༄༅། །རྗེས་དྲན་བྱིས་པའི་གདུང་འབོད།

                                                                         བླ་དཀོན། ཞལ་ཤུལ

ཚུལ་ཁྲིམས་རྣམ་པར་དག་པའི་ཞིང་ས་རུ།།

རླབས་ཆེན་རྒྱལ་སྲས་སྤྱོད་པའི་ཁུར་འདེགས་པ།།

སྙིགས་དུས་འགྲོ་བ་ཡོངས་ཀྱི་གཉེན་གཅིག་པུ།།

བློ་བཟང་ཚུལ་ཁྲིམས་རྒྱ་མཚོར་སྙིང་ནས་འདུད།།

ངེས་དོན་ཕན་བདེའི་གཏེར་ཆེན་མགོན་ཁྱོད་ཀྱི།།

ཞལ་ཁྱིམ་ཉི་མའི་དཀྱིལ་འཁོར་རྒྱས་པའི་དུས།།

སྐལ་ལྡན་གདུལ་བྱའི་པད་ཚལ་ལེགས་མཛེས་ཤིང༌།།

ཞིང་འདིའི་བདེ་སྐྱིད་རྫོགས་ལྡན་དཔལ་ལ་འགྲན།།

འོན་ཀྱང་སྙིགས་དུས་བསོད་ནམས་མཐུ་དམན་པའི།།

མ་དག་འགྲོ་བའི་ཆུ་བུར་མིག་ལམ་ནས།།

མགོན་ཁྱོད་གློ་བུར་ཞིང་གཞན་ཕེབས་པའི་ཚུལ།།

མཐོང་བའི་མོད་ལ་མྱ་ངན་ཤུགས་ཀྱིས་མནར།།

དད་ལྡན་སློབ་བུའི་བདེ་སྐྱིད་མེ་ཏོག་ཚལ།།

གྱེས་བྲལ་ཆར་རླུང་དྲག་པོས་བཅོམ་དང་ལྷན།།

ངུ་འབོད་མྱ་ངན་སྟོང་གི་ཀློང་ཡངས་ནས།།

ཞིང་འདིར་སླར་ཡང་འབྱོར་ལ་རེ་ཞིང་སྒུག།

མགོན་ཁྱོད་ཞི་བའི་དབྱིངས་སུ་གཤེགས་ཤུལ་ན།།

རང་རིགས་རང་ལ་རྒོལ་བའི་གདུག་རྩུབ་སོགས།།

མི་འདོད་སྡུག་བསྔལ་རྐྱེན་གྱིས་གཙེས་པ་མང༌།།

སྡུག་བསྔལ་གཡང་ལས་སྐྱོབས་ཤིག་དྲིན་ཅན་རྗེ།།

འགྲོས་ལྡན་རྟ་ཕོ་སྲབ་ཀྱིས་བསྒྱུར་མཁས་པ།།

ཀླད་མེད་སྐྱེ་བོ་འགའ་ཡིས་ཀི་སྒྲ་ལྷང༌།།

དད་ལྡན་ཁྲི་མ་འབུམ་གྱི་སེམས་ལ་གཟན།།

ཀྱེ་མ་མགོན་པོ་ཁྱེད་སྐུ་སྙིང་ནས་དྲན།།

བློ་བཟང་རྒྱལ་བསྟན་འཛིན་པའི་ཆོས་སྡེ་འདིར།།

ལམ་བཟང་བསླབ་པ་གསུམ་གྱི་ཉམས་ལེན་དང༌།།

ལུང་ཆོས་སྡེ་སྣོད་གསུམ་གྱི་འཆད་ཉན་སོགས།།

མདོ་སྔགས་བསྟན་པ་དར་བ་ཁྱེད་ཀྱི་དྲིན།།

ཁྱད་པར་མཁྱེན་བརྩེ་ཆུ་འཛིན་འཁྲིགས་པ་ལས།།

དབང་ལུང་གདམས་ངག་དངོས་གྲུབ་ནོར་བུའི་ཆར།།

ཅི་འདོད་སྩོལ་བའི་བཀའ་དྲིན་སྐྱོངས་པའི་ཚུལ།།

དྲན་ཚེ་དགེ་བའི་བཤེས་ཁྱོད་ལྷག་ཏུ་དྲན།།

མགོན་ཁྱོད་རིང་ནས་ས་བཅུའི་མཐར་སོན་ཅིང༌།།

བདག་འདྲའི་རྟག་འཛིན་ཅན་རྣམས་སྒྲོལ་སླད་དུ།།

རེ་ཞིག་གཟུགས་སྐུ་བསྡུས་པའི་ཚུལ་བསྟན་ཡང༌།།

བདག་ཅག་ཚེ་རབས་ཀུན་ཏུ་རྗེས་འཛིན་མཛོད།།

                                                                                                             ༢༠༡༠ལོའི་རིག་གནས་ཡར་སྤེལ་ལས།


རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག  སྤེལ་དུས། 2013/5/31 བལྟ་ཀློག (1921)