སྦྲ་ནག་དྲན་ཞིང་དྲན།

                                                                                           དུག་ཞགས

ཕྱེ་ལེབ་དམར་པོའི་གཤོག་པ་འཇམ་པོ

བདག་གི་ལག་ཟུང་འདི་གཉིས་ཀྱིས་རེག་སྐབས

མཚོན་མོའི་རྨི་ལམ་ཀྱང་ཁྱོད་ཕྱོགས་སུ་འཁོར་ནས

མཆོད་མེ་དེ་ལ་ཡང་དང་བསྐྱར་དུ་མར་ཁུ་ལྡུད

 

རང་བྱུང་ཁམས་ཆེན་མོ

ང་ཚོར་ཡང་དགོངས་པ་རེ་གནང་རོགས

ང་ཚོར་མིག་ཆུ་ཕྱི་སྤྱད་ཀྱི་མེ་ཏོག་ཅིག་འཁྲུངས་རོགས

ང་ཚོར་སྐྱོ་སྡུག་སེལ་བྱེད་ཀྱི་ཉི་མ་ཞིག་འཆར་རོགས

 

ཡུལ་ཤུལ་ལགས

སེམས་པའི་དྲོད་ཁོལ་ན་ཁྱོད་རང་ཡོད་ལ

མིག་གི་ལྟ་ཕྱོགས་ན་ཁྱོད་རང་ཡལ་གྱིན་མེད

ད་ལྟ་ཁྱོད་ནི་བདག་གི་གཅེས་པའི་པང་ཁུག་ན

 

ས་ཆེན་པོ

ངག་འདར་འདར་གྱིས་ཁྱོད་ལ་ད་དུང་སྨྲ་བ་ནི

ཁྱོད་རང་འགུལ་ཐེངས་དེ་ཡི་གསེབ་དུ་ཚེ་སྲོག་ག་ཚོད་བཞུད་པ

ངའི་མིག་ཆུ་ལ་འདྲེས་ནས་བགྲང་དགོས་སམ

 

ངས་སྦྲ་ནག་དྲན་དོན་ནི་ཁྱོད་ཀྱི་ཚེ་སྲོག་དེར

གཅེས་པའི་བདག་སྐྱོང་བྱས་པ་ཡིན་ལ

ངས་ཕྱེ་ལེབ་གླེང་བ་ནི་དྭངས་གཙང་གི་སེམས་པ་དེས

མྱ་ངན་ལ་འབུལ་བའི་ཁ་བཏགས་དཀར་པོ

                             སྤྱི་ལོ༢༠༡༠ལོའི་ཟླ༤བའི་ཚེས༢༡ཉིན་རྨ་ཆུ་ནས།


རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག  སྤེལ་དུས། 2013/5/21 བལྟ་ཀློག (1934)