ང་ཡི་ཤར་རླུང་།༼ཁག་དང་པོ། ༽

                                                                                           ཞགས་ཐག     ཆིན་ཏོ                               

 ཐོག་མར་རང་བྱུང་ཁམས་བསྟོད་དོ

ང་ནི་ཁྱོད་ཀྱིས་པང་ཁུག་ན་ཡོད་པའི་ཕྱིར

 

གཙང་བོའི་རླབས་སྒྲས་མི་སེམས་བསྒུལ་ཡོང

ད་ནི་ཡུལ་ཕྱོགས་འདི་ནས་ལམ་ལ་ཆས་རན

ཁྱོད་ཚོས་ང་རང་འཇིམ་པར་ནོར་འདུག

འོན་ཀྱང་ངའི་རང་ཉིད་སུ་ཡིན་མི་ཤེས་མོད

གང་ལྟརངས་ཀྱང་ཉི་མ་ལྟ་བའིཟླ་བ་ལྟ་བའི

སྐར་མ་ལྟ་བའིའོད་སྣང་ཉག་ཙམ་ཡང་འཚོལ་བར་བྲེལ་ཡོད

 

ད་ནི་མེས་པོ་བསྟོད་དོ

ཁྱོད་ཀྱིས་ང་རང་གོས་ཐུམ་ནང་བཏུམས་ཡོད་པའི་རྐྱེན

                                                                                                                         

ཆུང་དུས་ནས་འཁྱགས་མ་དགོས་ལ

གཞན་གྱིས་མདུན་ནས་འདར་སིག་རྒྱག་མ་དགོས

ང་རང་བཟི་ཡོད་དུས

དྲན་ཡོང་བ་ནི་ཆང་ཕོར་ཁོ་ན་མ་ཡིན་པར

འཕུར་ལ་ཁད་ཀྱིས་ལྷན་ཐབས་མཐུག་པོ་དེ་ཡིན

ང་རང་གཉིད་ཡོད་དུས་རྨིས་ཡོང་བ་ནི

ཆུང་འདྲིས་ཁོ་ན་མ་ཡིན་པར

མེ་ལོང་མདུན་ན་ཤི་བའི་མི་རོ་དག་ཡིན

 

མཇུག་མཐར་ཕ་མ་བསྟོད་དོ

ཁྱོད་ཀྱིས་ང་ལ་གནང་བ་མང་སོང་བའི་རྐྱེན

 

ཆུང་དུས་ནས་ང་རང་སྒོར་སྒོར་དུ་བཏང་དེ

མི་ཚོགས་ཞེས་པའི་གྲོང་ཁྱེར་འདིའི་དཀྱིལ་ལ་བཞག་ཡོད

སེམས་པ་བརྣལ་དུ་ཕབ་ནས་ཕྱིར་འདང་བརྒྱབ་ན

ཆུང་འདྲིས་བསླབ་ཡོང་བ་དག

ད་ནི་ངོམ་སོ་བྱེད་པའི་དུས་ལ་བབས་འདུག

 

མདོར་ན

རུས་རྐང་ནས་བཙུར་ཡོང་བ་ཐམས་ཅད

ད་ནི་ཁྱོད་ཚོའི་ཁ་ཟས་སུ་འབུལ་ལོ

ངས་ཀྱང་འདི་ལྟར་རྨི་ལམ་ཞིག་རྨིས་ཚར་རྗེས

ཡང་བསྐྱར་ཁྱོད་ཀྱིས་པང་ཁུག་ནས་ཉལ་འདོད


རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག  སྤེལ་དུས། 2013/5/30 བལྟ་ཀློག (1405)