༄༅། །དྲན་གདུང་ན་བུན་ཁྲོད་ཀྱི་མིག་ཆུ།

                                                                                  ཧོར་གཙང་བློ་བཟང་དགེ་འདུན།ནང་བསྟན་སློབ་གྲྭ

འཁོར་བ་མེ་ཡི་འོབས་ལྟར་མཐོང་ནས་ངུར་སྨྲིག་གར་གྱི་རྣམ་པར་རོལ།།

བསླུ་མེད་ཚད་མའི་གཞུང་ལ་བསླབས་པས་རིག་པའི་གསང་ཚིག་ངང་གིས་གྲོལ།།

ལོག་པར་བལྟ་བའི་སྲིན་བྱའི་གཤོག་རླབས་སྐད་ཅིག་ཉིད་ལ་སྐུམ་པར་བྱས།།

ཆོས་བརྒྱད་མགོ་བོ་རྩ་ནས་བཅོམས་པའི་ཤཱི་ལའི་མཚན་ཅན་རྒྱལ་གྱུར་ཅིག།

ཟང་ཟིང་སྲིད་པའི་འདུ་འཛི་སྤངས་ནས་དབེན་པའི་རི་ལ་གནས་སུ་བཅས།།

མི་ཚེའི་འདུན་མ་ཆོས་ལ་བཅོལ་ཏེ་ཆུ་རྐྱང་རྩམ་རྐྱང་གྲོགས་སུ་བསྟེན།།

བྱམས་དང་སྙིང་རྗེ་རྒྱུད་ལ་འཁྲུངས་པས་བྱ་དང་རི་དྭགས་འཁོར་དུ་འདུས།།

བདག་ལས་གཞན་རྣམས་རྗེས་སུ་འཛིན་པའི་ཐེག་པ་ཆེན་པོའི་སེམས་ཀྱིས་ཟིན།།

བདེན་པར་མ་གྲུབ་སྟོང་ཉིད་སྒོམ་པས་སྲིད་ཞིའི་གདུང་བ་མཐའ་རུ་སྤྲད།།

སྟོབས་བཅུ་མངའ་བའི་ཞིང་སར་བགྲོད་པའི་གཞི་ལམ་འབྲས་བུའི་རྣམ་བཞག་མཁྱེན།།

ཉིན་མཚན་དབྱེར་མེད་སྒོམ་སྒྲུབ་བྱས་པས་ལྟ་སྤྱོད་གཙང་མའི་གྲུབ་པ་བརྙེས།།

མི་ལ་རས་པའི་རྣམ་ཐར་གཙང་མ་སླར་ཡང་མདོ་སྨད་ཡུལ་དུ་བསྐྱངས།།

གངས་གཡག་དར་མའི་རྔ་རྩུད་གཅེས་གཅེས་དམ་ཚིག་ཤེལ་གྱི་སྒོང་ང་བསྲུངས།།

ཀུན་གསལ་སྒེག་མོའི་རྣ་རྒྱན་ཇི་བཞིན་མི་ཤེས་ལོང་བར་ལམ་སྲོལ་བསྟན།།

ཆོས་དང་སྲིད་ཀྱིས་ཕོངས་པ་དག་ལ་གང་འདོད་སྩོལ་བའི་ལྷ་གཅིག་ཉིད།།

རྗེ་བཙུན་ཚུལ་ཁྲིམས་རྒྱ་མཚོ་མཆོག་ཉིད་སྙིང་གི་དཀྱིལ་དུ་ཡང་ཡང་འཁོར།།

ལྷ་ཁང་འདུ་ཁང་རྡུལ་དུ་བསྲེས་པ་བསྐྱར་དུ་བཞེངས་མཁན་ཁྱེད་རང་སྟེ།།

རླུང་འཚུབ་ཁྲོད་ཀྱི་མར་མེ་རྐང་གཅིག་པང་དུ་རྒུམ་མཁན་ཁྱེད་རང་ཡིན།།

སྔོན་བྱོན་དམ་པའི་ལུང་གིས་ཟིན་པའི་ཚད་མའི་སྐྱེས་བུའང་ཁྱོད་ཉིད་ཕྱིར།།

དམ་པ་གང་གི་གདུལ་བྱར་ལྷག་པ་བསམ་བཞིན་སྐྱོང་བའི་མགོན་དུ་བྱོན།།

དུས་ངན་སྙིགས་མའི་འགྲོ་བ་ཀུན་གྱི་བསོད་ནམས་ཡོལ་གོ་ཆུང་དྲགས་པས།།

དམ་པ་གང་གི་གདུལ་བྱ་རྫོགས་ནས་དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས།།

གང་གི་ཞབས་ཀྱི་པདྨོ་ཟིན་པའི་ངེད་ཅག་རྗེས་འཇུག་སློབ་མ་ཚོས།།

ཤུགས་དྲག་གདུང་བའི་སྨྲེ་ངག་གཅིག་གིས་ཀུན་གྱི་གདོང་བ་བརླན་པར་བྱས།།

ཐོག་མ་ཉིད་ནས་མ་རིག་དབང་གིས་ངེད་ཅག་སོ་སོའི་སྐྱེ་བོ་ཀུན།།

སྲིད་པའི་རྩེ་ནས་མནར་མེད་བར་དུ་ཟོ་ཆུན་འཕྱན་ལྟར་འཁོར་ལགས་པས།།

ལག་ཟུང་སྙིང་གི་དཀྱིལ་དུ་ཟུམ་ནས་ལན་བརྒྱར་གསོལ་བ་བཏབ་གྱུར་ན།།

སྐྱབས་མེད་དྭ་ཕྲུག་དག་གི་མགོན་དུ་སླར་ཡང་མྱུར་དུ་འབྱོན་པར་ཤོག།

ཡིན་དང་ཡོད་ལ་མེད་དང་སྨྲས་ནས་སྐུར་འདེབས་བྱས་པ་མ་ཡིན་ལ།།

མིན་དང་མེད་ལ་ཡོད་པར་བསྙད་དེ་སྒྲོ་འདོགས་བྱས་པ་དེ་ལས་མིན།།

དམ་པ་གང་གི་མཛད་རྣམ་ཀློང་ནས་སྐྲ་རྩེར་བླང་བའི་ཆུ་ཐིགས་ཙམ།།

རྫུན་དང་གཡོ་ཡི་རྫུ་ལྤགས་ཕུད་ནས་ཅུང་ཟད་བྲི་བར་རངས་པའོ།།

                                                                                                  ༢༠༡༠ལོའི་རིག་གནས་ཡར་སྤེལ་ལས་བཤུས། 


རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག  སྤེལ་དུས། 2013/5/27 བལྟ་ཀློག (1585)