༄༅། །རྗེས་དྲན་དད་པའི་ཨ་ལོང༌།

                                                                                                   བསམ་གཏན་རྒྱ་མཚོ།ཞལ་ཤུལ།

བློ་གྲོས་ཟབ་མོས་ཆོས་ཀུན་གཟིགས་པས་ཉམས་རྟོགས་འབུམ་གྱི་མཛོད་དུ་གྲུབ།།

བྱ་དཀའི་སྤྱོད་བཟང་རིང་ནས་གོམས་པས་ཐུགས་བསྐྱེད་བཙན་པོས་གོ་ཆ་བརྟན།།

ཚུལ་ཁྲིམས་གཙང་མའི་དྲི་བསུང་འཐུལ་བའི་སྐལ་ལྡན་ཡིད་ཀྱི་དང་བ་འདྲེན།།

གདུལ་བྱ་རྒྱ་མཚོའི་སྙིང་རྗེའི་མཐུ་ཡིས་སྐྱོང་མཛད་སྐྱབས་གཅིག་བླ་མ་དྲན།།

དང་བོར་རྒྱ་ཆེན་ཐོས་པ་འཚོལ་ཕྱིར་བཤེས་གཉེན་ཞབས་པད་ཚུལ་བཞིན་བསྟེན།།

བར་དུ་གཞུང་ལུགས་གདམས་པར་འཆར་ཕྱིར་རྒྱ་བོད་གཞུང་དོན་རིགས་པས་བཙལ།།

ཐ་མར་དབེན་པའི་རི་ཁྲོད་འགྲིམས་ཏེ་རྩེ་གཅིག་སྒྲུབ་པ་སྙིང་བོར་མཛད།།

ཀུན་ཀྱང་བསྟན་འགྲོའི་ཕན་བདེར་དགོངས་པའི་མགོན་པོ་གང་གི་རྣམ་ཐར་དྲན།།

བཟའ་བཏུང་གཉིད་ཀྱི་བདེ་ལ་མ་ཆགས་འཕགས་པའི་རིགས་བཞི་གྲོགས་སུ་བསྟེན།།

ལྟུང་བ་འབྱུང་བའི་སྒོ་བཞི་བཀག་ནས་སྡོམ་གསུམ་སྲོག་ལས་གཅེས་པར་སྲུང༌།།

ཐུན་མོང་ལམ་སྦྱང་སྔོན་དུ་སོང་བས་རིམ་གཉིས་ཟབ་མོའི་དངོས་གྲུབ་བརྙེས།།

མཁའ་སྤྱོད་དག་པའི་ཞིང་ལ་བཞུད་པའི་རྣལ་འབྱོར་དབང་ཕྱུག་སྙིང་ནས་དྲན།།

སྐལ་ལྡན་ཡིད་ཀྱི་རེ་བའི་བུང་བ་དབང་ལུང་ཟབ་ཆོས་སྦྲང་རྩིས་གསོས།།

སྡིག་སྤོང་དགེ་བའི་ཕྱོགས་ལ་བསྐུལ་བའི་བསླབ་བྱ་བདུད་རྩིའི་སྙིང་བཅུད་བསྩལ།།

དད་ལྡན་ནོར་རྫས་མཛོད་དུ་མ་སྦས་མཆོག་གསུམ་དམ་པའི་ཞིང་སར་བསྔོས།།

དགོན་གྲོང་དུ་མའི་ཆོས་སྲིད་ལུགས་གཉིས་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་དྲན།།

མགོན་པོ་ཁྱོད་ཀྱི་གསང་གསུམ་མཛད་པས་སྒྱུ་འཕྲུལ་རོལ་གར་མཐའ་ཡས་ཤིང༌།།

ཆུ་བུར་མིག་གི་ལམ་དུ་སྣང་བའི་མཛེས་སྐུའི་ཉིན་བྱེད་ཟུམ་པའི་དུས།།

ཤུལ་དུ་ལུས་པའི་དད་ལྡན་གདུལ་བྱའི་གདུང་འབོད་ངག་གི་སྒྲ་དབྱངས་འདིར།།

གསན་པར་མཛོད་ལ་རེ་བའི་འདོད་གསོལ་དོན་ལྡན་གྱིས་ཤིག་སྙིང་རྗེའི་བདག།

སྟོན་མཇུག་སྡོང་ལོ་ཐོལ་གྱིས་ཟགས་དུས་མགོན་ཁྱོད་བཞུད་པའི་ངང་ཚུལ་དྲན།།

དགུན་གསུམ་གྲང་བས་ལུས་སེམས་གདུང་དུས་ཁྱོད་ཀྱི་བྱམས་བརྩེའི་དྲོད་ཁོལ་དྲན།།

དཔྱིད་གསུམ་ཁུ་ལོས་གསུང་སྙན་ཐོས་དུས་ཁྱོད་ཀྱི་གནང་བའི་བསླབ་བྱ་དྲན།།

དབྱར་གསུམ་སྦྲང་ཆར་ཟིམ་ཟིམ་འཇོ་དུས་ཁྱོད་ཀྱི་ཟབ་རྒྱས་དབང་ལུང་དྲན།།

ཉིན་བྱེད་དབང་བོའི་གཟི་བྱིན་མཐོང་དུས་མགོན་པོ་ཁྱོད་ཀྱི་འཕྲིན་ལས་དྲན།།

ཉ་གང་ཟླ་བའི་མཛེས་ཞལ་མཐོང་དུས་ཁྱོད་ཀྱི་ལྷག་བསམ་རང་མདངས་དྲན།།

ཉིན་མཚན་གཉིས་དང་དུས་ཚིགས་རེ་རེ་དྲན་སྐུལ་བྱེད་པའི་ཅོང་བརྡ་སྟེ།།

མདོར་ན་དག་པའི་ཞིང་ཁམས་གང་ནས་སླར་ཡང་བྱོན་པའི་གདུང་འབོད་ཞུ།།

ཞེས་སྐྱབས་གཅིག་བླ་མ༧རྗེ་བཙུན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དཔལ་བཟང་བོ་སྐུ་ཞི་དབྱིངས་སུ་གཟིམས་པའི་རྗེས་དྲན་དུ།དམ་པ་གང་གི་བུ་སློབ་ཀྱི་གྲལ་མཐའ་བ་བསམ་གཏན་རྒྱ་མཚོས་བྲིས།

                                                                                                                                              ༡༠༡༠ལོའི་རིག་གནས་ཡར་སྤེལ་ལས་བཤུས།


རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག  སྤེལ་དུས། 2013/5/27 བལྟ་ཀློག (1655)