ་རྒྱུས་ཀུན་ལ་བལྟས་ཀྱང་། ལྷ་སའི་གྲོང་ན། བུད་མེད་རྣམས་པང་གདན་ཁྲ་བོ་དང་། སྤ་དྲུག་ཟུར་གསུམ་ཞིག་གྱོན། སྐྱེས་པ་རྣམས་པགས་ཞྭ་རྣ་ལེབ་བཞི་ཡོད་པ་ཞིག་གྱོན་སོགས་བྲིས་པ་སྲིད་མཐའ་ཙམ་ཡིན་ལ། ད་ནས་ལོ་ལྔ་བརྒྱ་ལྷག་སོང་ཚེ། ད་ལྟའི་སྲོལ་ལུགས་འདི་ཀུན་ཀྱང་མི་རྒྱུད་རྣམས་ལ་ཤིན་ཏུ་ལྐོག་གྱུར་ཏུ་སོང་སྟེ། ཡུལ་ཁམས་གཞན་གྱི་མིའི་ངག་སྒྲོས་རྙེད་པ་རྣམས་བསགས་ནས་རགས་ཙམ་ཞིག་ལས་དཔྱོད་མི་ཐུབ་པ་སོགས་ཡིན་ནོ།།

དུས་གསུམ་དུས་ཀྱི་འཁོར་ལོ་འཁོར་བ་ན།།

བྱུང་ནས་ཡལ་བའི་སྔོན་གྱི་གཟུགས་བརྙན་རྣམས།།

སྟོང་བའི་མཁའ་ལ་སེམས་ཀྱིས་བྲིས་པ་འདི།།

ཤིན་ཏུ་ངོ་མཚར་སྒྱུ་མའི་རྒྱལ་རབས་ཉིད།།ཅེས་ཀྱང་སྨྲས་སོ།།

        དེ་ལ་རྗེ་སྲོང་བཙན་སྒམ་པོ་ཡན་ཆོད་དུ་བོད་ན་ཡི་གེ་མེད་པར་གྲགས་པས། དེ་ཡན་གྱི་རྒྱལ་རབས་རྣམས་ཀྱང་ངག་རྒྱུན་ཙམ་ཞིག་ཏུ་གནས་པ་ལས། ལོ་ཚིགས་སོགས་བསྒྲིགས་ཏེ་དཀྱུས་མའི་ལུགས་སུ་གཏན་ལ་འབེབས་པའི་སྐབས་མེད་ལ། འོན་ཀྱང་རྗེ་གནམ་རིའི་ལོ་རྒྱུས་ནི། སྲས་ཀྱི་དུས་སུ་བྲིས་པར་མངོན་པ་ཞིག་འོག་ཏུ་བཀོད་པ་འདི་ཡིན་ཞིང་། དེ་ཡང་གནའ་ལུགས་ཀྱི་གཏམ་རྒྱུད་ཉོག་ལ་འཛིངས་པ་ལྟ་བུ་ཞིག་འདུག་པས། དོན་དྲིལ་ན་འདི་ལྟར་སྣང་སྟེ། དེ་དུས་ཙ་ན་ད་ལྟའི་འཕན་ཡུལ་གྱི་ཕྱོགས་འདིར། བོད་རྗེའི་གཉེན་ཚན་དུ་གཏོགས་པའི་རྒྱལ་ཕྲན་ཟིང་བོ་རྗེ་བྱ་བ་ཞིག་ཡོད་པ་དེ། སྤྱོད་པ་ངན་པས་ཡུལ་མི་རྣམས་ཞེ་ལོག་ཅིང་། ཁོའི་ཡུལ་གྱི་མི་དྲག་དབྱི་ཚབ་སོགས་ངོ་ལོག་སྟེ། བོད་རྗེ་སྟག་སྙ་གཟིགས་ཀྱི་དྲུང་དུ་བྲོས། བཙན་པོ་དང་ལྷན་དུ་མནའ་བཅད། འོན་ཀྱང་ཟིང་བོ་རྗེ་ལ་དགྲ་ལན་མ་ལོན་པའི་བར་དེར་བཙན་པོ་གྲོངས། དེ་ནས་དེའི་སྲས་གནམ་རི་སྲོང་བཙན་གྱིས་དམག་དྲངས་ཏེ། འཕན་ཡུལ་དབང་དུ་བཅུག  དེའི་རྗེས་སུ་གཙང་ཕྱོགས་ཀྱང་འབངས་སུ་འདུས། དྭགས་པོ་ངོ་ལོག་པ་ལ་ཡང་སེང་གོ་མི་ཆེན་གྱིས་ཕབ། དེ་ནས་ཡུན་རིང་སོང་སྟེ། དབྱི་ཚབ་རྒས་པའི་དུས་ཤིག་ན། སྲོང་བཙན་སྒམ་པོ་དང་མཇལ་ནས། ཡབ་ཀྱི་དུས་བཞིན་སླར་ཡང་རྗེ་བློན་རྣམས་ཀྱིས་བྲོ་བོར་བ་སོགས་ཡིན་ནོ། །དེས་ན་རྗེ་གནམ་རི་སྲོང་བཙན་ནི། ཐོག་མར་ཡར་ཀླུངས་དང་དྭགས་པོ་སོགས་ལྷོ་ཁ་ཕྱོགས་འདི་ཙམ་ཞིག་ལ་དབང་མཛད་པར་མངོན་ཞིང་། དེའི་ཡན་གྱི་གདུང་རྒྱུད་རྣམས་ནི་ཕལ་ཆེར་ཡར་ཀླུངས་ཕྱོགས་ཆ་ཙམ་ཞིག་གི་བདག་པོ་ཡིན་པར་སེམས༑ འོན་ཀྱང་རྗེ་གཉའ་ཁྲི་བཙན་པོ་བོད་ཁམས་སྤྱིའི་རྒྱལ་པོ་ཡིན་སོགས་ཀྱི་ཐ་སྙད་ཙམ་ལ་རྨོངས་པར་མི་བྱ་སྟེ། ཡུལ་གྱི་རྒྱ་ཁྱོན་དང་། རྒྱལ་ཁབ་ཀྱི་ས་མཚམས་བྱ་བ་དེ། དངོས་པོའི་གནས་ཚོད་ལ་རི་མོར་བྲིས་པ་ཞིག་མེད་ཀྱི། འོ་ན་ཅི་ཞེ་ན། རྒྱལ་པོའི་དབང་ཤུགས་ཀྱིས་ཇི་ཙམ་དུ་ཁྱབ་པའི་ཕྱོགས་དེ་ཙམ་ཞིག་ལ་ཡུལ་དེའི་ཐ་སྙད་འདོགས་པ་ཡིན་པས། དེ་དུས་ཀྱི་བོད་ཁམས་བྱ་བ་དེ་ཡང་ཡུལ་ཉི་ཚེ་ཞིག་གི་མིང་ཡིན་པར་ཤེས་པར་བྱའོ།།

      གནམ་རི་སྲོང་བཙན་གྱི་སྐོར་ཤོག་དྲིལ་ཁ་པའི་ཚིག་སྣ་ཅུང་ཟད་བསྡུས་ཏེ་བཀོད་པ། ཁར་ཕྱིང་བ་སྟག་རྩེ་ན་ནི་རྒྱལ་སྟག་བུ་སྙ་གཟིགས་(སྟག་བུ་གཉན་གཟིགས་ཏེ་གནམ་རིའི་ཡབ།) བཞུགས༑ སྤུར་བའི་ཡུ་སྣ་ན། ཟིང་པོ་རྗེའི་(མི་འབངས།)ཁྲི་པངས་གསུམ་མཆིས། ཉེན་ཀར་རྟིང་བ་ན་ཟིང་པོ་རྗེ་སྟག་སྐྱ་བོ་མཆིས། ཟིང་པོ་རྗེ་ནི་བྱ་བ་ཅི་ལ་ཡང་ཕྱིན་ཅི་ལོག་པ་ཤ་སྟག་བྱེད། ལེགས་པ་ཉེས་པར་བཅུག ཉེས་པ་ལེགས་པར་བཅུག་མཛངས་ཤིང་སྙིང་ཉེ་བ་ལ་ནི་བློ་གྲོས་བསྟན་ཀྱང་མི་ཉན། མྱི་གཅམ་བུ་ངོ་སྲུང་གི་ཚིག་སྨྲ་བ་དག་ལ་ཆེད་དུ་མཉན་ཏོ། །དེ་ལྟར་ཟིང་བོ་རྗེ་ཆོས་ལོག་ཅིང་། སྲིད་སྒྱུར་བས། རྗེ་བོ་ཉེས་དགུ་བྱེད་པ་ལ། མི་གཅིག་གིས་མཐོང་ཡང་གལ་ཏེ་སྨྲས་ན་མི་འོས་པའི་ཆད་པ་ནན་ཆེ་བས། ཇི་ག་སུས་ཀྱང་ཁོ་ལ་གྲོས་སྟོན་མ་ཕོད་དོ༑ །དེ་ལྟར་རྗེ་བོ་ནི་བླ་ནས་སྨྱོས། འཁོལ་པོ་ནི་འོག་ན་བཀྲམ་མོ་(ཁ་འཐོར་བའི་དོན་ནོ།)གཅིག་ལ་གཅིག་སྙིང་མི་བརྟན་ཏེ། ཡུལ་གྱི་སྲིད་ཀྱང་དམས་སོ།

        མི་ཡོངས་ཀྱང་ཟིང་བོ་རྗེ་ལ་འཁང་ངོ་(ཁྲོས་སོ།)དེ་ནས་ཟིང་བོ་རྗེའི་བློན་པོ། གཉན་འཛི་ཟུང་ནག་པོས། རྗེ་བོ་ལ་གསོལ་བ། རྗེ་བོ་ནི་ཅི་ལ་ཡང་ལོག་པ་ཤ་སྟག་མཛད་པས། འོ་སྐོལ་གྱི་སྲིད་ནི་སྲིད་དུ་མ་རུང་། ཆོས་ནི་ཆོས་སུ་མ་རུང་སྟེ། ཡུལ་གྱི་མི་དབུལ། སྲིད་ཀྱི་ཉམ་དམའ་སྟེ། ན་མོ་བརླག་ཟིན་ན་ཇི་ནོངས་ཤེས་གསོལ་བས་(ན་མོ་ནི་ཕལ་ཆེར་བྱ་བའི་དོན་ནོ།)ཟིང་བོ་རྗེས་མཉན་དུ་མ་གཏུབ་སྟེ། འདི་སྐད་ཟེར་བ་ཉེས་སོ་ཞེས་འཛི་ཟུང་ལ་ཆད་པ་ཕབ་བོ། །དེར་འཛི་ཟུང་མ་རངས་ཏེ། ཁོ་རང་ཡང་རྗེ་བོའི་ཟླ་ལ་ངན་སྤྱོད་བྱེད་པར་ཞུགས་ཏེ། ནག་པོ་བསྐུས་ཏེ་དཀར་པོ་བསད། དྲེའུ་རྒལ་ཏེ་(ཞོན་ཏེ་)བསེ་སྒ་བཅག་གོ།།དེ་ལ་ཟིང་བོ་རྗེ་མགུ་ནས།༡ སྟག་སྐྱ་བོའི་ཡུལ། ཡུལ་ཡེལ་རབ་སྡེ་བཞི། ཀླུམ་ཡ་གསུམ་རྣམས། ཟིང་བོ་རྗེའི་ཁྲི་པངས་གསུམ་གྱི་ནང་དུ་འདུས་པ་ལས། མཁར་སྤུར་བས་བཅད་དེ། ཀླུམ་ཡ་གསུམ་གྱི་སྨད། གཉན་འཛི་ཟུང་གི་བྲན་དུ་བྱིན་ཏོ། །བྲན་རིས་ཀྱི་ནང་དུ༑ མྱང་ཙེང་སྐུ་ཡང་འཛི་ཟུང་གི་བྲན་དུ་བྱིན་ཏོ། །འཛི་ཟུང་གི་ཆུང་མ་པ་ཚབ་གཟས། མྱང་ཙེང་སྐུ་བྲན་བྱེད་པ་ལ་དྲེག་ཆེ་སྟེ། བརྙས་བཅོས་མང་པོ་བྱས་པས། ཙེང་སྐུ་མ་རངས་ཏེ། ཟིང་བོ་རྗེ་ལ་འཛི་ཟུང་གི་བྲན་བྱེད་མི་ཕོད་ཅེས་འཁང་སྟེ་གསོལ་ཏོ། །ཟིང་བོ་རྗེ་ན་རེ། གཉན་འཛི་ཟུང་ལས་ང་ལ་སྙིང་ཉེ་བ་མེད་པས། དེའི་བྲན་དུ་ཁྱོད་བཀོལ་མ་རུང་བ་མེད། རྗེ་མོས་བརྙས་བཅོས་བྱས་ཀྱང་རྗེ་མོ་ལ་དབང་ཡོད་པས་ཉེས་པ་མེད་དོ།  །སྨྲས་པས།  ཙེང་སྐུ་མ་རངས་ཏེ་ཡི་ཆད་དོ། །དེ་ཙ་ན། དབའ་ཏོ་རེ་ཁྲུ་གུ་དང་། གཤེན་ཁྲི་གཞེར་འདོན་ཀོང་གཉིས། འཕྲེན་པའི་རྫིང་ཁར་འཐབ་ནས། གཤེན་གྱིས་དབའ་བསད་པ་ལ། དབའ་ཡི་ཕུ་བོ་ཕངས་ཏོ་རེ་དབྱི་ཚབ་ཀྱིས། ནུ་བོ་གཤེན་གྱིས་བསད་པ་ལ་སྟོང་གནང་བར་འཚལ་ཞེས་རྗེ་བོ་ལ་གསོལ་བར༑ ཟིང་བོ་རྗེས། གཤེན་ཁྲི་གཞེར་ནང་བློན་བྱེད་པའི་ངོ་མ་ཆོད་དོ། །དགེ་བས་མི་དགེ་བ་བསད་ན་བསད་དུ་ཟད་དོ་ཞེས་སྨྲས་པས། དབྱི་ཚབ་ཀྱང་མ་རངས་ཏེ་ཡི་ཆད་དོ། །

        དེ་ནས་མྱང་ཙེང་སྐུ་དང་། དབའ་གཉིས་ཀ་ཡི་ཆད་དེ།འགྲོགས་ནས་ཁྱིམ་དུ་དོང་བ་ལས༑ དབྱི་ཚབ་སྔོན་དུ་དང་། ཙེང་སྐུ་ཕྱི་ན་འགྲོ་བ་ལས། ཙེང་སྐུས་ཆིག་ལབ་སྨྲས་ཏེ། ཆབ་ཆབ་ནི་ཕ་རོལ་ན། ཡར་ཆབ་ནི་ཕ་རོལ་ན། མྱིའི་བུ་ནི་མྱིའི་བུ་སྟེ། ལྷ་ཡི་ནི་སྲས་པོ་བཞུགས། རྗེ་བདེན་གྱིས་ནི་བཀོལ་དུ་དགའ། སྒ་བདེན་གྱིས་ནི་བསྟད་དུ་དགའ།(དོན་ནི། ཆུ་བོ་ཆུ་བོའི་ཕར་འགྲམ་ན། །ཡར་ཆབ་གཙང་པོའི་ཕར་འགྲམ་ན། །མི་ནི་མི་ཡི་བུ་ཡིན་ཡང་། །དོན་ལ་ལྷ་ཡི་སྲས་པོ་བཞུགས། །བདེན་པའི་རྒྱལ་པོས་གཡོག་ཏུ་བཀོལ་ན་དགའ།།བདེན་པའི་སྒ་ནི་རྒྱབ་ཏུ་བསྟད་ན་དགའ།།ཞེས་པའོ།)ཞེས་སྙིང་ལ་ཤར་བ་ཁ་ནས་ཤོར་བ་ལ། དབྱི་ཚབ་མདུན་ན་འགྲོ་བའི་རྣ་བར་ལྷང་ངེར་ཐོས་ཏེ། ཚིག་དེ་ཏོག་གེ་བླངས་ནས། ཙེང་སྐུ་ཁྱོད་ལས་བདེན་པ་མེད། ཁོ་བོ་ཡང་ཁྱོད་ཀྱི་སེམས་དང་མི་འདྲ་རི་ཞེས་མནའ་བོར་རོ། །དེར་མྱང་དང་དབའ་གཉིས་ཀ་ཟིང་རྗེ་ལ་སེམས་ལོག་སྟེ། མཁར་ཕྱིང་བ་སྟག་རྩེར་བཙན་པོ་སྤུ་རྒྱལ་སྟག་བུ་སྙ་གཟིགས་ལ་གློ་བ་ཉེ་བར་བྱས་ཏེ། མནའ་ཐོ་ཡང་ཆེར་བཅད་དོ།།(གློ་བ་ཉེ་བ་ནི་སྙིང་ཉེ་བ་སྟེ་ཤ་ཚ་ཆེ་བའི་དོན་ནོ།)དེའི་འོག་ཏུ་དབའ་དབྱི་ཚབ་ཀྱིས་ཞང་བོ་མནོན་བཟང་ཏོ་རེ་སྲོན་བློ་ལ་བཏགས་ཏེ། (སྙིང་གྲོགས་སུ་བྱས་པའི་དོན།)མནའ་ཐོ་བཅད་པ་ལས། བཟང་ཏོ་རེ་ཤི་ནས། དེའི་བུ་པང་སུམ་མགྲོན་པོ་ཟིང་བོ་རྗེའི་ནང་འཁོར་བྱེད་པ་ལས་བློ་ལ་        བཏགས་ཏེ་མནའ་བོར་རོ།  །མྱང་སྨོན་ཏོ་རེས་ནི་(འདི་དང་ཙེང་སྐུ་གཉིས་མི་གཅིག་གི་མིང་དུ་སྣང་།) ཆེས་པོ་ནགས་སེང་བློ་ལ་བཏགས་ཏེ་མནའ་བཅད་དོ། །དེ་ནས་ཁོང་རྣམས་ཀྱིས། ཆེས་པོ་ནགས་སེང་ལ་འཕྲིན་བགྱིས་ཏེ། སྤུ་རྒྱལ་སྟག་བུའི་སྙན་དུ་དོན་དེ་གསོལ་བར། བཙན་པོའི་ཞལ་སྔ་ནས། ངའི་སྲིང་མོ་ཞིག་ཀྱང་ཟིང་བོ་རྗེའི་གདན་དུ་འདུག་མོད་ཀྱི། འོན་ཀྱང་ཁྱེད་ཟེར་བ་བཞིན་བྱའོ་ཞེས་བཀའ་སྩལ་ནས། པང་གསུམ་འགྲོན་པོ་དང་། མྱང་དང་། དབའ་གསུམ་པོ་བྲོ་ལེན་དུ། མཁར་ཕྱིང་བར་མཆིས་ནས། ཉིན་མོ་ཕག་ཚལ་གྱི་ཤིང་ཁུང་ན་སྦས་ཏེ་སྒུགས་ནས་སྡོད་ཅིང་། མཚན་རེ་ཞིང་ཕྱིང་བར་མཆིས་ཏེ། བཙན་པོ་དང་དབུ་སྙུང་བྲོ་མནའ་གཅོད་པའི་ཚེ། འབངས་རྣམས་ཀྱིས་དེ་ལྟར་འགྲོ་བ་མཐོང་ནས་གླུ་བླངས་པ། མི་བཟང་ནི་རྟ་བཟང་ཞིག ཉིན་ཞིང་ནི་ཕག་ཚལ་ན། མཚན་ཞིང་ནི་ཕྱིང་བར་མཆིས།  དགྲ་འམ་ནི་ཟིན་ཅི་ཨང་




 


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/4/8 བལྟ་ཀློག (7940)