༄༅། །ཡང་མཆོད་མེ་ཞིག་འདི་ལྟར་གཟིམས་སོང༌།

                                                                                                  གཉན་བུ ཧོར་གཙང་ཙག་ཙག

སྐར་མདའ་བཞིན་ལྷུང་ཡོང་བའི་ཁ་པར་ནང་གི་གཏམ་ངན་འདི།

མེ་མདའ་ཞིག་སྙིང་ལ་ཕོག་པ་འདྲ་བའི་ཚོར་བ་འདི།

ངས་རང་གི་མཆིལ་མ་བཞིན་ལྐོག་མིད་མི་བྱེད་རང་བྱེད་ཡིན།

ཁ་ཆར་དང་རླུང་འཚུབ་ཁྲོད་ཨུ་ཚུགས་ཀྱིས་འགྲེང་བའི་མཆོད་མེ་ཞིག

འགག་འཕྲང་བརྟོལ་ནས་རྒྱ་མཚོར་སྙེག་པའི་རླབས་ཕྲེང་ཇི་བཞིན།

ཁྱེད་ཀྱི་མངར་ལ་སྐྱུར་བའི་ལོ་ངོ་དགུ་བཅུ་ཞབས་ཀྱིས་བཅགས་མྱོང་ཨང༌།

མུན་པ་ཆེས་མཐུག་ས་ནས་ཁྱེད་རང་འོད་ལམ་ལམ་དུ་འཚེར་མྱོང་ཟེར།

ཙག་ཙག་དགོན་པའི་མིང་སྣེ་ལ་མེ་ཁ་གསོས་པའི་འོད་མདངས་དེ།

ད་ལྟ། ད་དུང་ཡང་ངའི་སེམས་ཀྱི་མཆོད་སྟེགས་ན་འབར་གྱིན་འདུག

མིག་ཟུང་སྣ་རྩེར་གཏད་པའི་བཞུགས་སྟངས་ཤིག་ཁྱེད་ལ་གོམས་ཡོད།

མུན་པ་ཁད་ཀྱིས་གཤགས་པའི་བསྒོམ་ཚུལ་ཞིག་ཁྱེད་ལ་ལོབ་ཡོད།

མཚན་གཞུང་ན རླུང་ནང་ན།

གསེར་རྐོང་ནང་ན་ཁེར་རྐྱང་དུ་འབར་བའི་མཆོད་མེ་དེ་ཁྱེད་ཡིན་ནམ།

མིག་ཆུས་བརླན་པའི་འཇིག་རྟེན་འདིར་ཞེན་ཆགས་ཅི་ཡང་མེད།

སེམས་ཅན་དམིགས་རྩེ་རུ་དྲངས་ནས་ཁྱེར་ཚུལ་དེ་ཁྱེད་ཀྱི་ཞེན་ཆགས་ཡིན།

ཉི་འོད་ལ་འཇུས་ནས་ཆོས་དབྱིངས་སུ་འཐིམ་ཚུལ་དེ་ཁྱེད་ཀྱི་མཛད་པ་མིན།

འཇིག་རྟེན་ཤེལ་དུམ་བཞིན་བཅག་ནས་གཤེགས་ཚུལ་དེ་ཁྱེད་ཀྱི་མཛད་པ་ཡིན།

སྐར་མདའ་བཞིན་ལྷུང་ཡོང་བའི་ཁ་པར་ནང་གི་གཏམ་ངན་འདི།

མེ་མདའ་ཞིག་སྙིང་ལ་ཕོག་སོང་བ་འདྲ་བའི་ཚོར་བ་འདི།

ངས་རང་གི་མཆིལ་མ་བཞིན་ལྐོག་མིད་མི་བྱེད་རང་བྱེད་ཡིན།

༢༠༡༠/༡༠/༢༧ཉིན།

                                    ༢༠༡༠ལོའི་རིག་གནས་ཡར་སྤེལ་ལས་བཤུས། 


རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག  སྤེལ་དུས། 2013/5/27 བལྟ་ཀློག (2267)