༄༅། །སྨོན་ཚིག་པདྨ་དཀར་བོའི་ཕྲེང་བ།

                                                                              ཧོར་གཙང་སྨོན་ལམ།བླ་བྲང༌།

སྐྱབས་གཅིག་མགོན་པོ་གང་གི་སྐུ་གསུང་ཐུགས།།

དག་པ་བདེ་ཆེན་ཞིང་གི་དཔུང་གཉེན་དེ།།

མ་དག་འགྲོ་བའི་ཁམས་སུ་ཆིབས་བསྒྱུར་བ།།

ལྷར་བཅས་འགྲོ་བ་ཀུན་གྱིས་བསྔགས་བྱའི་ཡུལ།།

གཟུགས་སྐུའི་ངོ་བོ་མངོན་པར་ཤར་བའི་དུས།།

འཕྲིན་ལས་རྟ་བདུན་དབང་བོའི་ཟེར་མ་འབུམ།།

གནམ་ས་བླ་འོག་མེད་པར་སྨིན་པའི་བཅུད།།

ཆད་མེད་དལ་འགྲོའི་རྒྱུན་བཞིན་ཕྱོགས་ཀྱི་བྲིན།།

ས་ལམ་མངོན་པར་རྫོགས་པའི་ཐུགས་བསྐྱེད་ཀྱིས།།

ལས་ངན་འཁོར་བའི་གནས་རྣམས་སྐྱོབ་པའི་སླད།།

ས་སྒང་རྩེ་མོའི་མི་རུ་རྫུས་རྒྱུར་བ།།

ཤཱཀྱའི་ཏོག་གི་བཀའ་ལུང་ཁུར་དུ་བཏེགས།།

རྒྱལ་བའི་བསྟན་པ་འཛིན་པའི་སྐྱེས་བུའི་མཆོག།

མ་སད་རྨོངས་པའི་ཚང་ལ་དཀྲོགས་པའི་བུ།།

མ་རིག་རྩ་བ་སློག་པའི་ཡེ་ཤེས་སྤྱན།།

རིང་དུ་ཐོབ་པའི་དམ་པའི་ཡོན་ཏན་རྨད།།

བསླབ་པ་གསུམ་གྱི་ཉམས་ལེན་གཡུར་ཟ་ཞིང༌།།

སྡེ་སྣོད་གསུམ་གྱི་འབྲས་བུའི་རྒྱུད་གཏམས་པའི།།

ལུང་རིགས་སྨྲ་བའི་ཁྱུ་མཆོག་དམ་པ་ཡིས།།

འདི་ཕྱི་གཡེལ་བ་མེད་པར་རྗེས་སུ་ཟུངས།།

བྱམས་དང་བརྩེ་བ་ཆེན་པོའི་བདག་པོ་ཉིད།།

དག་པའི་ཞིང་ཁམས་གང་ན་བཞུགས་ཀྱང་རུང༌།།

ལུས་སེམས་ཉོན་མོངས་དབང་གིས་བཟི་བའི་ཡུལ།།

གཅེས་པར་སྐྱོངས་ཤིག་རྒྱལ་བ་སེམས་དཔའི་སྲས།།

སྐྱབས་ཀྱི་དམ་པ་མེད་པའི་སའི་ཐིག་ལེར།།

ཞབས་ཀྱི་པདྨོ་མི་རིང་བསྒྱུར་བར་འཚལ།།

དད་ལྡན་ཁྲི་ཕྲག་མང་བོའི་རེ་བའི་མིག།

རྒྱང་དུ་ཅེར་ནས་ཁྱེད་ལ་སྒུག་ཅིང་མཆིས།།

གདུང་བ་དྲག་པོའི་སྨྲེ་ངག་ཀུན་ཏུ་འཐེན།།

སྐྱོ་བ་ལྕི་མོའི་ལུས་སེམས་ཀུན་ཏུ་འཁུམ།།

དངངས་པ་བཙན་པོའི་འཁུན་སྒྲ་ཀུན་ཏུ་འཕྱོ།།

གདུལ་བྱའི་དོན་དུ་མ་འགྱངས་མྱུར་དུ་བྱོན།།

                                                                          ༢༠༡༠ལོའི་རིག་གནས་ཡར་སྤེལ་ལས་བཤུས། 


རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག  སྤེལ་དུས། 2013/5/27 བལྟ་ཀློག (1907)