༄༅། །བསླབ་བྱ་མུ་ཏིག་འཕྲེང་མཛེས།

བདེ་ཐང་མཁན་པོ༧བློ་བཟང་ཆོས་ཀྱི་ཉི་མ་འཕྲིན་ལས་རྒྱ་མཚོ། བླ་བྲང༌།

༄༅། །རིགས་ཀུན་ཁྱབ་བདག་ཧེ་རུ་ཀ་དཔལ་རྗེ \

རྗེ་བཙུན་ཨ་བྷྱའི་མཚན་ཅན་འཇམ་པའི་དབྱངས།།

དབྱངས་ཅན་དགྱེས་བཞད་རྡོ་རྗེའི་སྐྱེས་འཕྲེང་མཆོག 

མཆོག་གསུམ་བླ་མ་ལྷ་ཡིས་དགེ་ལེགས་སྩོལ།   

རང་ཉིད་ལམ་གོལ་འཁྱམས་པའི་བྱིས་པ་ཡིས། 

གཞན་ལ་བསླབ་བྱའི་གནས་སྟོན་བཞད་གད་གནས།  

ཡིན་མོད་དད་བརྩོན་རྣམ་དཔྱོད་ཕུལ་བྱུང་ལྡན། 

དགེ་སློང་ཚུལ་ཁྲིམས་རྒྱ་མཚོས་བསྐུལ་ཕྱིར་སྤེལ། 

ང་ཅག་སྔོན་བསགས་ལེགས་བྱས་བསོད་ནམས་ལས། 

ལས་ཀྱི་མཐུ་ཡིས་དལ་འབྱོར་ཐོབ་ན་ཡང༌། 

ཡང་དག་དོན་གྱི་སྙིང་བོ་མ་བླང་ན། 

ན་རྒ་འཆི་བའི་དགྲ་འདིས་བཅོམ་པར་ངེས། 

ཡང་དང་ཡང་དུ་རྙེད་དཀའ་དལ་འབྱོར་འདི། 

མྱུར་བ་མྱུར་བར་འཇིག་པའི་ཚུལ་བསམ་ནས། 

རང་གིས་རང་ལ་ལྕག་གིས་མ་བསྐུལ་ན། 

གྲོགས་ཀྱིས་གྲོགས་ལ་བཤད་ཀྱང་ཕན་པ་དཀའ། 

ནམ་ཞིག་འདི་སྣང་འགག་པའི་དུས་ཀྱི་ཚེ 

ཚེ་འདིའི་གཉེན་ནོར་གང་ཡང་རྗེས་མི་འབྲང༌། 

འབྲང་བར་ངེས་པ་དཀར་ནག་ལས་འབྲས་ཡིན 

ཡིན་པར་སོམས་ལ་ལེགས་ཉེས་བླང་དོར་འཚལ། 

ཚེ་འདིའི་ཕུན་ཚོགས་ཐམས་ཅད་སྡུག་བསྔལ་གཞི། 

མི་འདོད་སྣ་ཚོགས་བསྐྱེད་པའི་རྒྱུར་མཐོང་ལ། 

གཏན་གྱི་ལེགས་ཚོགས་ཐམས་ཅད་འབྱུང་བའི་གཞི། 

རྣམ་དཀར་དགེ་ཚོགས་སྒྲུབ་ལ་ནན་ཏན་མཛོད། 

སངས་རྒྱས་ཀུན་དངོས་དངོས་བརྒྱུད་བླ་མ་དང༌། 

བསླུ་བ་མེད་པའི་ལྷ་མཆོག་མཆོག་གསུམ་ལ། 

ཚེ་རབས་འཕྲེང་བར་སྐྱབས་གསོལ་གསོལ་བཏབ་ན། 

འདི་ཕྱིའི་འདོད་དོན་དོན་གཉིས་ལྷུན་གྲུབ་ཡོངས། 

ཐོག་མེད་དུས་ནས་དྲིན་གྱིས་བསྐྱངས་པའི་མ། 

མ་ལུས་འགྲོ་བའི་སྡུག་བསྔལ་མྱོང་བའི་ཚུལ། 

ཚུལ་བཞིན་བསམ་སྟེ་བརྩེ་བས་གཞན་གྱི་ཁུར། 

ཁུར་དུ་བླང་ལ་བྱང་ཆུབ་སེམས་མཆོག་བསྐྱེད། 

ཟླ་མེད་བཤེས་གཉེན་དམ་པའི་ཞབས་བསྟེན་ནས། 

གྲངས་མེད་ཟབ་དང་རྒྱ་ཆེའི་གསུང་རབ་དོན། 

གཡེང་མེད་ཐོས་བསམ་བསྒོམ་པས་སྒྲོ་འདོགས་བཅས། 

བླ་མེད་རིམ་གཉིས་ཉམས་རྟོགས་འབྲས་སྨིན་མཛོད། 

དོན་ཡོད་བྱེད་ནུས་རང་དབང་ལྡན་དུས་འདིར། 

དོན་མེད་མི་ཚེ་སྟོང་ཟད་མ་བྱས་པར། 

དོན་གྱི་སྙིང་བོ་ཚེ་འདི་བློས་བཏང་ནས། 

དོན་ལྡན་ཆོས་ལ་ཉིན་མཚན་གཞོལ་ན་ལེགས། 

བསླབ་གསུམ་སྡོམ་པ་དམ་ཚིག་མིག་བཞིན་བསྲུང༌། 

སྒོ་གསུམ་སྤྱོད་པ་མཐའ་དག་ཆོས་དང་བསྟུན། 

དུས་གསུམ་དགེ་ཚོགས་མར་གྱུར་སེམས་ཅད་རྣམས། 

སྐུ་གསུམ་གོ་འཕང་ཐོབ་ཕྱིར་བསྔོ་སྨོནགྱིས །

དེ་ལྟར་འགའ་ལ་ཕན་སྙམ་དོན་ལྡན་གཏམ། 

གཏམ་སྙན་རྣམ་དཀར་དགེ་ལ་བསྐུལ་བའི་ཚིག  

ཚིགས་བཅད་མུ་ཏིག་དཀར་བོའི་དོ་ཤལ་འཕྲེང༌། 

འཕྲེང་མཛེས་སློབ་བུ་ཁྱོད་ཀྱི་མགུལ་དུ་ཕུལ། 

འདིས་མཚོན་དགེ་ཚོགས་ཡར་ངོའི་ཟླ་བ་ལྟར། 

དཀར་བའི་མཐུ་ལས་ལུས་ཅན་ཕན་བདེའི་གཞི 

ཐུབ་བསྟན་སྙིང་བོ་ཞྭ་སེར་འཆང་བའི་ལུགས། 

མི་ཉམས་ཆུ་གཏེར་བཞིན་དུ་རྒྱས་གྱུར་ཅིག 

ཅེས་བསླབ་བྱ་མུ་ཏིག་འཕྲེང་མཛེས་ཞེས་བྱ་བ་འདི་ནི་རང་གི་སློབ་བུའི་ངོར། གྱི་ན་བ་ཆོས་མེད་རྣམ་གཡེང་གི་ཁོལ་བོ་བདེ་ཐང་བ་བློ་བཟང་ཆོས་ཀྱི་ཉི་མ་འཕྲིན་ལས་རྒྱ་མཚོས་འཕྲལ་དུ་བྲིས་པའི་ཡི་གེ་བ་ནི་ཞབས་དྲུང་དཀོན་མཆོག་མཁྱེན་རབ་པོ། 

            (འདི་ནི་ཞལ་ཤུལ་རི་ཁྲོད་པས་ཞུས་ངོར་བདེ་ཐང་མཁན་པོ༧བློ་བཟང་ཆོས་ཀྱི་ཉི་མ་འཕྲིན་ལས་རྒྱ་མཚོས་མཚན་སྒྲོགས་དགོན་ནས་སྦྱར་བའོ། )


རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག  སྤེལ་དུས། 2013/5/24 བལྟ་ཀློག (2489)