ལོ་སར་གྱི་སྣང་བ།

                                                                                  ཆོས་ཤུལ་གསང་བདག

ཁ་བ་མ་བབ་པའི་དེ་རིང

ཝུ་ཆང་དམ་བུ་གང་བོ

ལོ་སྔོན་མ་དག་གི་ཁ་བའི་དོད

ཡུལ་མི་ཚོར་ཕུལ་ཆོག་པར་ཞུ

ཤོག་བུ་དཀར་གཙང་གཙང་ངོས

ནག་ནོག་གིས་བྱུགས་པའི་སྐད་ཆ་དུམ་བུ

རླུང་འཚུབ་ཀྱིས་དེད་པའི་ལོ་སར་འདི

འུ་ཚང་གིས་མགོ་བོ་ཕུར་ཕུར་བྱེད་སའི་བྲག་ཕུགས་ཤིག་གམ

ལག་པས་བྱིལ་བྱིལ་བྱེད་ཆོག་པའི་མལ་ས་དེ་ཡིན་ནམ

 

རང་རང་གིས་གནས་མལ་རེ་བཟུང་བར

བདེ་སྐྱིད་དུ་རློམ་པའི་མི་ཚོགས

ཁ་བ   སྨག་ནག    མཚན་མོ

དུས་ཚོད་ཀྱི་གཡང་སར་ལ་ལྷུང་དུས

ལག་པ་འདི་དག

དོགས་ཟོན་གྱི་ངང་དུ་ལུས་འདུག

 

གནམ་ས་སྒུལ་བའི་ཀུ་ཅོ

ས་ཁྲ་ཏིལ་འབྲུ་ཙམ་པོར་གནས་བཅའ་དུས

བདག་ལག་པ་འཇུ་ཆོག་པའི་ཆོན་ཐག་ཅིག

གང་ནས་འཚོལ་ཆོག   གང་དུ་འཇུ་ཆོག

                                                            ༢༠༠༩ལོའི་ཟླ༡པོའི་ཚེས༢༦ཉིན་བྲིས།


རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག  སྤེལ་དུས། 2013/5/28 བལྟ་ཀློག (1678)